འབའ་ཐང་གི་ལྷ་མོ་ཚོགས་པ་སྟེ་རྒྱང་མཁར་རའི་ལོ་རྒྱུས་མདོར་བསྡུས།

        2011-08-25

བོད་དུ་སྐད་གྲགས་ཆེ་བའི་ཟློས་གར་ཨ་ཅེ་ལྷ་མོ་ནི་དུས་རབས་བཅུ་བཞི་པར་བཀའ་བརྒྱུད་གྲུང་མཐའི་མཚན་སྙན་ཆེ་བའི་གྲུང་ཆེན་ཐང་སྟོང་རྒྱལ་པོས་བོད་ས་གནས་ཀྱི་འགྲིམ་འགྲུལ་མི་བདེ་བའི་དཀའ་ངལ་སེལ་ཆེད་ལྕགས་ཟམ་ཁག་བཅུ་ལྷག་ཙམ་གསར་སྐྲུན་གནང་བར་བཞེད་ནས་དེའི་རྒྱུ་ཆས་ལྕགས་དང་འགྲོ་གྲོན་སོགས་སྒྲུབ་པའི་ཆེད་དུ་ལྷོ་ཁའི་བུ་མོ་སྤུན་བདུན་ནང་གཉིས་ལ་རྔོན་པ་འཆམ་མཁན་དང་བཞི་ལ་ལྷ་མོ་འཁྲབ་མཁན།གཅིག་ལ་རོལ་མོ་དཀྲོལ་མཁན་བཅས་བྱས་བཅུག་པ་དང་གྲུབ་ཐོབ་རང་ཉིད་ཀྱིས་རྔ་བརྡུང་མཁན་མཛད་དེ་ལྷ་མོའི་ཚོགས་པ་དང་པོ་དེ་བཙུགས།དེ་ནས་ལྷ་མོ་ཚོགས་པ་རིམ་བཞིན་མང་དུ་སོང་ནས་དུས་རབས་བཅོ་བརྒྱད་པ་ཡས་མས་སུ་སླེབས་སྐབས་བོད་དུ་སྐད་གྲགས་ཆེ་བའི་ལྷ་མོའི་ཚོགས་པ་སྐྱོར་མོ་ལུང་དང་རྒྱང་མཁར་བ།ཤངས་པ།གཅུང་པ།འབྲི་གུང་པ་བཅས་བྱུང་། འབའ་ཐང་གི་ལྷ་མོ་ཚོགས་པ་རྒྱང་མཁར་ར་ནི་རྒྱང་མཁར་བ་ནས་རྒྱུད་སྤེལ་བྱུང་བ།1659ལོར།རྒྱལ་དབང་སྐུ་ཕྲེང་ལྔ་པས་དེ་མོ་སྤྲུལ་སྐུ་ངག་དབང་དགེ་ལེགས་འབའ་ཐང་དུ་མངགས་ཏེ་འབྲས་སྤུངས་དགོན་གྱི་བློ་གསལ་གླིང་གི་དཔེ་ལྟར་འབའ་ཆོས་སྡེ་དགོན་ཕན་བདེ་གླིང་གི་འདུ་ཁང་བཞེངས་བཅུག་པ།
 དུ་ཁང་བཞེངས་གྲུབ་ནས་རབ་གནས་དགའ་སྟོན་བྱེད་སྐབས།
འབའ་ཆོས་སྡེ་དགོན་གྱི་གཙོ་བདག་འབའ་ལྰ་ཁ་བླ་མ་སྐུ་ཕྲེང་བཅུ་བཞི་པ་མགོན་དཀར་བློ་བཟང་ཆོས་གྲུབ་ཀྱིས་བོད་ནས་གདན་པའི་ལྷ་མོ་ཚོགས་པའི་མཁས་ཆེན་ཆོས་འགྱུར་ལགས་ཀྱི་ཁྲིད་སྟོན་འོག  གྲྭ་བ་འགའ་ཞིག་གིས《རྒྱང་མཁར་ར》དང་《བཀྲ་ཤིས་ཞི་བ》སོགས་ཟློས་གར་འཁྲབ་པ་རེད།དེ་ནས་བཟུང་།བོད་ཀྱི་ཟློས་གར་དེ་འབའ་ཐང་དུ་ཟམ་མི་ཆད་པར་གོང་འཕེལ་བྱུང་བ་དང་ཆབས་ཅིག་རིམ་བཞིན་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་འབའ་ཐང་གི་རྒྱང་མཁར་ར་ཞེས་པ་དེ་ཆགས་དེ་ད་ལྟའི་བར་དུ་ལོ་ངོ་སུམ་བརྒྱ་ལྔ་བཅུ་ལྷག་གི་ལོ་རྒྱུས་ཡོད་པས།རང་སྐྱོང་ཁུལ་ལ་བཤད་ན་ལོ་རྒྱུས་སྔར་ཤོས་ཡིན།
