མགུར་མོ།

སྒྲོལ་མ་ཚེ་མཚོས་བསྡུས། །        2011-09-14

མ་རྩ་འགུ་བ་དངུལ་རེད། །
ཕྲ་ཁང་རིན་ཆེན་གསེར་རེད། །
རྡུང་མི་མགར་བ་གཅིག་རེད། །
གོན་རེས་བྱས་ན་ལོས་ཆོག །
 
ལྕང་མ་བཙུགས་ནི་ཡོད་རེད། །
རི་རྒྱལ་རྩེ་ལ་བཙུགས་ཡོད། །
ལས་འབྲས་ཡོད་པའི་ལྕང་མ། །
རི་རྒྱལ་རྩེ་ལ་སྐྱེས་བྱུང་། །
 
ལྕང་མ་བཙུགས་ནི་བཙུགས་ནི་བཙུགས་ཡོད། །
ཆུ་གཉིས་བར་ལ་བཙུགས་ཡོད། །
ལས་འབྲས་མེད་པའི་ལྕང་མ། །
ཆུ་གཉིས་བར་ལ་སྐམ་སོང་། །
 
ཆུང་འདྲེས་ཆུང་མ་ཟེར། །
ཆུང་ལ་འདྲེས་རྒྱུ་མ་བྱུང་། །
བྱམས་པ་བྱམས་པ་མ་ཟེར། །
ལུས་ལ་བྱམས་རྒྱུ་མ་བྱུང་། །
 
ཁྱོད་རང་མར་གཅིག་ཁུར་ཡོང་། །
བསམ་པ་ཨེ་མཐུན་མི་མཐུན། །
དཀྲུག་པའི་ཇ་ལ་བལྟས་ཆོག །
 
ནམ་མཁར་སྐར་མས་གང་བྱུང་། །
སྨིན་དྲུག་འདྲ་ལེ་མི་འདུག །
རྒྱ་གྲོང་མི་ཡིས་གང་བྱུང་། །
བྱམས་པ་འདྲ་ལེ་མི་འདུག །
 
ཕ་རིའི་སྤང་གི་སྟེང་ལ། །
ར་མ་ལུག་གིས་གང་བྱུང་། །
སྤྱང་གི་གཅིག་རྒྱུག་གཉིས་རྒྱུག །
མ་མོ་ལུག་དེ་གཏོར་ཐལ། །
  • ལེ་ཚན་སྔོན་མ།:ཁྱེད་ཀྱི་རྡོ་རྗེའི་གླུ་ལ་ཕན་པ་ཅི་ཡོད་ཅེས་སྨྲས་པའི་ལན་དུ་བླངས་པ།
  • ལེ་ཚན་རྗེས་མ།:མགུར་མོ།