སྒྲ་སྙན་འཁྲོལ་བའི་མན་ངག་ཐབས་ཤེས་ཟུང་འཇུག་མ།

སྐལ་བཟང་ཐུབ་བསྟན་གྱིས།        2020-07-31

     

སྒྲ་སྙན་འཁྲོལ་བའི་མན་ངག་ཐབས་ཤེས་ཟུང་འཇུག་མ།

    འབའ་གཞས་འཁྲབ་པའི་སྐབས་སུ་རམ་བཀྲོལ་རོལ་ཆས་སྒྲ་སྙན་ནམ་པི་ཝང་ནི་མེད་དུ་མི་རུང་བ་རེད། སྒྲ་སྙན་གྱི་སྐད་སྒྲ་སྙན་དང་མི་སྙན་ནི་འཁྲོལ་མཁན་གྱི་ལག་རྩལ་ལ་རག་ལས་ཤིང་། དེ་ཡང་འཁྲོལ་ཐབས་ལ་རག་ལས་པ་དང་། འདིར་འཁྲོལ་ཐབས་མང་པོ་ལས་ཆོས་ཀྱི་དགོངས་དོན་དང་འབྲེལ་བའི་སྒྲ་སྙན་འཁྲོལ་བའི་མན་ངག་ཅིག་ཁོ་བོས་དེ་སྔོན་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་དམ་པ་དོགས་རྟོགས་བླ་མ་གང་དེའི་ཞལ་སྔ་ནས་ཐོས་པ་འདི་ལྟར་ཏེ། འཇིག་རྟེན་འདིའི་དངོས་པོ་ཐམས་ཅད་ནི་ཕོ་མོ་ལས་མ་གྲུབ་པ་གཅིག་ཀྱང་མེད་ཅིང་། ཕོ་ནི་ཐབས་བདེ་བ་ཆེན་པོའི་རང་བཞིན་ལ་མོ་ནི་ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་ཏེ། ཐབས་ཤེས་ཟུང་འཇུག་ཁྲོད་ནས་བྱ་དངོས་མཐའ་དག་འབྱུང་འགྱུར་འཕེལ་འཇིག་བྱུང་ཞིང་། མོ་ཁོ་ནས་མི་སྐྱེ་ལ་ཕོ་ཁོ་ནས་མི་གྲུབ་པ་དང་། ཐབས་ཡོད་ཀྱང་ཤེས་རབ་མེད་ན་མི་ཕན་ལ། ཤེས་རབ་ཡོད་ཀྱང་ཐབས་མེད་ན་མི་འགྲུབ་པ་རེད། དཔེ་མི་ཞིག་ལ་ཆ་བཞག་ན་མི་ཞིག་གཏན་བདེ་བླ་ན་མེད་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་དགོས་ན། སྦྱིན་པ་དང་ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན་བཅས་ཀྱི་ཐབས་མཆོག་ལྡན་ན་ཡང་། ཤེས་རབ་སྟོང་པ་ཉིད་ཀྱི་དོན་མ་རྟོགས་ན་ནམ་ཡང་སངས་རྒྱས་ཐབས་མེད་པ་ལྟ་བུ་རེད། འཇིག་རྟེན་འཁོར་བའི་ལས་ལ་དཔེ་བཞག་ན་ཡང་དེ་འདྲ་རང་རེད། འཁོར་བའི་ལས་གང་ཞིག་འགྲུབ་དགོས་ན་ཐབས་དང་ཤེས་རབ་ཟུང་དུ་འཇུག་མཁས་པོ་ལ་རག་ལས་པ་རེད།

