ཨོ་ཐོག་ཡུལ་གྱི་ས་མིང་འགའ་ཞིག་གི་གསེད་བཀྲོལ།

བེ་མདའ།        2020-04-30

  

ཨོ་ཐོག་ཡུལ་གྱི་ས་མིང་འགའ་ཞིག་གི་གསེད་བཀྲོལ།

   དེ་ཡང་ཁམས་ཉག་ཆུ་རྫོང་གི་ལྷོ་ནུབ་གྱི་མཚམས་སུ་ཆགས་པའི་ཨོ་ཐོག་གི་འབྲོག་སྡེ་དེ་ནི་གནའ་དུས་ནས་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་རབ་ཏུ་འཐུག་ལ།   དེང་གི་རིག་གནས་ཀྱི་འོད་སྟོང་ཤིན་ཏུ་འབར་བའི་ཡུལ་སྡེ་ཁྱད་དུ་འབར་བ་ཞིག་རེད་ཅེས་སྨྲས་ཀྱང་ཐོད་རྒལ་དུ་གྱུར་མེད་སྙམ།   ད་དུང་འདི་རུ་གསེར་རིའི་ཕྲེང་ལྟར་དུ་ངོམ་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་རབ་ཏུ་མང་ཞིང་།   ད་དུང་ཨོ་ཐོག་དཔོན་རབས་ནས་བཟུང་སྟེ་དཔའ་མཛངས་གཉིས་ལྡན་གྱི་མི་སྣ་རླབས་ཆེན་མང་པོ་ཞིག་ཀྱང་འཁྲུངས་མྱོང་བ་ལྟ་བུ་རེད་ལ། མི་རིགས་མཐུན་སྒྲིལ་དང་མཛའ་བརྩེ་མཉམ་བཞད་ཀྱི་འོད་སྟོང་ཆེས་ཆེར་འབར་བའི་ཡུལ་སྡེ་ཞིག་ཀྱང་ཡིན།  འདི་རུ་ཨོ་ཐོག་ཤོག་ཆེན་དྲུག་ཡོད་ལ།  ད་དུང་དགོན་སྡེ་གསུམ་བཅས་ཡོད་པར་མ་ཟད།   གནའ་དུས་སུ་ཨོ་ཐོག་གི་མངའ་ཁོངས་སུ་ཡོད་པའི་སྡེ་བ་ཧ་ཅང་མང་སྟེ་མགོ་ལོག་རྒྱལ་བཙུགས་དང་རོང་བ་ཚོ་བཞི་ཚོ་དྲུག་སོགས་ཀྱང་ཨོ་ཐོག་གི་ཁོངས་སུ་ཡོད།   རྗེས་སུ་ཨོ་ཐོག་དཔོན་རབས་བརྒྱད་པ་མི་དབང་ལྷུན་འགྲུབ་རྒྱལ་མཚན་གྱི་སྐབས་སུ་ཅུང་ཟད་འགྲིག་མཐུན་མ་ཡོང་བས་ཁ་ཁར་གྱེས་པ་སོགས་ཀྱི་གཏམ་རྒྱུད་རབ་ཏུ་མོད་ཀྱང་སྐབས་སུ་མ་བབས་པར་སྣང་བར་རྒྱས་པར་མི་སྤྲོ།   མདོར་དྲིལ་ན་སྐབས་སུ་བབས་པའི་གཏམ་ཅུང་ཟད་སྤྲོས་ན།   ཡུལ་སྡེ་འདི་ཡི་ས་མིང་དང་ཡུལ་མིང་འགའ་རེ་གཅིག་མཐུན་མ་ཡོང་བ་ཅུང་ཟད་འདུག་པ་དང་ལ་ལ་ཞིག་དེ་ལས་ལྡོག་སྟེ་འགྲེལ་ལོག་དང་ཡིག་ནོར་གྱི་དབང་དུ་སོང་བ་ཡང་ཡོད་པས་དེ་དག་རེ་རེ་བཞིན་འོག་ཏུ་འཆད་པར་བྱའོ།། 

