ཉི་མ་ནོར་བུ་དང་ཁོ་རང་གི་སྒྲུང་གཏམ་ལ་ཕུལ་བའི་གཏམ།

བཀྲ་བྷ།        2021-01-26

སྔོན་འགྲོ།

ཉིན་འགའི་སྔོན་ལ།ན་གཞོན་སྒྲུང་གཏམ་པ་ཉི་མ་ནོར་བུས་འཕྲིན་ཕྲན་ཞིག་བསྐུར་ཏེ།ཁུལ་རིག་རྩལ་ལྷན་ཚོགས་ཀྱིས་ཁོ་རང་གི་སྒྲུང་གཏམ་པར་ལ་འདེབས་གྲབས་ཡོད་པས།ང་ལ་སྔོན་འགྲོ་ཞིག་འབྲི་རོགས་ཞེས་སྐུལ་བྱུང་།སྤྱིར་ན་དཔེ་དེབ་རྣམས་ལ་སྔོན་འགྲོ་འབྲི་བ་ནི་གཉེར་འདོད་མེད་པའི་ལས་ཀ་དམིགས་སུ་བསལ་བ་ཞིག་ཡིན་པ་འདྲ་མོད།བདག་དང་ཉི་མ་ནོར་བུ་གཉིས་ཀར་འབྲེལ་བ་དམིགས་སུ་བསལ་བ་ཞིག་གྲུབ་ཡོད་པས།སྔར་དུས་གཞན་གྱིས་བསྐུལ་ན་གཏན་ནས་གཉེར་མི་སྲིད་པའི་ལས་ཀ་འདི་ཨུ་ཚུགས་ཆེན་པོ་དང་བཅས་གཉེར་དགོས་བྱུང་།