འབའ་ཐང་གི་རྒྱང་མཁར་དང་ཐོག་འཛུགས་མཁན་དགོན་པ་ཡིན་ཞིང་འཛུགས་པའི་དམིགས་ཡུལ་ནི་དགོན་པ་རང་གི་དབྱར་ཟླ་གསུམ་སྟེ་དབྱར་གནས་ཀྱི་དུས་སུ་དགེ་འདུན་པ་ཚོར་འཆམ་མོ་རྒྱག་རྒྱུ་དེ་ཡིན།རིག་གནས་ཀྱི་འཚོ་བ་ཧ་ཅང་དཀོན་པའི་གནའ་དུས།འཆམ་མོ་དེ་འདྲ་རྒྱག་པར་དགོན་སྡེ་མ་ཚད་ཡུལ་པས་ཀྱང་དགའ་པོ་ཆེན་པོ་བྱེད་པ་རེད།དེ་ནས་རིམ་བཞིན་གོང་འཕེལ་འགྲོ་ནས་དགེ་འདུན་མ་ཚད།དངོས་ཟོག་བརྗེ་རེས་སོགས་འདུག་པའི་ད་ལྟའི་གཞི་ཁྱོན་ཆགས།འཁྲབ་ས་དང་འཆམ་ཡུལ་གཙོ་བོ་ནི་འབའ་ལྷོ་ཕྱོགས་ཀྱི་ན་ཆུང་སྟེང་ཡིན།ལྷ་མོ་ཚོགས་པའང་དམངས་ཁྲོད་ཀྱི་ཚོགས་པར་གྱུར།འབའ་སྐད་དུ་དབྱར་གནས་དུས་སུ་འཆམ་མོ་རྒྱག་པ་དེ་རིམ་བཞིན་བསྡུས་ནས་“དབྱར་གནས་འཆམ”ཞེས་པའང“དབྱར་གནས་དུས་ཆེན”ཞེས་པར་ཆགས་པ་རེད།
བོད་ཀྱི་ཟློས་གར་ལ་གར་སྟེགས་ཐོག་འཁྲབ་པ་དང་ཐང་ལ་འཁྲབ་པ་རིགས་གཉིས་ཡོད།འབའ་ཐང་གི་ལྷ་མོ་ཟློས་གར་ནི་ཐང་ལ་འཁྲབ་པ་དེ་གཙོ་བོ་ཡིན།བོད་ཀྱི་ཟློས་གར་འཁྲབ་པར་འཛོམས་དགོས་པའི་ཡན་ལག་ལྔ་སྟེ།མདོ་འཛིན་པ་དང་རོལ་མོ་བ།ཆས་སུ་ཞུགས་པ།བཞད་གད་པ།ཟློས་གར་བ་བཅས་ཆ་ཚང་ཡོད།མདོ་འཛིན་པ་ནི་རྒྱང་མཁར་རའི་ལོ་རྒྱུས་དང་ལྷ་མོ་འཁྲབ་ལུགས་འཁྲབ་སྟངས་ལ་ཆ་རྒྱུས་བྱང་ཆུབ་པ་ཡོད་མཁན་གྱིས་བྱེད་ཀྱི་ཡོད།རོལ་མོ་ནི་རྔ་དང་སྦུག་ཆལ་གྱིས་གཙོ་བོ་དང་དུང་དང་རྒྱ་གླིང་།འཕྲེད་གླིང་།ཧུའུ་ཆིན་སོགས་ཀྱིས་རམ་འདེགས་བྱེད་ཀྱི་ཡོད།ཆས་སུ་ཞུགས་ནས་འཁྲབ་མཁན་ལ་མི་སྣ་གཙོ་བོ་དང་ཕལ་པ།རམ་འདེགས་མི་སྣ་བཅས་ཀྱིས་མཚོན་བྱ་མི་སྣ་སོ་སོའི་བསམ་པའི་ཉམས་འགྱུར་སྐྱོ་བ་དང་དགའ་