ཨོ་ཐོག 

   ཨོ་ཐོག་ཞེས་པ་ནི་ལོ་རྒྱུས་ཡིག་ཆ་དང་གཞན་དག་ཡིག་ཆ་མང་པོར་ཅུང་ཟད་གསལ་བོར་ཡོད་ཀྱང་།   དིང་གི་ཆར་ལོ་རྒྱུས་ལ་མ་དད་པ་དང་ཆོས་བརྒྱད་ཁོ་ནའི་དབང་དུ་སོང་བ་ལ་ལ་ཞིག་གིས་འདི་ཉིད་ཡང་དང་བསྐྱར་དུ་རྡོ་ཆག་བཙན་སྒྲིག་གི་ལས་སུ་ཞུགས་ནས་ལོ་རྒྱུས་འཁྱོག་བཤད་སོགས་ལ་ཅུང་ཟད་འཇུག་པར་སྣང་ཡང་།   དེ་དག་ནི་བདེན་པ་དང་རྣམ་དཔྱོད་ཀྱི་བློ་མིག་ལྡོངས་བས་ཡང་ཡང་གོ་བརྡ་སྤྲད་པའི་ངལ་བ་མི་བྱ་ལ།   སྐབས་སུ་བབས་པ་ཨོ་ཐོག་ཅེས་པ་ནི་དུང་དཀར་ཚིག་མཛོད་དང་བོད་རྒྱ་ཚིག་མཛོད།སྨོན་ལམ་ཚིག་མཛོད་བཅས་དང་ཕྱི་སོག་དང་ནང་སོག་གང་གི་སྐད་བརྡ་ལ་དཔྱད་ན་འབྲོག་པའི་དོན་དུ་གོ་བས་དེ་ནི་བདེན་པ་ལ་བསྙོན་དུ་མེད་པ་ཞིག་ཏུ་སེམས།   འོ་ན་འབྲོག་སྡེ་འདི་ལ་ཅིའི་ཕྱིར་དུ་ཨོ་ཐོག་ཞེས་བྱ་ཞེ་ན།   དེ་ནི་སོག་པོའི་ཇིང་གིར་རྒྱལ་པོའི་སྐབས་སུ་སྤྱིར་བོད་ཁམས་ཡོངས་དང་ལྷག་པར་མི་ཉག་རྒྱལ་ཁམས་དང་ཆབ་མདོ་ནས་བཟུང་སྟེ་བེ་རི་སོགས་མངའ་ཁོངས་སུ་བསྡུས་པ་དེ་ནི་དངོས་ཡོད་གནས་ཚུལ་ལྟར།  བེ་རི་ཨོ་ཐོག་གི་ཡུལ་འདི་ཡང་དེ་དུས་སོག་པོའི་མངའ་ཁོངས་སུ་ཡུན་རིང་པོ་ཞིག་ལྷག་སྟབས་ས་འདི་གའི་ཡུལ་མིང་དང་ས་མིང་རི་མིང་སོགས་སུ་སོག་པོའི་སྐད་ལྟར་དུ་བཏགས་པ་ཧ་ཅང་མང་པོ་ཡོད།   འདི་ལྟར་སྨྲས་ན་ཕྲག་ཞེང་དང་བློ་ཁོག་དོག་པའི་མི་བུ་འགའ་ཞིག་གིས་ཨོ་ཐོག་གི་མི་རྒྱུད་སོག་པོའི་མི་རྒྱུད་ཡིན་པར་ལབ་ཀྱིན་འདུག་ཅེས་བསྙོན་འཛུགས་བྱེད་པར་མཐོང་ཡང་དེ་ནི་གཏན་ནས་མིན་ཏེ།  ཨོ་ཐོག་གི་རུས་རྒྱུད་ནི་བོད་ཀྱི་རིགས་རུས་འཁྲུལ་བ་མེད་པ་ཞིག་སྟེ།  