ཉི་མ་ནོར་བུ་དང་ཁོ་རང་གི་སྒྲུང་གཏམ་ལ་ཕུལ་བའི་གཏམ།

གཅིག  ང་དང་ཉི་མ་ནོར་བུ།

དེང་སྐབས།ཁམས་ཕྱོགས་སུ་བོད་ཡིག་གི་ལམ་ནས་སྒྲུང་གཏམ་དང་སྙན་ངག་ལ་འཇུག་མཁན་གྱི་ན་གཞོན་སྐོར་དང་རིམ་པ་ཞིག་འཚར་ལོངས་འབྱུང་བཞིན་ཡོད་ལ།ཉི་མ་ནོར་བུ་ནི་གཞོན་ནུ་རྩོམ་དགའ་དེ་དག་ཁྲོད་ཀྱི་གཅིག་རེད།འདིར་གསལ་བཤད་བྱ་དགོས་པ་ཞིག་ནི།བདག་གིས་འཕྲིན་ཕྲན་ལས་ཉི་མ་ནོར་བུའི་སྐད་གོ་བ་ཙམ་ལས་མི་ངོ་མ་དེ་མཐོང་མ་མྱོང་།གོ་ཐོས་སུ་ཁོ་ནི་དཀར་མཛེས་ཁུལ་བྲག་འགོ་རྫོང་དུ་སྐྱེས་པ་དང་།སྤྱི་ལོ2011ལོར་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་བོད་དབྱིན་འཛིན་གྲྭ་ནས་སློབ་མཐར་ཕྱིན་རྗེས།བྲག་འགོ་རྫོང་ལི་སྨད་སློབ་ཆུང་དུ་དགེ་རྒན་གྱི་ལས་ཀ་གཉེར་མགོ་བརྩམས་པར་བརྗོད།གོ་ཐོས་སུ་ཉི་མ་ནོར་བུས་སྔ་གཞུག་ཏུ《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང་།《མི་རིགས》དང་།《ཁ་བཏགས་དཀར་པོ》དང་།《གངས་དཀར་རི་བོ》དང་།《གངས་རྒྱན་ན་ཆུང་ཚགས་པར》དང་།《ཁམས་པའི་ཚགས་པར》དང་།《གཞིས་ཀ་རྩེ་ཚགས་པར》སོགས་སུ་སྙན་ངག་དང་།སྒྲུང་གཏམ་དང་།སྒྱུར་རྩོམ་སྐོར་ཞིག་སྤེལ་ཡོད་པར་བཤད་མོད།བརྩམས་ཆོས་ལ་ལ་དངོས་སུ་མཐོང་སོང་ལ།མང་པོ་ཞིག་གི་ཁ་བྱང་ཙམ་ཡང་མཐོང་མ་བྱུང་།ང་དང་ཉི་མ་ནོར་བུ་གཉིས་ཀར་འབྲེལ་བ་དམིགས་སུ་བསལ་བ་དེ་ནི་འདི་ལྟར་བྱུང་བ་ཡིན་ཏེ།སྤྱི་ལོ2018ལོར་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་གནས་རང་གི་ན་གཞོན་རྩོམ་པ་པོ་གསོ་སྐྱོང་ལ་དམིགས་ཏེ།སྒྲུང་གཏམ་དང་སྙན་ངགལྷུག་རྩོམ་འབྲི་མཁན་གྱི་རྩོམ་པ་པོ་འགའ་ལ“སློབ་མ”འགའ་རེ་བཀོད་སྒྲིག་བྱས་ཏེ་ན་གཞོན་རྩོམ་པ་པོ་གསོ་སྐྱོང་བྱེད་མགོ་བརྩམས།བྱེད་སྒོ་འདི་ཉིད་སྤེལ་སྐབས།བདག་ཀྱང་མཛུབ་སྟོན་དགེ་རྒན་གྱི་གྲས་ལ་བཀོད་པ་མ་ཟད།ཉི་མ་ནོར་བུ་དང་།པདྨ་རྒྱལ་མཚན་དང་།ཆོས་དབྱིངས་རྒྱ་མཚོ་གསུམ་གར་བདག་གིས་མཛུབ་སྟོན་བྱ་དགོས་བྱུང་བ་ན།ཉི་མ་ནོར་བུས་བྲིས་པའི་སྒྲུང་གཏམ་རེ་རེ་ཞིབ་ཏུ་བཀླགས་ཏེ།བརྩམས་ཆོས་ཀྱི་སྐྱོན་ཡོན་གཉིས་ཏེ་སྒོས་སུ་སྐྱོན་གྱི་སྐོར་དེ་ཚིག་ཐུང་ཞིང་དོན་གསལ་བ།འཛེམ་པ་མེད་པའི་སྒོ་ནས་བརྗོད་པ་ལས་གཞན།སྒྲུང་གཏམ་གསར་རྩོམ་ཐད་ཀྱི་རྒྱུན་ཤེས་ངེས་པར་བྱ་ཆེད།བདག་གིས་འབྲི་བཞིན་ཡོད་པའི《སྒྲུང་གཏམ་གསར་རྩོམ་ལ་འཇུག་པའི་སྒོ》ལས་ཚན་པ་རེ་གཉིས་ཆེད་དུ་བསྐུར་ནས་ལྟ་ཀློག་ལ་འཇུག་པར་བསྐུལ་བ་དང་།སྒྲུང་གཏམ་གྱི་དཔེ་དེབ་འགའ་ཞིག་ངོ་སྤྲོད་བྱས་ཏེ་གོ་རིམ་ཡོད་པའི་སྒོ་ནས་མཛུབ་སྟོན་གྱི་ལས་ལ་རོལ་བ་ན།ཉི་མ་ནོར་བུ་ལ་བློ་བསྐྱེད་ཆེན་པོ་བྱུང་སོང་བ་འདྲ་སྟེ།ཁོ་རང་གི་བརྩམས་ཆོས་ཀྱི་སྤུས་ཀ་ཇེ་བཟང་ནས་ཇེ་ལེགས་ལ་སོང་བ་དང་།སྒྲུང་གཏམ་ལ་ལ་ནི་སྒྱུ་རྩལ་རིན་ཐང་དང་མཛེས་དཔྱོད་རིན་ཐང་སོགས་ཀྱི་ཐད་དུ་ཅུང་ལེགས་པོ་ཞིག་འཁྱོངས་འདུག་པས།མཛུབ་སྟོན་དགེ་རྒན་གྱི་ངོས་ནས་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་བ་ན།སྒྲུང་གཏམ་གྱི་དཔེ་དེབ་ལ་སྔོན་འགྲོ་འབྲི་བའི་ལས་ཀའང་དང་ལེན་མི་བྱེད་ཀ་མེད་བྱུང་སོང་།