བ།འཇིགས་པ་སོགས་དགུ་པོ་དེ་ལུས་ཀྱི་རྣམ་འགྱུར་དང་ངག་གི་གདངས་མི་འདྲ་བའི་སྒོ་ནས་མཚོན་པར་བྱེད།འཁྲབ་དུས་ཆས་སྤྲས་པ་དང་ངོ་འབག་གྱོན་གྱི་ཡོད།བཞད་གང་པ་ནི་ཟློས་གར་འཁྲབ་ཚེ་སྐབས་སྐབས་སུ་དགོད་བྲོ་བའི་གཏམ་ཤོད་མཁན་ཡིན།ཟློས་གར་བ་ནི་སུ་ཁོམ་ན་དེས་བྱེད་ཀྱི་ཡོད།འཁྲབ་འགོ་ཚུགས་དུས་དང་ཐོག་བཀྲ་ཤིས་ཞི་བ།གཉིས་པ་མངོན་པ་སྟེ་ལྟད་མོ་བ་ཚོར་འཁྲབ་གཞུང་སོགས་ངོ་སྤྲོད་ཞུས་པ།གསུམ་པ་གཞུང་དངོས་འཁྲབ་པ།འཁྲབ་གཞུང་རེ་དེ་རིང་ན་ཉི་མ་གཉིས་དང་ཐུང་ན་ཆུ་ཚོད་གཉིས་གསུམ་ཙམ་ནས་སྡུད་ཐུབ་པ་རེད།བཞི་པ་ནས་དབྱར་ཕར་སྐྱེལ་སྟོན་ཚུར་བསུ་བའི་རྣམ་པའི་ཐོག་ནས་བཀྲ་ཤིས་བརྒྱབ་ཏེ་མཇུག་འགྲིལ་པ་རེད།
འབའ་ཐང་གི་ལྷ་མོ་ཚོགས་པས1950ལོའི་ཟླ11པའི་17ཉིན་ཞི་ཁམས་བོད་རིགས་རང་སྐྱོང་ལྗོངས་དར་མདོར་དབུ་བརྙེས་པ་དང་1958ལོར་ཁུན་མིང་དུ་ལྷོ་ནུབ་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ལྷན་འཛོམས་འཁྲབ་སྟོན་སོགས་ནང་ཞུགས་ནས་ལས་རིགས་ཁག་དང་འགོ་ཁྲིད་ཚོའི་གདེང་འཇོག་ཡག་པོ་ཐོབ་པ་རེད།མིག་སྔར་སླེབས་དུས།འབའ་ཐང་གི་ལྷ་མོ་ཚོགས་པས་འཁྲབ་པའི་གཞུང་གཙོ་བོའི་ནང་《བཀྲ་ཤིས་ཞི་བ།》དང《རྒྱང་མཁར་བ》《རྒྱ་ནག་རྒྱལ་པོ》《འགྲོ་བ་བཟང་པོ》《ཆོས་རྒྱལ་ནོར་བཟང་།》《གཟུགས་ཀྱི་ཉི་མ》《དྲི་མེད་ཀུན་ལྡན》《དོན་ཡོད་དོན་འགྲུབ》《སྣང་ས་འོད་འབུམ》《པད་མ་འོད་འབར》《སྤྲིན་གྱི་རྒྱལ་པོ》《སྟོན་ལས་དུས་སུ།》སོགས་ཡོད་པ་རེད།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
  • ལེ་ཚན་སྔོན་མ།:རོང་བོ་དགོན་པའི་འཆམ་གྱི་སྟངས་སྟབས་དང་སྒྱུ་རྩལ་གྱི་སྐོར་བཤད་པ། 2
  • ལེ་ཚན་རྗེས་མ།:ཨ་ཅེ་ལྷ་མོ་ཞེས་བོད་དུ་དར་ཁྱབ་ཆེ་བའི་ཟློས་གར་གྱི་བྱུང་ཚུལ་སྐོར་རགས་ཙམ་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།