ཕུ་བོ་ལྡོང་གི་རུས་ལས་གྱེས་པར་ཡོངས་གྲགས་གཅིག་མཐུན་ཡིན།   ཨོ་ཐོག་ཅེས་པ་ནི་སོག་པོའི་སྐད་ཡིན་ལ།   འདི་ལ་བོད་སྐད་དུ་འབྲོག་པ་ཞེས་པའི་དོན་ཡིན།   ད་དུང་འདི་ལ་ཨོ་ཏོག་ཅེས་བྲིས་པའི་དེང་གི་ཡིག་ཆ་འགའ་རེ་མཐོང་དུ་ཡོད་ཀྱང་།  འདི་ནི་མ་དག་པ་ཟེར་ན་ཐལ་དྲགས་མོད་གང་ལྟར་ཕྱི་ནང་གི་སོག་རིགས་ཀྱི་སྐད་གདངས་དང་མི་མཐུན་པར་མ་ཟད་བོད་ཀྱི་ཚིག་མཛོད་ཆེན་མོ་དག་དང་ཅུང་ཟད་མི་མཐུན་པའི་ཉེས་འབྲི་ཞིག་ཏུ་མཐོང་གིན་འདུག་ལ།   དེ་ལས་ཀྱང་འོད་ཐོག་ཅེས་བྲིས་པ་དག་ནི་ཕ་མེས་ཀྱི་ལོ་རྒྱུས་མཐོང་བའི་བློ་མིག་ལྡོངས་ཤིང་ལོ་རྒྱུས་འཁྱོག་བརྗོད་དང་ཅི་བྱུང་གང་ཤར་ལྟ་བུ་ཡིན་པས་དེ་དག་ལ་ནི་སྐད་ཆ་མང་པོ་ཞིག་སྨྲ་བར་མི་བྱེད་ལ།  ད་དུང་ཨོ་ཐོག་ཅེས་པ་འདི་ཁས་ལེན་དང་བདེན་དུ་འཛིན་མི་ཐུབ་པ་རྣམས་ལ་རྒྱབ་རྟེན་དུ་ལུང་ཞིག་དྲངས་ན།    རྒྱལ་དབང་སྐུ་ཕྲེང་བདུན་པའི་རྣམ་ཐར་དཔག་བསམ་སྙེ་མ་དུ་ཡང་ཨོ་ཐོག་འགོ་བ་དགེ་འདུན་ནམ་མཁའ་ཞེས་བྲིས་པ་དེར་ཨོ་ཐོག་ཅེས་བྲིས་ཡོད་ལ།   ད་དུང་ཡུལ་ཤུལ་གྱི་མཁས་དབང་ཆོས་འཕེལ་གྱིས་བརྩམས་པའི་དཔལ་ལྡན་ས་སྐྱའི་བླ་ཆེན། སྤྲུལ་སྐུ་འཇམ་དཔལ་རྒྱལ་མཚན་གྱི་རྣམ་ཐར་སྡེ་དགེ་ཤིང་དཔར་དུ་འཁོད་ཡོད་པ་དེའི་ནང་དུ།   ཁམས་ལི་ཐང་ཡུལ་གྱི་ཤར་གྱི་རྒྱལ་ཕྲན་ཨོ་ཐོག་དཔོན་བཟའ་ནོར་བུ་སྒྲོལ་མ་ཁབ་ཏུ་བཞེས་ཞེས། མ་ཡུམ་གྱི་རིགས་རུས་བཤད་སྐབས་ཨོ་ཐོག་ཅེས་བྲིས་ཡོད་པ་སོགས་ཁུངས་བཙུན་པ་མང་པོ་ཞིག་ཡོད་ཀྱང་རེ་རེ་བཞིན་དྲངས་ནས་བཤད་མི་དགོས་པར་དེ་ཙམ་གྱིས་འཐུས་པར་བྱའོ།།

