སྐྱེས་མ་ཨ་རིག་དང་ཨ་རིག་བོད་ཟས།

རྒྱལ་ལྡོང་ཨོ་རྒྱན་དོན་གྲུབ།        2019-12-27

སྐྱེས་མ་ཨ་རིག་དང་ཨ་རིག་བོད་ཟས།

བོད་རྒྱལ་མོ་ཚ་བ་རོང་གི་བུད་མེད་ཁེ་ལས་པ་ཨ་རིག་གི་ལས་གཏོད་ཀྱི་ལམ་བུ་ལ་རགས་ཙམ་བལྟས་པ།


རྒྱལ་མོ་རྔུལ་ཆུའི་འགྲམ་ནས་སྐྱེས་པའི་རྒྱལ་རོང་བུ་མོ་གོ་ཆོད་ཅིག

    ཁོ་མོའི་མིང་ལ་ཨ་རིག་ཅེས་འབོད་ཅིང་། བོད་མདོ་ཁམས་ཕྱོགས་ཀྱི་རོང་བའི་བུ་མོ་བྱིངས་དང་འདྲ་བར་རི་གྲོང་ནས་འཚར་ལོངས་བྱུང་བ་ཡིན།རྒྱལ་མོ་ཚ་བ་རོང་ཞེས་དཀན་གཟར་གྱི་རི་བོའི་མཁའ་ལ་འགྱིང་ཞིང་བྱ་རྒོད་པོ་ཡིན་ཡང་ནམ་འཕང་གཅོད་དཀའ་བ།རྒྱལ་རོང་རྒྱལ་མོ་རྔུལ་ཆུ་དྲག་ཏུ་བཞུར་བས་ཉ་གསེར་མིག་ཡིན་ཡང་འཁྱུག་རྩལ་ངོམ་དཀའ་བའི་ས་ཡི་ཆ།ཤར་རྒྱལ་མོ་རོང་གི་ས་ཡི་ལྟེ་བ། སྔོན་རྒྱལ་རོང་བྲག་སྟེང་རྒྱལ་པོའི་ཕོ་བྲང་གི་ཉེ་འཁོར།དེང་གི་རོང་བྲག་རྫོང་བྲག་སྟེང་ཡུལ་ཤོག་ཁྱུང་ཤམ་སྡེ་བ་རུ་སྤྱི་ལོ1969ལོའི་ཟླ5པའི་ཚེས6ཉིན་སྐྱེས་ཤིང་། ཁྱིམ་གྱི་མིང་སྲིང་གསུམ་ལས་འབྲིང་བ་དེ་ཡིན་ལ་བུ་མོ་གཅིག་པོ་དེའང་ཡིན།ཁྱིམ་གྱི་ཕ་མ་གཉིས་པོ་ནི་ཞིང་པ་ཡིན་སྟབས་རྒྱུན་པར་ཞིང་ལས་ཀྱི་ཐོན་སྐྱེད་ལ་བརྟེན་ནས་ཁྱིམ་ཚང་གི་ཁ་གསོ་དགོས་སྟབས།བུ་མོ་ཆུང་ཆུང་འདིའང་ཆུང་སླེ་པོ་རྒྱབ་ལ་ལྕོག་དུས་ནས་ས་ཞིང་གྲུ་བཞི་རུ་དྲིན་ཕ་མ་གཉིས་དང་མཉམ་དུ་ཞིང་ལས་ཀྱི་བྱ་བར་ཞུགས་ནས་ཁོང་གཉིས་ལ་ལག་རོགས་ཅི་ཐུབ་བྱས།

