ཨོ་ཐོག་གནའ་བྲོ་དྲུག་བྲོ་མ་ཅུང་ཙམ་གླེང་བ།

དགེ་འདུན་གྱིས་བྲིས།        2020-03-26

ཨོ་ཐོག་གནའ་བྲོ་དྲུག་བྲོ་མ་ཅུང་ཙམ་གླེང་བ།

རྒན་རབས་དྲུང་ནས་དྲུག་བྲོ་མ་སྦྱོང་བཞིན་པའི་ཚུལ།

ཨོ་ཐོག་གནའ་བྲོ་དྲུག་བྲོ་མ་ཅུང་ཙམ་གླེང་བ།

དྲུག་བྲོ་མ་འཁྲབ་སྦྱོང་བྱེད་བཞིན་པའི་ཚུལ།


     དྲུག་བྲོ་མའི་དར་ཡུལ་ནི་ཨོ་ཐོག་ཡུལ་ཡིན་ལ་ཨོ་ཐོག་དཔོན་རབས་དུ་མའི་རིང་ལ་དུས་ཆེན་ཁག་གི་རྩེད་མོ་རྩེ་སྐབས་སུ་དྲུག་བྲོ་མའི་བྲོ་མཆོད་སྔོན་དུ་བཏང་ནས་རྩེད་མོ་གཞན་རྣམས་རིམ་བཞིན་རྩེད་སྲོལ་ཡོད། དྲུག་བྲོ་མ་ལ་རང་ཉིད་ཀྱི་ཁྱད་ཆོས་མང་པོ་ལྡན། བྲོ་ངག་ལ་དབྱངས་ཀྱི་བྱིན་ཆགས་པ་ལྷོད་ཞིང་གདངས་གསལ་བ་དྲུག་འགྱུར་གྱི་ཉམས་དང་ལྡན་པའི་གནའ་བྲོ་འདི་ལ་དྲུག་བྲོ་མ་ཞེས་འབོད། སྐྱེས་པ་ཚོ་ཁག་ཅིག་དང་བུད་མེད་ཚོ་ཁག་ཅིག་བྱས་ནས་བྲོ་ཁྲིད་ཅིང་ཕན་ཚུན་ལེན་རེས་དང་། གོར་གོར་བྱས་ནས་འཁྲབ་པ་མ་ཚད་འདུན་རྒྱབ་དང་གསེག་རྒྱུགས་སོགས་གོམ་སྟབས་མི་འདྲ་བ་དྲུག་གསུམ་བཅོ་བརྒྱད་ཡོད་པས་དྲུག་བྲོ་མ་ཞེས་འབོད། ལག་པ་གཡུག་གཡུག་དང་སྐེད་པ་སྒུར་སྒུར། སྐབས་རེར་ལག་པ་ཕན་ཚུན་རོ་སྟོད་དང་སྐེད་པར་འཚམས་སུ་འཇོག་པ། སྐྱེས་པ་ཚོའི་མགོ་ལ་ཞྭ་འོབ་འམ་ཡང་ན་སྐྲ་ལྷུག་འཕེན་ཞིང་རྐང་ལ་ལྷམ་མཐིལ་མ་སོགས་གྱོན་ཞིང་སྟག་མོ་ནག་ལ་མཆོངས་འདྲའི་སྔར་ལྟས་ཕྱི་ལྟས་བཅོ་བརྒྱད་ཚང་བའི་ཁམས་པའི་ཕོ་རྒོད་ཀྱི་ཉམས་འགྱུར་ལྷག་ཏུ་ལྡན།

དྲུག་བྲོ་མ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ།

བུད་མེད་ཚོའི་མགོ་ལ་ཁྱ་མོའམ་ཡང་ན་ཚགས་རིའི་བཏགས་ཅིང་རྐང་ལ་ཆུ་ལྷམ་འཇའ་མ་སོགས་གྱོན་ནས་ངང་བ་མཚོ་ལ་སོང་འགྲོའི་སྟེང་ལྟས་འོག་ལྟས་བཅོ་བརྒྱད་ཚང་བའི་ཁམས་པའི་བུ་མོའི་བབ་ཆགས་ཞི་དུལ་གྱི་སྒེག་ཉམས་ལྷག་པར་མངོན་ཐུབ། བྲོ་ཚིག་ནང་དུ་ཐོན་སྐྱེད་དང་འཚོ་བ །བཀྲ་ཤིས་རྟེན་འབྲེལ་གྱི་ཨ་སྔོ་བྲོ་ཚིག། བསྟོད་ཚིག་དང་བསླབ་བྱ་སོགས་དང་འབྲེལ་ཞིང་། ལྷག་པར་དུ་འབྲོག་པའི་འཚོ་བ་དང་འབྲོག་མོ་རྣལ་མ་ཞིག་གི་འབྲོག་ལས་དང་ཚོང་ལས་མཚོན་པའི་བྲོ་ཚིག་ཀྱང་མང་དུ་མཆིས།

