སྨར་ཁམས་ཀྱི་པི་ཝང་།

        2017-09-20

སྨར་ཁམས་ཀྱི་པི་ཝང་།

པུ་ཝང་དེ་ནི་རྒྱའི二胡དང་ཕྱིའི་ཆ་ནས་འདྲ་པོ་ཡོད་ཀྱང་། དོན་དུ་དེའི་གྲུབ་ཆ་དང་བཟོ་རྩལ་གྱི་ཐད་ནས་མི་འདྲ་བ་ཡིན། དེ་ལས་གཙོ་བོ་ཞིག་ནི་བོད་ཀྱི་པུ་ཝང་གི་བྲ་ནི་སྔོན་མར་འབྲོང་རྭ་ཡིས་བཟོས་པ་དང་། དེང་གི་ཆར་ཤིང་གིས་བཟོ་བ་ཡིན། བྲ་ངོས་ནི་སྔོན་མར་ཉ་དང་སྦྲུལ་གྱི་པགས་པ་བརློན་པ་བྱས་ཏེ་གཟེར་བུ་བཏབ་སྟེ་བཟོ་ཞིང་། དེང་ལུག་པགས་སོགས་པགས་པ་སྲབ་མོས་བཟོ་བ་ཡང་ཡོད། བྲ་ལས་སྐེའམ་རྒྱུད་རྟ་ཞེས་དབྱུག་པ་ཞིག་ཡོད་ལ། དེའི་མགོ་ན་རྭ་ཅོ་ཞེས་རྒྱུ་སྐུད་གཉིས་འདོགས་ས་དང་སྒྲའི་ལྕི་ཡང་ཚོད་འཛིན་སའི་དབྱུག་པ་གཉིས་ཡོད་པ་རེད།

བྲ་ལས་ཕྱིར་རྒྱུ་སྐུད་གཉིས་པུ་ཝང་གི་རྭ་ཅོའི་མགོར་འཐེན་ཞིང་རྒྱུ་སྐུད་དེ་གཉིས་ལས་སྦོམ་པ་ལ་ཕོ་སྐུད་དང་། ཅུང་ཕྲ་བ་ལ་མོ་སྐུད་ཅེས་ཟེར་ལ་རྟའི་རྔ་སྤུ་བཀོལ་ནས་བཟོ་བ་ཡིན་པས། དེར་སྒྲ་སྙན་ཞིང་ཅུང་སྦོམ་ཞེད་ཅིག་ཡོད་པས་འབའ་གཞས་དཀྲོལ་འཁྲབ་གྱི་ཡིད་ཡུལ་མཉམ་སྣང་ལེགས་པོ་དང་། ཁམས་པའི་མི་ཆེན་བྲོ་རྒོད་ཀྱི་ཁྱད་ཆོས་ཡང་མངོན་ཐུབ་པ་རེད། བྲའི་ཐོག་གི་རྒྱུད་སྐུད་འདེགས་བྱེད་ལ་སྒ་ཞེས་ཟེར་བ་ཡིན། རྒྱུད་སྐུད་འཐེན་བྱེད་དམ་ཡང་ན་དཀྲོལ་བྱེད་ལ་གཞུ་ཞེས་གཞུའི་རྣམ་པ་དང་འདྲ་བོ་ཞིག་ཡིན་ལ། དེའི་སྐུད་པ་ལ་གཞི་སྐུད་ཟེར་ཞིང་རྟ་རྔས་བཟོས་པ་ཡིན། ཁམས་ཁུལ་གྱི་པུ་ཝང་གི་ཕྱིའི་བཟོ་དབྱིབས་ནི་ཕལ་ཆེར་གཅིག་འདྲ་ཡོད་ཅིང་། གཙོ་བོ་མི་འདྲ་ས་རེ་ཡོད་པ་ནི་སྐེའི་རིང་ཐུང་དང་། ས་ཕྱོགས་སོ་སོའི་ཡུལ་གྱི་དགའ་མོས་དང་སྲོལ་མི་འདྲ་བར་རྒྱན་གྱི་རི་མོ་འགོད་སྟངས་ཀྱི་ཁྱད་པར་སོགས་ཡིན།