    ཆུང་བྱིས་པའི་རྩེ་ར་གྲུ་བཞི་ནས་སློབ་གྲྭར་འགྲིམ་རན་པའི་དུས་ལ་སླེབས་སྐབས།ཁོ་མོའི་ཁྱིམ་གྱི་ཆ་རྐྱེན་ཞན་པས་ལོ་དུས་ལྟར་ན་མཉམ་ཚོ་དང་ལྷན་དུ་སློབ་གྲྭར་ཞུགས་རྒྱུའི་གོ་སྐབས་མ་ཐོབ།དེ་ནི་བུ་མོ་ཆུང་ཆུང་བརྩོན་སེམས་ཅན་འདི་ལ་ཐོབ་མི་འོས་པའི་ལས་ཀྱི་བསྐོས་ཐང་དེ་ཡིན་པས།མོས་སྡུག་གི་སེམས་ནད་ཁོག་ཏུ་གསོགས་བཞིན་ཁྲ་ཆུང་མིག་ལས་སྐྱོ་བའི་མིག་ཆུ་བཞུར་བའང་ཐེངས་གཅིག་ག་ལ་ཡིན།ལོ་ན་ཆུང་རུང་སློབ་གྲྭར་འགྲིམ་འདོད་ཀྱི་ངར་ཤུགས་ཤིག་ལྡན་པ་དྲིན་ཕ་མ་ཟུང་གིས་རྟོགས་ནས་ཁྱིམ་གྱི་འཚོ་བ་ལ་ཕྱོགས་གང་ཐད་ནས་དཀའ་ངལ་ཆེ་རུང་གཅེས་པའི་བུ་མོ་སློབ་གྲྭར་མངགས་པས།ཁོ་མོ་རང་ལོ་བཅུ་ལ་ལོན་པའི་ལོ་དེར་ད་གཟོད་དཔེ་ཁུག་ཆུང་ཆུང་ཕྲག་ཏུ་གཟར་ནས་དགའ་བའི་དགོད་སྒྲ་གདོང་དུ་ངོམས་བཞིན་གྲོགས་ཁ་ཡ་ན་ཟླ་དང་མཉམ་དུ་སློབ་གྲྭར་ཞུགས་ཏེ་སློབ་ཆུང་ལོ་རིམ་དང་པོ་འདོན་རྒྱུའི་བསྐལ་བཟང་གི་གོ་སྐབས་དེ་ཐོབ།སློབ་གྲྭར་ཞུགས་ཐུབ་སོང་བ་དེ་ནི་ཁོ་མོར་མཚོན་ན་ཆེས་བདེ་སྐྱིད་ལྡན་པའི་བྱ་བའི་ལས་བཟང་པོ་ཞིག་ཏུ་བརྩིས་ནས།སློབ་གྲྭ་ནས་སྦྱོང་བྱ་ཀུན་ལ་འབད་པས་འཇུག་པ་དང་ལས་བྱ་ཚང་མ་ཡང་དུས་ཐོག་ཏུ་བྲིས་ཤིང་ཕྱིར་ཁྱིམ་དུ་ལོག་ནས་ཕ་མ་གཉིས་ཀར་ཞིང་ས་གྲུ་བཞི་ནས་སྔོ་ཚོད་དང་འབྲུ་རིགས་འདེབས་བརྔ་དང་གཡང་ཁྱིམ་གྲུ་བཞི་ནས་ཁྱིམ་ལས་ཙག་ཙིག་སོགས་རང་གིས་འཇོན་ཚོད་ཀྱིས་རོགས་དན་ཅི་ཐུབ་བྱས།དེ་ལྟར་ལོ་འགའ་ལ་སློབ་གྲྭར་ཞུགས་ནས་སྦྱངས་འབྲས་བཟང་ལ་ཁྱིམ་མིའི་ཁར་ཉོན་ནས་དྲིན་ཕ་མ་ལ་རོགས་རམ་ཅི་ཐུབ་བྱས་པས།སློབ་གྲྭའི་དགེ་སློབ་དང་གྲོང་མི་ཁྱིམ་མཚེས་ཡོངས་ཀྱིས་བུ་མོ་ཆུང་ཆུང་གོ་ཆོད་རེད་ཅེས་བསྟོད་པའི་མཐེ་བོང་བསྒྲེངས་ཏེ་བསྔགས་བརྗོད་བྱེད་སའི་ཡུལ་ཞིག་ཏུ་གྱུར།