ཉི་མ་ནོར་བུ་དང་ཁོ་རང་གི་སྒྲུང་གཏམ་ལ་ཕུལ་བའི་གཏམ།

གཉིས། ཉི་མ་ནོར་བུ་དང་ཁོ་རང་གི་སྒྲུང་གཏམ།

ན་གཞོན་རྩོམ་པ་པོ་ཉི་མ་ནོར་བུ་བདག་གིསློབ་མར་གྱུར་རྗེས།ཉི་མ་ནོར་བུས་སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འབད་དེ།སྔ་གཞུག་ཏུ་རང་གིས་བྲིས་པའི་བརྩམས་ཆོས་ཏེ《རྣམ་སྨིན》དང་།《སྤྲུལ་སྐུ》དང་།《རྔོན་པ》དང་།《ཤིག་དང་ལྗི་བ》དང་།《མི་ལུས་ལེན་ཁར་ཁྱི་ལུས》སོགས་ཡིག་ཟམ་བརྒྱུད་ནས་བདག་ལ་བསྐུར་པ་ན།བདག་གིས་ཀྱང་སྒྲུང་གཏམ་རེ་རེ་དུས་ལྟར་བཀླགས་པ་མ་ཟད།རང་གི་བློ་ཡིས་ལྕོགས་ལུགས་ལྟར་བརྩམས་ཆོས་ཀྱི་དགེ་སྐྱོན་གཉིས་ཀ་སྦ་གསང་མེད་པར་བརྗོད་དེ།ཉི་མ་ནོར་བུ་ལགས་ལ་བཟོ་བཅོས་བྱེད་པར་བསྐུལ་པ་ན།ཁོ་རང་གིས་ཀྱང་རང་གི་བརྩམས་ཆོས་ཀྱི་སྐྱོན་རྣམས་དུས་ལ་འགྱངས་པ་མེད་པར་བཟོ་བཅོས་བྱས་རྗེས་སླར་ཡང་བདག་ལ་བསྐུར་པ་ཡིན།འདི་ལྟར་སྒྲུང་གཏམ་གཅིག་ལན་གྲངས་དུ་མར་ཕར་སྐུར་ཚུར་སྐུར་བྱས་པ་ན།ཁོ་རང་གི་བརྩམས་ཆོས་ཀྱི་སྤུས་ཀ་རིམ་བཞིན་ཇེ་ལེགས་ལ་སོང་བ་དང་།སྒྲུང་གཏམ་གསར་རྩོམ་ཐད་དུ་ངེས་ཤེས་ཅུང་ཟད་རྙེད་སོང་།ཚུལ་དེ་ཞིབ་ཏུ་བརྗོད་ན་འདི་ལྟར་ལགས་ཏེ།ངེད་གཉིས་ཀར་དགེ་སློབ་ཀྱི་འབྲེལ་བ་དེ་འདྲ་བྱུང་རྗེས།ལོ་གཅིག་ལ་ཉེ་བ་ཙམ་གྱི་རིང་ལ་ཉི་མ་ནོར་བུས་སྒྲུང་གཏམ་བཅུ་ལྷག་བརྩམས་པ་དང་།སྒྲུང་གཏམ་དེ་དག་གསར་རྩོམ་དང་ཞུ་དག་གི་གོ་རིམ་ཡང་ཡང་བརྒྱུད་པ་ན།སྔར་དུས་བྱུང་རིམ་ཞིབ་ཕྲ་མེད་པ་ལ་བྱུང་རིམ་ཕྲ་མོ་ལྡན་པར་གྱུར།སྔར་དུས་གཏམ་རྒྱུད་ནག་འགྲོས་སུ་དེད་འདུག་པ་རྣམས་ལ་གཙོ་ཕལ་དང་རྒྱས་བསྡུས་ཀྱི་དབྱེ་བ་ལྡན་པར་གྱུར།སྔར་དུས་བརྗོད་སྙིང་སྤངས་ཏེ་བྱུང་རིམ་གང་དྲན་དྲན་དུ་དྲངས་འདུག་པ་རྣམས་ལ་གཞུང་རྟ་དང་སྲོག་ཤིང་ལྡན་པར་གྱུར་ཏེ།སྒྲུང་གཏམ་ཅུང་ཚད་ལྡན་སྐོར་ཞིག་བྱུང་སོང་།ཉི་མ་ནོར་བུས་བརྩམས་པའི་སྒྲུང་གཏམ་རྣམས་ལས《ཤིག་དང་ལྗི་བ》ནི་བརྗོད་སྙིང་དང་།བརྗོད་བྱ།སྒྲིག་གཞི་སོགས་ལས་གང་ལ་གཞིགས་ཀྱང་བྱིས་སྒྲུང་ཕུལ་དུ་བྱུང་བ་ཞིག་འཁྱོངས་འདུག་པས།བདག་གིས་སྒྲུང་གཏམ་དེ་དུས་ལྟར《སྦྲང་ཆར》རྩོམ་སྒྲིག་ཁང་ལ་བསྐུར་པ་མ་ཟད།སྒྲུང་གཏམ་རྩོམ་སྒྲིག་པ་ལ་ཁ་པར་བཏང་སྟེ་བརྩམས་ཆོས་དེ་ངོ་སྤྲོད་གང་ལེགས་བྱས་མོད།ཉི་མ་ནོར་བུ་བརྩམས་ཆོས་ཀློག་མཁན་ལ་འབུལ་བར་རྔམ་ནས་ཡུན་རིང་མ་འགོར་བར་བྱིས་སྒྲུང་དེ་དྲ་ངོས་སུ་བཀོད་པ་ན།《སྦྲང་ཆར》གྱི་ཤོག་ལྷེ་དུ་མ་འཛིན་པའི་གོ་སྐབས་བཟང་པོ་ཞིག་རྔམ་པའི་དབང་གིས་བརླགས་པ་མ་ཟད།བདག་ལའང་ཁོང་ཁྲོ་ཅུང་ཟད་བསླངས་སོང་།འོན་ཏེ་ཉི་མ་ནོར་བུ་ད་དུང་ལོ་ན་གཞོན།སྒྲུང་གཏམ་ལ་ཤིན་ཏུ་དུངས་པས།《སྦྲང་ཆར》གྱི་ཤོག་ལྷེ་འཛིན་པའི་གོ་སྐབས་ནི་རྗེས་སུ་འབྱུང་ངེས།