ཧོར་ལུང་།

   ཧོར་ལུང་ཞེས་པ་འདི་ནི་ཧོར་ལུང་གྲོང་རྡལ་སོགས་སུ་སྤྱོད་བཞིན་ཡོད་ལ།   ཧོར་ཞེས་པ་འདི་ནི་བྱང་ཐང་དུ་སྡོད་པའི་འབྲོག་པ་ལ་གོ་བས་ས་ཆ་འདི་ནི་བྱང་ཐང་ཡིན་པ་དང་གནའ་དུས་སུ་འབྲོག་པ་སྡོད་ས་ཡིན་པས་ཧོར་ལུང་ཞེས་བྲིས་པ་དེ་ཡང་དེ་ལྟར་མིན་ནམ་སྙམ་ཡང་།  ཚིག་གི་ཟུར་དུ་(ལུང་༽ཞེས་པ་ཞིག་ཡང་ཡང་ཐོན་པར་གཞིགས་ན་གནའ་དུས་སུ་བོག་ཡིག་ཏུ་ཧོར་ཞེས་པ་ནི་སོག་རིགས་ཀྱི་དོན་དུ་བྲིས་པ་མང་བས་འདི་རུ་སྔོན་དུས་སུ་སོག་པོས་དབང་བསྒྱུར་བྱས་པ་དང་སོག་རིགས་མང་པོ་མཉམ་གཅིག་ཏུ་སྡོད་མྱོང་བ་སོགས་ནི་བཟློག་ཏུ་མེད་པའི་ལོ་རྒྱུས་ཀྱི་ཁུངས་སྣེ་འགངས་ཆེན་ཞིག་ཡིན་པས་ཧོར་རམ་སོག་རིགས་སྡོད་སའི་ལུང་པ་ལྟ་བུ་ཞིག་ཡིན་པས་དེ་ལྟར་བཏགས་པ་ཕལ་ཆེར་བདེན་དུ་འཛིན་ན་མི་འགྲིག་པ་ཆེར་མེད་པར་སྙམ།   གང་ལྟར་འདི་ནི་ཧོར་ལུང་ཞེས་བྲིས་ན་དངོས་པོའི་གནས་ཚོད་དང་འདས་པའི་ལོ་རྒྱུས་གང་དུ་གཞིགས་ཀྱང་ཧ་ཅང་བདེན་པར་སྣང་བས་གཅིག་མཐུན་ཏུ་ཧོར་ལུང་ཞེས་བྲིས་ན་ལེགས་པར་མཐོང་།    ད་དུང་ས་ཆ་འདི་རུ་སོག་པོའི་སྐད་ལྟར་དུ་བཏགས་པའི་ཐ་སྙད་ཅུང་ཟད་མང་པོ་འདུག་སྟེ།   དཔེར་ན་སྟོད་གནས་སྡེ་བ་སོགས་སུ་ཐ་རྒྱ་ལོག་ཟེར་བའི་རི་མིང་ཞིག་ཡོད་པ་དེ་ཡང་སོག་པོའི་སྐད་ཡིན་པ་དང་།   ད་དུང་ཨོ་ཐོག་ཡུལ་གྱི་སྡེ་རྙིང་ཁྲོ་ཁོ་རུ་ཁུ་ལ་ཟེར་བ་ཞིག་ཡོད་པ་ཡང་སོག་སྐད་ཡིན་པ་སོགས་ཅུང་ཟད་མང་པོ་འདུག་པས།  རེ་རེ་བཞིན་དཔེ་མཚོན་དུ་དྲངས་ནས་བཤད་དགོས་པ་མི་འདུག་སྙམ་ནས་གནས་སྐབས་སུ་མ་སྤྲོས་སོ།། 