པི་ཝང་ནི་མི་རིགས་ཀྱི་རོལ་ཆའི་ཁྲོད་ཁྱད་དུ་འཕགས་པའི་གནས་བབ་བཟུང་བའི་རོལ་ཆའི་བྱེ་བྲག་ཅིག་ཡིན་ཞིང་། དེ་ནི་ཆབ་མདོ་ས་ཁུལ་གྱི་དམངས་ཁྲོད་བྲོ་གར་ལ་སྤྱོད་པའི་དམིགས་བསལ་ཅན་གྱི་རོལ་མོར་གྱུར་ཡོད་ལ་པི་ཝང་མང་པོ་དུས་གཅིག་ཏུ་དཀྲོལ་སྐབས་སྡིངས་ཆ་ཕར་ཞོག་ཐ་ན་ཡངས་པའི་རྩྭ་ཐང་སྟེང་དུ་ཡང་དེའི་སྙན་འཇེབས་ཀྱིས་ཁེངས་ཡོད་ཅིང་། པི་ཝང་དང་འགྲོགས་པའི་སྨར་ཁམས་ཀྱི་བྲོ་དང་། དེ་མིན་འབའ་གཞས་སྣ་ཚོགས་འཁྲབ་སྟོན་བྱེད་སྐབས་དངོས་གནས་ཁམས་ཕྱོགས་ཀྱི་ཐུན་མོང་མིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་གྱི་ཡོད།    