གསུམ།ཉི་མ་ནོར་བུ་དང་ཁོའི་སྒྲུང་གཏམ་གྱི་འབྱུང་འགྱུར།

ཉི་མ་ནོར་བུ་ནི་ལོ་ན་ཤིན་ཏུ་གཞོན་པའི་ན་གཞོན་རྩོམ་པ་པོ་ཞིག་ཡིན་པ་མ་ཟད།གསར་རྩོམ་གྱི་ལས་ལ་ཞུགས་ནས་དུས་ཡུན་རིང་པོ་མ་འགོར་བ་ན།མིག་སྔའི་བར་དུ་བོད་ཀྱི་རྩོམ་སྟེགས་མངའ་དབང་སྒྱུར་ནུས་པའི་བརྩམས་ཆོས་གཅིག་ཀྱང་འབྲི་མ་ནུས་མོད།འོན་ཏེ་སྔར་དུས་མ་ནུས་ན་རྗེས་སུ་མི་ནུས་པའི་ངེས་པ་ནི་གཏན་ནས་མེད་དེ།ཅི་ཡིན་ཞེ་ན་རྒྱུ་མཚན་ནི་འདི་ལྟར་ལགས་ཏེ།གཅིགསྲིད་པའི་ཁྱོན་གྱི་ལས་ཀ་གང་ཞིག་ལ་གཞུག་དགོས་ཀྱང་།དེ་ལ་དུངས་པའི་སྒོ་ནས་བརྩོན་པ་ཆེན་པོ་དང་བཅས།ཨུ་ཚུགས་ཆེན་པོ་དང་བཅས་འཇུག་པར་ནུས་ན།མཇུག་འབྲས་ནི་མོས་འདུན་གྱི་རྗེས་སུ་འགྲོ་བ་ཞིག་འབྱུང་ངེས་ཡིན་ལ།ཉི་མ་ནོར་བུ་ནི་སྒྲུང་གཏམ་ལ་ཤིན་ཏུ་དུངས་པ་མ་ཟད།གསར་རྩོམ་ལ་འཇུག་དུས་བརྩོན་པའང་ཤིན་ཏུ་ཆེ་བས།གལ་སྲིད་སྔར་གྱི་དུངས་པ་མི་ཉམས་པ་དང་སྔར་གྱི་བརྩོན་པ་མ་ལྷོད་དེ་གསར་རྩོམ་གྱི་ལས་ལ་ཞུགས་པ་ན།གསར་རྩོམ་ལ་བྱང་ཆ་བྱུང་བ་དང་བསྟུན་ནས་བརྩམས་ཆོས་ཀྱི་སྤུས་ཀ་རིམ་བཞིན་ཇེ་མཐོར་འགྲོ་ངེས་ཡིན།གཉིས།སྲིད་པའི་ཁྱོན་གྱི་ལས་ཀ་གང་ལ་གཞུག་དགོས་ཀྱང་།ལྷན་སྐྱེས་སུ་གྲུབ་པའི་འཇོན་ཐང་སྤྱོད་ནུས་ན་གྲུབ་འབྲས་མི་དམན་པ་ཞིག་ལེན་ཐུབ་པ་འདྲ་སྟེ།མིག་སྔར་ཉི་མ་ནོར་བུ་ནི་སྒྲུང་གཏམ་གསར་རྩོམ་ལ་བྱང་ཆ་ཆེན་པོ་མེད་མོད།ཁོ་རང་ལ་འཚོ་བའི་རྣམ་པ་ཕྲ་མོ་དང་།མི་སྣའི་རྣམ་པ་ཕྲ་མོ།ཁོར་ཡུག་གི་རྣམ་པ་ཕྲ་མོ་འཛིན་ལུགས་ཐད་ཀྱི་ལྷན་སྐྱེས་ཀྱི་འཇོན་ཐང་