ཨ་སྔོན་གཡང་གི་རི་ལ།།

རྟེན་འབྲེལ་ཡག་མོ་འགྲིགས་སོང་།།

ཉི་ཟླ་ནོར་བུ་འདྲ་བོ།།

གཡང་གི་རི་ལ་འཛོམས་བྱུང་།།

སྐར་ཕྲེང་པདྨ་འདབ་བརྒྱད།།

འཛོམས་པའི་སྨོན་ལམ་བཏབ་ཡོད།།

བྲག་དཀར་གཡང་གི་རི་ལ།།

རྟེན་འབྲེལ་ཡག་མོ་འགྲིགས་སོང་།།

རྒོད་དཀར་ནོར་བུ་འདྲ་བོ།།

གཡང་གི་རི་ལ་འཛོམས་བྱུང་།།

གཤོག་དྲུག་པདྨ་འདབ་བརྒྱད།།

འཛོམས་པའི་སྨོན་ལམ་བཏབ་ཡོད།།

བཅོ་བརྒྱད་གཡང་གི་རི་ལ།།

རྟེན་འབྲེལ་ཡག་མོ་འགྲིགས་སོང་། །

འདི་བཞུགས་ནོར་བུ་འདྲ་བོ། །

གཡང་གི་རི་ལ་འཛོམས་བྱུང་། །

ཁ་མཚར་པདྨ་འདབ་བརྒྱད། །

འཛོམས་པའི་སྨོན་ལམ་བཏབ་ཡོད།

 

དགུང་འདིའི་ཨ་སྔོན་སྟེང་ལ།།

གསལ་མོ་གསུམ་གྱི་གྲ་འགྲིག།

གཅིག་དེ་ཁྲི་གདུགས་ཉི་མ།།

གཉིས་དེ་དུང་ཆུང་ཟླ་བ།།

གསུམ་དེ་སྐར་མ་སྨིན་དྲུག།

གསལ་མོ་གསུམ་གྱི་གྲ་འགྲིག།


ཨོ་ཐོག་གནའ་བྲོ་དྲུག་བྲོ་མ་ཅུང་ཙམ་གླེང་བ། 

བྲག་འདིའི་དཀར་ཡག་སྟེང་ལ།།

མགྱོགས་པ་གསུམ་གྱི་གྲ་འགྲིག།

གཅིག་དེ་དངུལ་འབྱུང་རྒོད་དཀར།།

གཉིས་དེ་གླག་མོ་མཁལ་ཁྲ།།

གསུམ་དེ་ཁུ་ཡུག་སྔོན་མོ།།

མགྱོགས་པ་གསུམ་གྱི་གྲ་འགྲིག།

ས་འདིའི་བཅོ་བརྒྱད་སྟེང་ལ།།

བཟང་པོ་གསུམ་གྱི་གྲ་འགྲིག།

གཅིག་དེ་བླ་མ་བཟང་པོ།།

གཉིས་དེ་དཔོན་ལི་བཟང་པོ།།

གསུམ་དེ་མ་སྲུ་བཟང་པོ།།

བཟང་པོ་གསུམ་གྱི་གྲ་འགྲིག།

ཨོ་ཐོག་གནའ་བྲོ་དྲུག་བྲོ་མ་ཅུང་ཙམ་གླེང་བ།

ཨ་ཅེ་ཆོས་གཡང་སྒྲོལ་མ།།

འབྲི་མོ་བརྒྱ་ཡི་བདག་མོ།།

བཞོ་ཟོ་གསེར་ཟོ་ཁྲ་མོ།།

ཟོ་ལུང་སྟོང་སྐུད་དགུ་སྒྲིལ།།

 

སྔ་དྲོ་འོ་མ་བཞོ་བཞོ།།

རྒྱ་ཟོམ་འོ་མས་བཀང་ཡོད།།

ཕྱི་དྲོ་འོ་མ་བཤིགས་བཤིགས།།

མར་དཀར་སྡེར་དཀར་སྒྲིག་ཡོད།།


མར་དཀར་སྡེར་དཀར་སྒྲིག་ནས།།

མར་དོ་བརྒྱ་དང་བརྒྱད་ཅུ།།

སྨུག་ཆུང་དྲེལ་ལ་བཀལ་ནས།།

ལྷ་སའི་མཐིལ་ལ་བུད་སོང་།།

 

ལྷ་སའི་མཐིལ་ལ་སོང་ནས།།

གཡུ་དང་བྱུ་རུར་བརྗེས་ཡོད།།

རང་ཡུལ་ལུང་ལ་ཐོན་དུས།།

རང་ཡུལ་བུ་མོའི་རྒྱན་ཆ།།

ཨོ་ཐོག་གནའ་བྲོ་དྲུག་བྲོ་མ་ཅུང་ཙམ་གླེང་བ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཁམས་མི་ཉག་ཡུལ་གྱི་སྒུར་བྲོའི་སྐོར་བཤད་པ།
  • ལེ་ཚན་རྗེས་མ།:ཨོ་ཐོག་ཡུལ་གྱི་གཞས་མོ་དང་འབྲེལ་བའི་གཏམ།