ཁམས་ཕྱོགས་ཀྱི་བུད་མེད་ཚོར་མཉེན་པ་དམན་ཆུང་བུ་མོའི་སྐད་ཀྱི་འགྱུར་ཁུག་ལྡན་ཡོད་པ་དེ་ནི་ཆེད་དུ་པི་ཝང་དང་ལས་དབང་དམ་པོར་སྦྲེལ་ཡོད་པ་ལྟར་སྣང་གི་ཡོད་ལ་ད་དུང་སྨར་ཁམས་ཀྱི་དམངས་ཁྲོད་སྒྱུ་རྩལ་པས་བྲོ་གར་འཁྲབ་སྐབས་གཞོན་ནུ་མ་ཚོས་ཕུ་ཐུང་ཤུན་ཏུ་རིང་ལ་ཆ་ཆེ་བའི་འོག་འཇུག་གོན་པ་དང་ཕྲ་ལ་སྙེམས་པའི་སྐེད་སྐབས་འགྱུར་ཞིང་ལག་གཉིས་ཡངས་པོར་བརྐྱངས་བཞིན་འཁྲབ་པ་ན་ནམ་མཁའི་ལྷ་མོ་སུམ་རྩེ་ཡུལ་ལས་བབས་པའི་ཉམས་འགྱུར་མངོན་གྱི་ཡོད་པ་དང་། དེ་བཞིན་ལུས་སྟོབས་ཆེ་ཞིང་ཕོ་བཟོ་ཤིན་ཏུ་དོད་པའི་སྐྱེས་པ་ཚོས་རྐང་སྟབས་མཐོན་པོར་བཏེགས་པ་དང་སྦྲགས་རྐང་པའི་བརྡབས་ཕྱོགས་དང་བསྟུན་ནས་པི་ཝང་གི་འགྱུར་ཁུག་མཛུབ་མོས་ཐེབས་སྣོན་བྱེད་སྐབས་བྲོ་དང་པི་ཝང་ལ་ཤིན་ཏུ་བྱང་ཆུབ་པ་མངོན་གྱི་ཡོད། སྤྱིར་སྨར་ཁམས་ཀྱི་བྲོ་སོགས་ནི་བུད་མེད་ཀྱིས་དང་ཐོག་གླུ་འགོ་འཛུགས་པ་དང་དེར་སྐྱེས་པས་ལན་འདེབས་ཀྱི་གླུ་ལེན་པ་མང་ལ་པི་ཝང་ཡང་དེ་མཚུངས་སུ་ཕོ་སྐད་སྦོམ་པའི་སྐབས་ཕོ་སྐད་འདོན་དགོས་པ་དང་མོ་སྐད་ཕྲ་བའི་སྐབས་མོ་སྐད་འདོན་དགོས་ཀྱི་ཡོད་པས་དཀྲོལ་གཏོང་གི་རེ་བ་ཧ་ཅང་མཐོ་པོ་ཡོད་དགོས་པ་རེད།གཞན་ཡང་སྟོད་ཕྱོགས་སུ་སྤྱིར་ན་སྒྲ་སྙན་གཏོང་སྲོལ་རྒྱ་ཆེ་བ་ཞིག་ཡིན་ཏེ། ཤོད་སྲོལ་ལ་སྟོད་ཁུལ་དུ་ཁྱིམ་ཚང་ཞིག་ཏུ་ཕྲུ་གུ་བུ་སྐྱེས་མ་ཐག་དེ་གར་བང་གསོལ་དུ་ཡོང་མཁན་གྱིས་སྒྲ་སྙན་ཞིག་སྤྲོད་སྲོལ་ཡོད་ཅིང་།      དེ་ནི་སྟོད་པ་བས་སྒྲ་སྙན་དེ་མི་ཞིག་གི་འཚོ་བའི་ནང་མེད་དུ་མི་རུང་བའི་ཡོ་ཆས་ཡིན་པ་བརྩི་བ་ཤེས་ཐུབ་ལ་ཡང་སྟོད་དིང་རི་སོགས་ཀྱི་ས་ཁུལ་དུ་པི་ཝང་ཡང་དར་སོ་ཆེན་པོ་ཡོད་པ་སྟེ། དཔེར་ན། དེ་སྔའི་ལོ་གསར་མཚན་ཚོགས་སྐབས་དིང་རི་རྫོང་གི་དམངས་ཁྲོད་གཞས་མས་ཤིན་ཏུ་འཁྲུག་ཆ་དོད་པའི་དིང་རི་དམངས་གཞས་འཁྲབ་པ་དེའི་རོལ་མོ་གཙོ་བོ་སྒྲ་སྙན་ཡོད་རུང་པི་ཝང་མེད་དུ་མི་རུང་བའི་རམ་འདེགས་རོལ་མོར་གྱུར་པ་མཐོང་ཐུབ།   འོན་ཀྱང་སྟོད་ཁུལ་གྱི་པི་ཝང་དཀྲོལ་བའི་ཞབས་བྲོར་སྤྱིར་སྟོད་གཞས་ཐུན་མོང་མིན་པའི་གདངས་དབྱངས་འགྲོགས་ཡོད་པས་ཁམས་ཕྱོགས་ཀྱི་བྲོ་དང་ཅུང་ཟད་མི་འདྲ་བའི་གཞས་ཀྱིས་པི་ཝང་གི་གདངས་མི་འདྲ་བར་འགྱུར་བ་ཞིག་ཡིན་པ་སྨོས་མེད་ཡིན་སྙམ།

དེ་ཡང་གསལ་པོར་བཤད་ན་ལྷ་སའི་ནང་མ་དང་སྟོད་གཞས་ལ་ལྷ་སའི་ནང་མ་དང་སྟོད་གཞས་ཀྱི་གདངས་དབྱངས་ཐོན་པ་ལྟ་བུ་ཡིན་པས་པི་ཝང་ནི་གླུ་གཞས་གང་འདྲ་ཞིག་གཏོང་བར་ཡང་ཆེས་སྙན་པའི་རོལ་མོ་ཞིག་ཡིན་པ་ཤེས་ཐུབ།


  • ལེ་ཚན་སྔོན་མ།:ས་པཎ་གྱི་རོལ་མོའི་བསྟན་བཅོས་ལས་གསང་སྔགས་གསར་མའི་རོལ་དབྱངས་ཀྱི་སྐོར་རགས་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།