ཁུ་ལ།

   ཁུ་ལ་ཞེས་པ་འདི་ནི་ཁུ་ལ་ཤང་ཞེས་པ་སོགས་ཅུང་ཟད་མང་བ་དང་།   ཁུ་ལ་ཤང་ནི་ཉག་ཆུ་རྫོང་དུ་ཤང༡༦ཡོད་པ་ལས་དེའི་གྲས་ཀྱི་གཅིག་ཡིན་ལ།  ཁུ་ལ་ཤང་དུ་སྡེ་བ་ཆེན་པོ་གཉིས་ཙམ་ཡོད་པ་ལས་དཔོན་སྐོར་སྡེ་བའི་ས་ཆ་རུ་སོག་སྐད་ཀྱི་ས་མིང་ཧ་ཅང་མང་པོ་ཡོད།   དེ་དག་ལས་ཁུ་ལ་ཞེས་པ་ནི་སོག་པོའི་སྐད་དུ་ལུང་བ་རིང་པོ་ལ་གོ་བས་དེ་ནི་གང་ནས་བལྟས་ན་ཧ་ཅང་བདེན་དུ་འཛིན་ཐུབ་པ་ཞིག་ཡིན།   འོན་ཀྱང་།   ད་ལྟའི་དུས་སུ་ཁུ་ལ་ཤང་ཆགས་ས་དེ་ནི་གནའ་དུས་ནས་ཁུ་ལ་ཞེས་བཏགས་པ་མིན་པ་དང་།   དེ་ནི་ཁུ་ལ་ཤང་ཆགས་སའི་སྔོན་མའི་ས་ཆ་དེ་ནི་ཁུ་ལ་ཞེས་པའི་ས་ཆ་དེ་ཡིན་པས།   ས་བརྗེ་ཡང་མིང་མ་བརྗེ་བ་ཞིག་ཏུ་འདུག་པས་དེ་ནི་གོ་ནོར་ཐེབས་སྲིད་པ་ཞིག་ཏུ་མཐོང་།   ད་དུང་ཧོར་ལུང་གྲོང་རྡལ་གྱི་གྲལ་དུ་གཏོགས་པའི་ཁུ་ལ་སྡེ་བ་ཞེས་པ་ཞིག་ཡོད་པ་དེ་ཡང་གང་ནས་བལྟས་ན་དངོས་གནས་ཐ་སྙད་དེ་འདོགས་རིགས་པ་ཞིག་ཏུ་སྣང་།   དེ་བས་འདི་ལ་ཁོ་ལག་དང་ཁུ་ལག་ཁོ་ལ་སོགས་བྲིས་ཀྱང་དེ་དག་ནི་ཡིག་ནོར་ཁོ་ན་ལས་མི་གདའ་བས་རྗེས་སོར་ཁུ་ལ་ཞེས་པའི་ཐ་སྙད་དེ་བཏགས་ན་དོན་དང་མཐུན་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེ་དག་དང་མཐུན་པར་སོང་བས་མཁས་པ་རྣམས་ཀྱིས་གཟིགས་ན་ཤིན་ཏུ་གོ་རྒྱུ་ཆེ་བར་སྙམ།    ད་དུང་ས་ཆ་འདི་རུ་ཨུ་སུ་དུས་ཟེར་བའི་རི་ཞིག་ཡོད་ལ།   དེ་ནི་སོག་པོའི་སྐད་དུ་རྩྭ་ཆུ་འཛོམས་པའི་ལུང་བ་ལ་གོ་དགོས་པ་དང་།  ད་དུང་བཱ་ཡ་བཱེ་ཐུར་ཟེར་བ་སོགས་ཅུང་མང་པོ་འདུག་ཀྱང་ཤིན་ཏུ་རྒྱས་པར་མ་སྤྲོས།

དྲེད་ཤུལ་སྒོ།

    ས་འདི་ནི་ཁུ་ལ་ཤང་དང་ཐག་ཉེ་བའི་ཤར་ལྷོ་ཡི་མཚམས་སུ་ཡོད་ལ།   འདི་ལ་བཀྲ་ཤིས་སྒོ་དང་དྲི་ཤེས་སྒོ་སོགས་མིང་ཅི་རིགས་ཤིག་བཏགས་པར་མངོན་ལ།   དེ་དག་ནི་དྲང་མོར་སྨྲས་ན་ལག་ལ་ཅི་ཡོང་དང་ཞལ་ལ་ཅི་རྒྱུག་ལྟ་བུ་ལས་གཞན་ཁུངས་འདེད་ས་གང་ཡང་མི་གདའ་བས་གནས་སྐབས་སུ་དེ་དག་ལ་ཚིག་ངན་སྨྲ་བར་མི་བྱ་ལ།  དོན་ལ་ཕན་པའི་གཏམ་ཉུང་ངུ་རེ་གླེང་བར་བྱས་ན།   འདི་ལ་ཡང་ཡང་དཔེ་ཆ་རེ་འགའ་བཀླག་པ་དང་དོན་ལ་བསམ་གཞིག་ཉུང་ངུ་རེ་བྱས་ན་ཅིས་ཀྱང་(དྲེད་ཤུལ་སྒོ)ཞེས་བྲིས་ན་ཁ་སྐད་དང་མཐུན་ལ་དོན་དང་ཐག་རབ་ཏུ་ཉེ་བས་དགོས་མེད་ཀྱི་རྩོད་ཉོག་ཁོ་ན་ལས་གཅིག་མཐུན་དུ་དེ་ལྟར་བྲིས་ན་ལེགས་པར་སྙམ།    འདི་ལ་ཁ་སེམས་ཐོ་ཐུག་པའི་གཏམ་ཞིག་འཆད་ན།   གནས་དུས་སུ་ཉག་ཆུ་རྫོང་གི་ས་ཆ་འདི་དག་ནི་ཇ་རྟའི་གནའ་ལམ་གྱི་ལམ་སྣེ་གལ་ཆེན་དག་ཏུ་གྱུར་ཡོད་པ་ལོ་རྒྱུས་ཀྱིས་བརྗེད་དུ་མེད་པ་ཞིག་ཏུ་བྱས་ཡོད།   དེ་བས་ས་ཆ་འདི་ལ་ཡང་སྔ་མོའི་དུས་ནས་དྲེད་བཤར་སའི་འཕྲང་ལམ་ཞིག་ཡོད་པ་དེ་ཡང་ཞིབ་ཏུ་བསམ་ན་ཇ་སོགས་ཚོང་རྫས་སྐྱེལ་འདྲེན་གྱི་འཕྲང་ལམ་ཞིག་ཡིན་པར་གསལ་པོ་འདུག་སྙམ།  དེ་བས་འདི་རུ་གནའ་དུས་སུ་ཇ་སོགས་ཚོང་རྫས་སྐྱེལ་འདྲེན་བྱེད་ཡོད་པ་ནི་ད་ལྟའི་ཆར་ཡང་དྲེད་བཤར་སའི་འཕྲང་ལམ་སོགས་ལ་བརྟག་ན་ར་སྤྲོད་ཐུབ་པ་ཞིག་ཏུ་འདུག་པས་དྲེལ་ཤུལ་སྒོ་ཞེས་བཏགས་ན་གནད་དུ་ཁེལ་བ་ཞིག་ཏུ་འདུག་སྙམ།