སྐྱེས་མ་ཨ་རིག་དང་ཨ་རིག་བོད་ཟས།

དཔེ་ཁུག་བཟང་པོར་འབྲེལ་བ་ཆད་ནས་གནས་ལམ་སྙེགས་པའི་མནའ་མ་ཞིག

    དུས་རབས་གསར་རྙིང་གཉིས་ཀྱི་བར་མཚམས་ནས་བསམ་བློ་གསར་རྙིང་གཉིས་ཀྱིས་གདོང་ཐུག་རྒྱག་པའི་དུས་སྐབས་སུ།ཡུལ་རྒྱལ་མོ་རོང་ཡང་སྲོལ་རྒྱུན་གྱི་བསམ་བློ་རྙིང་པའི་བག་ཆགས་ཟབ་དྲགས་ལ། སྐྱེས་ཕོ་རབ་འགྲོ་འགྲོ་ཇག་ལ་འགྲོ།དམན་བུ་མོ་འགྲོ་འགྲོ་གནས་ལ་འགྲོ་ཞེས་པའི་དཔེ་ལྟར་བུ་མོ་ཞིག་ཡིན་པ་ནས་བཟུང་ཁྱིམ་གྱི་གཞི་འཁོར་བ་འཛིན་པའི་ཐབས་ལ་འབད་པ་ལས་སློབ་གྲྭ་རིག་པའི་སྒོ་ཐེམ་སྙེགས་ན་ཕུགས་ཀྱི་འདུན་མ་རྒྱང་ལ་བལྟས་པའི་མིག་ཟུང་ལྡན་ཁ་ཁེར་ལས་ག་ལ་ཡོད།ཁོར་ཡུག་དེ་འདྲ་ཞིག་ནས་ལག་ཆགས་པའི་ཁོ་མོ་ཡང་སློབ་གྲྭ་རུ་མུ་ནས་འགྲོ་རྒྱུའི་གོ་སྐབས་དེར་ཁྱིམ་གྱི་དྲིན་ཆེན་ཕ་མ་དང་ཉ་ཉེ་རིང་ཀུན་གྱིས་རྒྱབ་སྐྱོར་མ་ཐོབ་པས།ཐོས་བརྩོན་གྱིས་གཤོག་ཟུང་བསྐྱངས་ནས་སློབ་གྲྭ་རིག་པའི་དབྱིངས་རིམ་ནས་རྒྱ་བོད་ཡིག་ཀུན་ལ་འབད་པའི་གནམ་འཕང་གཅོད་བཞིན་པའི་རིག་བཟང་གི་བྱེའུ་ཞིག་གི་མདུན་ལམ་འདི་ལྟར་བར་ཆད་སྤྲིན་ནག་གིས་ཡོངས་སུ་བསྒྲིབས་ནས་མུ་མཐུད་དུ་ཤེས་བྱ་རིག་པའི་དགའ་ཚལ་འགྲིམ་རྒྱུའི་སྐལ་བ་ཡོངས་སུ་ཆད་དེ་སློབ་གྲྭའི་སྒོ་མོ་ལས་ཕྱིར་བུད་ནས་སློབ་མ་ཞེས་པའི་མིང་སྙན་མོ་དེ་དོར་ནས་རི་གྲོང་གི་བུ་མོ་དཀྱུས་མ་ཞིག་གི་འཚོ་བ་རོལ་འགོ་བརྩམས།