སྒྲ་སྙན་འཁྲོལ་བའི་མན་ངག་ཐབས་ཤེས་ཟུང་འཇུག་མ།

      སྒྲ་སྙན་ལ་མཚོན་ན་ཡང་དེའི་རང་བཞིན་ལས་མ་འདས་ཏེ། ཕོ་རྒྱུད་ནི་ཐབས་མཚོན་བྱེད་ཡིན་ལ། མོ་རྒྱུད་ནི་ཤེས་རབ་མཚོན་བྱེད་ཡིན། གཞུ་རྒྱུད་ནི་ཐབས་ཤེས་ཟུང་དུ་འཇུག་བྱེད་ཡིན་ཞིང་། རྒྱུད་གང་རུང་གྲིམ་དྲགས་པའམ་ལྷོད་དྲགས་ན་སྒྲ་འགྲིག་པོ་ཡོང་ཐབས་རྩ་བ་ནས་མེད་ཅིང་། གྲིམ་ལྷོད་རན་པ་ཞིག་མ་ཡོང་བའི་བར་དུ་སྒྲ་སྙན་གྱི་སྐད་སྙན་པོ་ཞིག་ནམ་ཡང་ཡོང་ཐབས་མེད་ལ། གཞས་སྙན་མོ་ཞིག་ཀྱང་འཁྲོལ་ཐབས་བྲལ་བ་རེད། བོད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མ་དམ་པ་སྟེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཞི་བྱེད་གཅོད་ཀྱི་གྲུབ་མཐའི་སྲོལ་འབྱེད་པ་པོ་མ་གཅིག་ལབ་སྒྲོན་གྱིས། གྲིམས་ཀྱིས་སྒྲིམ་ལ་ལྷོད་ཀྱིས་གློད།། དེ་ན་ལྟ་བའི་གནད་ཅིག་ཡོད།། ཅེས་གསུངས་པ་ལྟར་ཆོས་ཕྱོགས་ནས་སྒོམ་ཞིག་རྒྱག་དགོས་ན་ཡང་སེམས་གྲིམ་ལྷོད་རན་པ་བྱེད་ཤེས་ན་སྒོམ་འགྲུབ་སྲིད་ལ། མ་ནུས་ན་བཙན་སྒོམ་ཁོ་ནས་རང་སྡུག་རང་གིས་ཉོས་པ་ལས་མ་འདས། དེ་ལྟར་སྒྲ་སྙན་གྱི་རྒྱུད་སྐུད་གྲིམ་ལྷོད་རན་པ་ཞིག་བྱུང་བ་ཡིན་ན་གཞི་ནས་གཞས་སྙན་མོ་ཞིག་འཁྲོལ་ཐུབ་པ་རེད། དེ་ཡང་སྒྲ་སྙན་གྱི་རྒྱུད་སྐུད་གྲིམ་ལྷོད་རན་པ་ཞིག་བྱུང་བ་དང་སྒྲ་སྙན་འཁྲོལ་མཁན་གྱི་ལག་རྩལ་བྱང་ཆ་ཆེ་བ་ཙམ་ཡིན་ཕྱིན་ཡིད་དབང་འཕྲོག་ཐུབ་པའི་གཞས་གདངས་ཤིག་འཁྲོལ་ཐུབ་པ་ཨེ་རེད་ཟེར་ན། དེ་ཡང་མ་ངེས་ཤིང་སྒྲ་སྙན་འཁྲོལ་མཁན་གྱི་སེམས་རྒྱུད་ཀྱང་གྲིམ་ལྷོད་རན་པ་ཏེ་ཆགས་སྡང་གི་དབང་དུ་མ་ཤོར་བ་ཞི་ཞིང་དུལ་བ་ཞིག་དགོས་ལ། ཁྱད་པར་སྟོང་ཉིད་ལམ་ནས་སྒྲ་སྙན་འཁྲོལ་ནུས་ན་མཆོག་ཏུ་གྱུར་པ་ཡིན་ནོ།།