ཆུ་རིས་ལུང་བ།

    འདི་ནི་ཉེ་ལམ་ཆུ་ར་ལུང་བ་ཟེར་ནས་བྲིས་ཡོད་པ་ཤིན་ཏུ་མང་བར་མ་ཟད།  གྲོང་སྡེ་དེ་རུ་ཆུ་ར་གྲོང་ཚོ་ཞེས་བྲིས་ཡོད་པས་ཅུང་ཟད་རྒྱས་པར་མ་བཤད་ཐུ་མེད་རེད།   དེས་ན་ལུང་བ་འདིའི་མིང་ལ་ཅི་འདྲར་འབྲི་དགོས་ཤེ་ན།   དེ་ནི་ལུང་བ་དེ་རུ་ཆུ་རིང་པོ་ཞིག་ཡོད་པ་དང་།  དེ་ཡང་དྲང་པོ་བྱས་ནས་རྒྱུག་བཞིན་པ་མ་ཡིན་པར།   ཕར་ཚུར་ལ་ཀྱོག་ནས་འགྲོ་བཞིན་ཡོད་པས་ཅིས་ཀྱང་ཆུ་རིས་ཞེས་བཏགས་དགོས་པར་སྣང་།    ཆུ་རིས་ཞེས་པ་ནི་ཆུ་ཡི་གཉེར་མ་ལ་གོ་བས་ཆུ་འདིའི་བཤར་སྟངས་ལ་བལྟས་ན་ཐ་སྙད་དེ་ནི་ཧ་ཅང་འཚམ་པ་ཞིག་ཡིན།   ད་དུང་ཆུ་རིས་ཞེས་པ་ནི་ཆུ་ཡི་རི་མོ་ལ་ཡང་གོ་ཆོག་པས་དེ་ལྟར་དུ་འགྲེལ་ན་ཡང་མི་ཆོག་པ་ཆེར་མེད་པར་གདའ།   གང་ལྟར་འདི་ལ་ཆུ་ར་དང་ཆུ་རི་ཞེས་པ་སོགས་ནི་དོན་ལ་བལྟས་ན་གོ་རྒྱུ་དབེན་པ་དང་།  ཚིག་ལ་བསམ་ན་འགྲེལ་བཤད་ལོག་པར་དགོས་པས།    རང་ཡུལ་ལ་ཆ་རྒྱུས་ཟབ་པའི་མི་བུ་དག་གིས་བྱུང་རྒྱལ་དུ་དེ་ལྟར་མི་འབྲི་བའི་རེ་བ་ཆེ།


  • ལེ་ཚན་སྔོན་མ།:གསེར་ཧོར་ཤུལ་གྱི་ས་བབ་ཆགས་ཚུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།