    རིམ་བཞིན་ནར་སོན་ནས་བཅུ་དྲུག་གི་ན་ཚོད་དར་ལ་བབས་ཤིང་ཉི་ཤུའི་མཛེས་སྡུག་ཀུན་ནས་བཞད་དུས་ཨ་རིག་ཅེས་པའི་མཛེས་མ་འདིའི་ལང་ཚོའི་མཛེས་སྡུག་དང་མི་གཞིའི་ཀུན་སྤྱོད་བཟང་པོ་དེ་ཀུན་གྱིས་གླེང་གཞིར་གྱུར།རྒོད་ཐང་དཀར་འཕུར་ས་ཨ་སྔོན་གནམ་ཡིན་རུང་ལུས་གྲིབ་མ་ཕོག་ས་དོག་མོ་ས་ཞེས་པ་ལྟར།  སྲོལ་རྒྱུན་གྱི་བག་ཆགས་རྙིང་པའི་འདུ་ཤེས་རྔམས་མཐུག་པའི་རི་གྲོང་དེ་ནས་ཁོ་མོ་མི་ཚེའི་ཚེ་རོགས་ཀྱང་དྲིན་ཕ་མ་དང་རྒན་རབས་དག་གིས་གཉེན་ཐག་བཅད་ནས་ཆ་རྒྱུས་དང་འབྲེལ་འདྲེས་ཅི་ཡང་མེད་པའི་གསར་བུ་ཞིག་དང་གཉེན་དུ་བསྡེབས།ཁོ་མོས་དྲིན་ཕ་མའི་བཀའ་མ་ལྡོག་ལ་གོང་རྒན་རབས་དག་གི་ངག་ལ་ཉོན་ནས་རྒྱུས་མེད་ཀྱི་གནས་ལམ་རིང་མོར་མིག་ཆུས་སྙེགས་ཤིང་མི་ཚེའི་གོམ་ཁ་མནའ་མ་ཞེས་ཐོག་པའི་གནས་ཡུལ་དེར་སྤོ་མགོ་བརྩམས།  རིམ་བཞིན་གནས་ལམ་རིང་མོ་ནས་རང་གི་ཤ་ཁྲག་ལས་ཆད་པའི་སྙིང་དང་འདྲ་བའི་བུ་མོ་ཆུང་ཆུང་ཞིག་གི་ཨ་མར་གྱུར་པས།ཁོ་མོའི་སེམས་སུ་ངའི་བུ་མོ་ནི་ང་ལྟར་མི་ཚེ་གནས་ལམ་ནས་ཟད་པའི་སྲོལ་རྙིང་གི་ར་ལས་བརྒལ་ཐུབ་པའི་གཅེས་ཕྲུག་མ་ཤེས་རིག་ཡོན་ཏན་ཅན་ཞིག་ཏུ་གསོ་སྐྱོང་བྱ་དགོས་སྙམ་པའི་ཆོད་སེམས་བརྟན་པོ་ཞིག་ཡ་ཆུང་སེམས་ཀྱི་དཀྱིལ་ནས་རྟག་བརྟན་རྡོ་རིང་བཞིན་འགྱུར་མེད་དུ་གནས།