ཞིག་ལྡན་པ་འདྲ་བས།འཇོན་ཐང་འདི་ཉིད་སྤྱད་དེ་གསར་རྩོམ་གྱི་ལས་ལ་ཞུགས་ན་གྲུབ་འབྲས་མི་འབྱུང་ཐབས་མེད་ཡིན་པ་འདྲ།གསུམ།ཕུལ་དུ་བྱུང་བའི་སྒྲུང་གཏམ་པ་ཞིག་ཡིན་ན།སྒྲུང་གཏམ་འབྲི་ལུགས་ནི་ཁོ་རང་གི་བརྩམས་ཆོས་ཀྱིས་གསལ་བཤད་བྱས་ཡོད་པས།སྒྲུང་གཏམ་གསར་རྩོམ་ལ་འཇུག་མཁན་རྣམས་ཀྱིས་ལྟ་ཀློག་གི་གོ་རིམ་ཁྲོད་ནས་སྒྲུང་གཏམ་འབྲི་ལུགས་དང་ཁྱད་ཆོས་སྣ་ཚོགས་རྟོགས་པ་ན།རང་ཉིད་ཀྱི་ངེས་ཤེས་དང་མཐུན་པའི་སྒྲུང་གཏམ་སྣ་ཚོགས་རྩོམ་པར་ནུས་པ་ཡིན།ཉི་མ་ནོར་བུ་ནི་ལྟ་ཀློག་ལ་འཇུག་པར་སྤྲོ་བའི་ན་གཞོན་རྩོམ་པ་པོ་ཞིག་ཡིན་པས།འབྱུང་འགྱུར་གྱི་དུས་སུ་གལ་སྲིད་ཁོ་རང་གིས་སྔར་སྲོལ་ལྟར་ལྟ་ཀློག་ལ་འབད་པ་དང་ལྟ་ཀློག་ལ་དང་དོད་བྱས་ན།སྒྲུང་གཏམ་གསར་རྩོམ་ལ་གྲུབ་འབྲས་ཆེན་པོ་འབྱུང་བར་འདོད།

མཇུག་གི་གཏམ།

ཉི་མ་ནོར་བུ་ནི་གསར་རྩོམ་གྱི་ལས་ལ་ཞུགས་ནས་དུས་ཡུན་རིང་པོ་མ་འགོར་བའི་ན་གཞོན་རྩོམ་པ་པོ་ཞིག་ཡིན་པས།མིག་སྔར་ཁོ་རང་གི་བརྩམས་ཆོས་ནི་གཞུང་ལུགས་ཤིག་གི་རྒྱ་ལ་དྲངས་ཏེ་དཔྱད་ན་ཡོན་ཏན་རང་བཞིན་བརྗོད་པའི་གཏམ་མང་པོ་ནི་སྨྲ་མི་ནུས་མོད།འོན་ཏེ་གོ་སྐབས་དེ་འདྲ་ནི་རྗེས་སུ་འབྱུང་ངེས་ཡིན་པས།ཀློག་པ་པོ་ལྷན་རྒྱས་ཀྱིས་རེ་སྒུག་གནང་རོགས།ཉི་མ་ནོར་བུ་ལགས་ཀྱིས་འབད་པ་གནང་རོགས།

  • ལེ་ཚན་སྔོན་མ།:སློབ་ཅིང་སྦྱོང་བའི་གོམས་གཤིས་ཆགས་སུ་འཇུག། སྟོབས་ཤུགས་འབྱུང་ཁུངས་སློབ་སྦྱོང་ཉིད་ལ་བྱེད།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།