     དེར་བརྟེན། སྒྲ་སྙན་འཁྲོལ་བར་ཐིག་ཚད་འདྲ་པོ་ཞིག་གཞག་དགོས་ན། ཆེས་ཡག་ཤོས་ནི་སྒྲ་སྙན་འཁྲོལ་མཁན་གྱི་སེམས་རྒྱུད་དེ་སྒྲ་སྙན་གྱི་རྒྱུད་སྐུད་ལ་ཞུགས་ནས་གཅིག་ཏུ་འདྲེས་ཏེ་བསྟན་དོན་གང་ཞིག་སྒྲ་ཡིས་མཚོན་ཐུབ་མིན་ལ་རག་ལས་ཤིང་། སྒྲ་སྙན་མཁན་པོའི་སེམས་སུ་དགའ་སྐྱོ་ཆགས་སྡང་གང་སྐྱེས་ཀྱང་སྒྲ་སྙན་གྱི་སྒྲ་ལས་ཤེས་ཐུབ་པ་དང་། སྒྲ་སྙན་མཁན་པོས་སྒྲ་སྙན་སེམས་ཀྱིས་འཁྲོལ་བ་དང་ཉན་པ་པོས་ཀྱང་སེམས་ཀྱིས་ཉན་པ་ཡིན་ན། གཞི་ནས་དེ་ཉིད་ཀྱི་ཁྲོད་དུ་གནས་པའི་གསང་བ་དེ་རྟོགས་ཐུབ་པ་རེད། གཞས་འདྲ་འདྲ་ཞིག་འཁྲོལ་མཁན་གྱི་ཀུན་སློང་མི་འདྲ་བ་དང་ཉན་མཁན་གྱི་ཀུན་སློང་མི་འདྲ་བར་བརྟེན་ནས་མཇུག་འབྲས་ཀྱང་གནམ་སའི་ཁྱད་པར་བྱུང་སྲིད་ཅིང་། སེམས་རྒྱུད་གཞན་ཕན་བྱང་ཆུབ་སེམས་ཀྱི་འོ་མས་ཡོངས་སུ་གཏམས་ཡོད་པའི་སྒྲ་སྙན་མཁན་པོའམ་གཞས་པ་གཞས་མ་སུ་ཞིག་གིས་གླུ་གཞས་བཀྲོལ་བའམ་ལེན་པ་དང་། ཉན་བ་པོས་ཀྱང་སེམས་ཞི་ཞིང་དུལ་བས་ཉན་ཐུབ་པ་ཡིན་ན་དྲི་ཟའི་སྒྲ་དབྱངས་ཤིག་ཏུ་འགྱུར་ཐུབ་ལ། མཐོ་ནམ་མཁའི་བྱ་དང་དམའ་ས་གཞིའི་གྲོག་འབུ་ཡན་ཆད་ཀྱི་སེམས་དབང་འཕྲོག་ཐུབ། དེ་ལས་ལྡོག་པ་སེམས་རྒྱུད་ཆགས་སྡང་རྨོངས་སོགས་ཀྱི་དུག་ཆུས་བརླན་པའི་སྒྲ་སྙན་མཁན་པོའམ་གཞས་པ་གཞས་མ་སུ་ཞིག་གིས་གླུ་གཞས་བཀྲོལ་བའམ་ལེན་པ་ཡིན་ན་ཉན་པ་པོའི་རྣ་སུན་བྱེད་ཙམ་དང་སེམས་འཁྲུག་བྱེད་ཙམ་ལས་མ་འདས་སོ།། དེ་ཡང་འཛམ་གླིང་གི་རོལ་དབྱངས་མཁན་གྲགས་ཅན་པེ་ཏའོ་ཧྥེན་གྱིས་བརྩམས་པའི་མཉམ་སྒྲོག་རོལ་དབྱངས་ལ་མཚོན་ན་རྒྱུས་མེད་ཉན་མི་ཤེས་མཁན་ཞིག་གིས་ཉན་པ་ཡིན་ན་རྣ་གཟན་བྱེད་ཙམ་ཡིན་པ་དང་། རྒྱུས་ཡོད་ཉན་ཤེས་མཁན་ཞིག་ཡིན་ན་མཚམས་རེར་དགའ་ནས་དགོད་འཛུམ་འཛུམ། ལན་རེར་སྐྱོ་ནས་ངུ་ཤུམ་ཤུམ། རེ་འགའ་ཞེ་སྡང་མེ་ལྟར་འབར་བ་སོགས་ནང་སེམས་ཀྱི་འགྱུར་བ་ཕྱི་རོལ་ལུས་ངག་གི་ཉམས་སུ་ཐོན་ནུས་པ་ལྟ་བུ་ཡིན་ནོ།

 

  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།: སྒྲ་སྙན་འཁྲོལ་བའི་མན་ངག་ཐབས་ཤེས་ཟུང་འཇུག་མ།