སྐྱེས་མ་ཨ་རིག་དང་ཨ་རིག་བོད་ཟས།

ཕུགས་ཀྱི་འདུན་མ་རྒྱང་ལ་སྙེགས་པའི་དུས་རབས་ཤིག་གི་སྐྱེས་མ་ཞིག

    དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་མགོར།ཁོ་མོའི་ཕུ་བོ་དམའ་འབྲིང་ནས་སློབ་མཐར་ཕྱིན་རྗེས་མི་ཚེའི་ཕུགས་འདུན་གཞན་ཞིག་འཚོལ་ཆེད་གྲོགས་པོ་ཞིག་དང་འགྲོག་ནས་ཕ་ཡུལ་གྱི་རི་ཆུ་ལུང་གསུམ་སོགས་སྣོད་བཅུད་གཉིས་སུ་གཞིས་ཆགས་པའི་སྙིང་ཉེ་བ་ཡོད་ཚད་རྒྱབ་ཏུ་བསྐྱུར་ནས་མི་ཡུལ་ལུང་པ་དང་དུ་ལེན་ཏེ།རྒྱང་ཐག་རིང་བའི་གྲོང་ཁྱེར་ཁྲེང་ཏུའུ་རུ་འགྲིམ་ནས་ཚོང་ལས་ཀྱི་བྱ་བ་གཉེར་བཞིན་ཡོད་པ་རེད།ཕ་ཡུལ་ན་ལུས་ཡོད་པའི་སྲིང་མོ་ཆུང་ཆུང་ཨ་རིག་གིས་ཕུ་བོའི་འཚོ་བར་ཡིད་སྨོན་སྐྱེས་ཤིང་།ཕུ་བོ་ལྟར་ཚོང་ལས་ཀྱི་བྱ་བར་ཞུགས་ཐུབ་ན་ཅི་མ་རུང་སྙམ་པའི་འདུན་པ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ཤིང་།ནམ་རྒྱུན་ཕུ་བོར་འཕྲིན་ཡིག་ཐེངས་མང་བྲིས། འཕྲིན་ཡིག་ཏུ་རང་ཉིད་ཕ་ཡུལ་གྱི་ད་ལྟའི་འཚོ་བ་ལྟར་མི་ཚེ་བསྐྱལ་ན་མི་འདོད་ཚུལ་དང་།ཡངས་བའི་རྒྱལ་ཁམས་མྱུལ་ནས་ཚོང་ལས་ཀྱི་བྱ་བ་ཞིག་ལ་ཞུགས་འདོད་ཡོད་ཚུལ། སྙིང་གི་གཅེས་ཕྲུག་བུ་མོ་ཆུང་ཆུང་གི་མདུན་ལམ་ལ་དམིགས་དགོས་ཚུལ་སོགས་ཀྱི་ནང་དོན་འདུས་པའི་འཕྲིན་གང་མང་ཕུ་བོའི་ལག་ཏུ་གཅིག་རྗེས་གཉིས་མཐུད་དུ་འཕྲོད།ཕུ་བོས་འཕྲིན་ལན་ཞིག་བསྐུར་ཞིང་དེའི་ནང་དུ་ཁོ་མོའི་མི་ཚེའི་གདམས་ག་ཡོངས་ལ་རྒྱབ་སྐྱོར་བྱས་ཡོད་པས་མ་ཚད་ཕུ་བོས་ཁྱེད་ལ་འདས་མ་ད་གསུམ་ལ་རྒྱབ་སྐྱོར་ཡོད་ཚུལ་སོགས་ཀྱི་ནང་དོན་འདུས་ཡོད་པས།ཁོ་མོར་མཚོན་ན་རྨ་བྱས་འབྲུག་སྒྲ་ཐོས་པ་བཞིན་དུ་དགའ་སྤྲོ་དཔག་མེད་སྐྱེས་འོས་པའི་ཡུལ་ཞིག་ཅི་ལ་མིན།

    “ངའི་བུ་མོ་ནི་ང་རང་གི་ཕུགས་ཀྱི་འདུན་མ་འཚོལ་འདོད་ཀྱི་སྒུལ་ཤུགས་དེར་གྱུར་ཡོད་ལ།ངས་སྙིང་གི་གཅེས་ཕྲུག་མ་འདིའི་མ་འོངས་པའི་འཚོ་བ་ང་ལྟར་རོལ་མི་དགོས་པ་ཞིག་ལ་འདུན་མ་བཅངས་པ་ཡིན།”ཞེས་པ་ནི་ཁོ་མོའི་མི་ཚེར་འགྱུར་བ་འགྲོ་བའི་ཁ་ཕྱོགས་ཤིག་དང་གཅེས་ཕྲུག་ལ་བཅངས་པའི་བརྩེ་བ་མཚོན་པའི་སྐད་ཆ་ཐུང་ཐུང་ཞིག་རེད།སྤྱི་ལོ1995ལོ་སྟེ་ཁོ་མོ་རང་ལོ26ལ་སླེབས་པའི་ལོ་དེར་ཁྱིམ་མིའི་མོས་མཐུན་མེད་པ་སོགས་ཀྱི་དཀའ་ཁག་གང་མང་གདོང་ལེན་བྱས་ནས་ཕུ་བོ་ཡོད་སའི་གྲོང་ཁྱེར་ཁྲེང་ཏུའུ་ཕྱོགས་སུ་བསྐྱོད།ཉིན་ཞག་གཉིས་ལ་མགྲོན་འཁོར་དུ་བསྡད་ནས་ད་གཟོད་ནམ་མཁའི་སྐར་ཚོགས་ཐང་ལ་ལྷུང་འདྲའི་གྲོང་ཁྱེར་ཁྲེང་ཏུའུ་རུ་འབྱོར།རྒྱང་རིང་རི་གྲོང་ཞིག་གི་བོད་ཀྱི་བུད་མེད་དཀྱུས་མ་ཞིག་གྲོང་ཁྱེར་ཆེན་པོ་ཞིག་ཏུ་ཐོག་མར་འབྱོར་དུས་གཅིག་ན་གྲོང་ཁྱེར་གྱི་འགྲོ་ལུགས་མི་ཤེས་པ་དང་གཉིས་ན་རྒྱ་སྐད་དག་མོ་ཞིག་ཀྱང་བཤད་མི་ཤེས་པ་སོགས་ཀྱི་དཀའ་ཁག་དང་འགལ་འདུ་དུ་མར་གདོང་གིས་བསུས་ཤིང་གྲོང་ཁྱེར་ཆེན་མོ་རུ་མ་འོངས་འཚོལ་སྙེགས་ཕྱོགས་སུ་དམིགས་ཡུལ་བཟུང་ཞིང་མིག་རྒྱང་རིང་དུ་བལྟས་ནས་དུས་རབས་ཤིག་གི་བོད་ཀྱི་བུད་མེད་ཁེ་ལས་པ་ཞིག་འགྱུར་ཆེད་བརྩོན་པའི་ངལ་བ་དང་དུ་བླངས།

སྐྱེས་མ་ཨ་རིག་དང་ཨ་རིག་བོད་ཟས།

ལས་གཏོད་ལམ་བུ་དམིགས་འབེན་བཟུང་བའི་བརྩོན་འགྲུས་ཅན་གྱི་བུད་མེད་ཅིག

    དེ་ལྟར་རང་ཡུལ་ལུང་པ་རྒྱབ་ཏུ་བསྐྱུར་ཞིང་མི་ཡུལ་ལུང་པ་པང་དུ་ལེན་པའི་རེ་འདུན་དང་ཕུགས་བསམ་ལྡན་པའི་རི་གྲོང་གི་བུད་མེད་ཞིག་རྒྱུས་མེད་ཀྱི་གྲོང་ཁྱེར་ཆེན་མོ་དེ་འདྲ་ཞིག་ནས་མི་ཚེའི་དམིགས་འདུན་གྱི་གོམ་པ་དང་པོ་སྤོ་བ་དེ་འདི་ལྟར་ལས་སླ་མོ་ཞིག་དང་སྟབས་བདེ་མོ་ཞིག་གང་ནས་ཡིན།ཕུ་བོ་དམ་པའི་བཀའ་བཀོད་དང་སྐུ་དྲིན་འོག་ནས་གྲོང་ཁྱེར་ཆེན་མོ་ཧྲང་ཧེ་རུ་མགྲོན་བྲང་ཆེན་མོ་ཞིག་གི་མགྲོན་བསུ་བའི་ལས་ཀར་ཞུགས་རྒྱུའི་གོ་སྐབས་བཟང་པོ་ཞིག་ཐོབ་ནའང་།ཁོ་མོས་རྒྱུས་མེད་ཀྱི་གྲོང་ཁྱེར་ཆེན་མོ་དེ་འདྲ་ཞིག་ནས་འཚོ་བར་གོམས་ལོབ་ཏུ་མ་སོང་བ་དང་ལོ་གཅིག་ལ་ལོན་པའི་བུ་མོ་གཅེས་ཕྲུག་དེ་དྲན་དྲགས་ནས་མཐར་ལས་གནས་དེ་བསྐྱུར་ནས་ཕྱིར་ཁྲེང་ཏུའུ་རུ་ལོག་རྒྱུའི་ཐག་བཅད།ཁྲེང་ཏུའུ་རུ་ལོག་རྗེས་ཐོག་མར་ལམ་འགྲམ་གྱི་བཀལ་ཐུག་ཁང་ཆུང་ཆུང་ཞིག་ཏུ་ཞབས་ཞུ་མའི་ལས་ཀར་ཞུགས་ནས་ཟླ་ངོ་གཉིས་ལྷག་ལ་ཟ་ཁང་ཆུང་ཆུང་དེ་རུ་དཀར་ཡོལ་བཀྲུ་བ་དང་ཁྱིམ་ཕྱག་པ་སོགས་སྔ་དགོང་ལ་ལས་སྣོན་དགོས་པའི་ལས་ཀར་འབད་ནས་དཀའ་སྡུག་གང་མང་མྱངས།རྗེས་སོར་ཕུ་བོས་སྲིང་མོས་དཀའ་ཁག་འདི་འདྲ་མྱོང་བཞིན་པར་སེམས་ཀྱིས་མ་གཟོད་པར་ཁོ་མོ་ཁྲིད་ནས་རང་ཉིད་ཀྱིས་སྒྲ་ནུས་ཚོང་ཁང་ཞིག་གཉེར་བཞིན་ཡོད་པ་དེར་བྱ་བ་བསྒྲུབས་སུ་བཅུག  དེ་ལྟར་ཕུ་བོའི་སྒྲ་ནུས་ཚོང་ཁང་དེ་ནས་ལོ་ཧྲིལ་པོ་ལྔ་ལ་ཚོང་ལས་ཀྱི་བྱ་བ་གཉེར་བས་གྲོང་ཁྱེར་གྱི་འགྲོ་ལུགས་དང་ཚོང་ལས་ཀྱི་ཁ་ཕྱོགས་སོགས་ལ་རྒྱུས་ལོན་དང་ཉམས་མྱོང་མི་དམན་པ་ཞིག་རང་རྒྱུད་དུ་འབྱོར་ཞིང་།དེ་ལྟར་ཚོང་ལས་ཀྱི་བྱ་བ་གཉེར་ཞོར་དུ་རང་ཉིད་ཀྱི་ལས་གཏོད་གི་ལམ་བུ་ཞིག་ལ་བསམ་བློ་ཡུན་རིང་བཏང་།ཁོ་མོ་ཡོད་ས་ནི་གྲོང་ཁྱེར་ཁྲེང་ཏུའུ་ཡི་བོད་མི་ཁྲོམ་ཞེས་གྲགས་པའི་བོད་མི་རིགས་གཙོ་བོར་གྱུར་པའི་མི་རིགས་མང་པོ་མཉམ་འཛོམས་བྱུང་སའི་ཚོང་ལས་ཀྱི་ལྟེ་གནས་ལྟ་བུ་ཞིག་ཡིན་པས།རིག་གནས་འདྲ་མིན་མཉམ་འདྲེས་འབྱུང་སའི་ས་ཆ་ཞིག་ཏུ་གྱུར་ཡོད། ཁོ་མོའི་སེམས་སུ་ཚོང་ལས་ཅི་ཞིག་ལ་ཁ་གཏད་ན་མ་འོངས་པར་མདུན་ལམ་བཟང་པོ་འབྱུང་སྲིད་དམ་སྙམ་པའི་སོམ་ཉིའི་དྲ་བར་ཚུད་པའི་བར་གླགས་ཤིག་ཏུ།བོད་མིའི་ཁྲོམ་ལམ་འགྲམ་གྱི་བོད་ཀྱི་དཀྲུག་ཇ་བཙོང་བཞིན་པའི་ཚོང་ཁང་ཆུང་ཆུང་དེ་དག་གིས་ཁོ་མོར་ཚོང་ལས་ཀྱི་རྣམ་ཤེས་བསྩལ་ཞིང་གཤོག་པ་བཏགས་པ་བཞིན་དུ་སྔར་མེད་ཀྱི་སེམས་ཤུགས་དང་དཔའ་སྤོབས་ཀུན་ནས་རྒྱས་སུ་བཅུག  བོད་ཀྱི་ས་ཆར་མཚོན་ན་དཀྲུག་ཇ་དང་ཤ་མར་སོགས་ནི་སྤྱིར་བཏང་གི་བོད་ཀྱི་ཟས་རིགས་ཤིག་ཡིན་ནའང་བོད་མིའི་ཁྲོམ་གྱི་གཡས་གཡོན་ན་བོད་ཟས་ཁང་མེད་པས་ཡུལ་འདིར་སླེབས་པའི་བོད་མི་གཙོ་བོར་གྱུར་པའི་མི་རྣམས་ཀྱིས་བོད་ཟས་བཟའ་འདོད་ཀྱི་འདུན་པ་ཧ་ཅང་ཆེ་བ་ཤེས་རྗེས།ཁོ་མོས་བོད་ཟས་ཁང་ཞིག་གཉེར་རྒྱུའི་སེམས་ཐག་གཙང་བཅད་བྱས།

སྐྱེས་མ་ཨ་རིག་དང་ཨ་རིག་བོད་ཟས།

འབད་པའི་ལས་ལ་འབྲས་བུ་སྨིན་པའི་དེང་རབས་བོད་ཀྱི་མཛངས་མ་ཞིག

    སྤྱི་ལོ2000ལོར་ཨ་རིག་གིས་དཀའ་ཁག་དང་སྡུག་རུས་ཀྱི་ཀློང་ནས་གཉེར་བའི་བོད་ཟས་ཁང་ཐོག་མ་དེའི་སྒོ་མོ་ཕྱེ་སྟེ། བོད་ཟས་ཁང་གི་བཟོ་བཀོད་ཀྱང་བོད་ལུགས་ཧ་ཅང་སྟབས་བདེ་ཞིག་བྱས་ཤིང་། ཐོག་མར་བོད་ཐུག་དང་ཟོག་ཤ་རྡོག་རྡོག  དཀྲུག་ཇ་བཅས་བོད་ཟས་འགའ་རེས་གཙོ་བོར་བྱས་ནས་ཚོང་ལས་གཉེར་མགོ་བརྩམས།བོད་ཟས་ཁང་འདི་ནི་གྲོང་ཁྱེར་ཁྲེང་ཏུའུ་རུ་གཉེར་བའི་བོད་ཟས་ཁང་ཐོག་མ་རུ་གྱུར་ཅིང་། ཕྱོགས་ཡོངས་ཀྱི་མགྲོན་པོ་དང་ཡུལ་དེའི་གཞིས་སྡོད་ཀུན་གྱིས་དགའ་བསུ་ཚད་མེད་ཐོབ་པའི་ཡུལ་ཞིག་ཏུ་གྱུར།འདི་ལྟར་རྒྱུས་མེད་ཀྱི་རྒྱང་ལམ་སྙེགས་པའི་སྐྱེས་མ་ཨ་རིག་དངོས་སུ་ལས་གཏོད་ལམ་བུ་བོད་རང་ཉིད་ཀྱི་ཟས་རིགས་དང་འབྲེལ་བའི་ཕྱོགས་སུ་བསྐྱོད་མགོ་བརྩམས།  དེ་ལྟར་ལོ་གཅིག་གི་རིང་ལ་ཚོང་ལས་གཉེར་རྗེས་བོད་ཟས་ཁང་ཆུང་ཆུང་འདིའི་ཚོང་ཧ་ཅང་བྲིན་པས།ཁོ་མོས་རང་མིང་དེ་ཉིད་བོད་ཟས་ཁང་གི་མིང་ལ་བསྒྱུར་ནས་མིང་ལ་ཡང་ཨ་རིག་བོད་ཟས་ཁང་ཞེས་བཏགས་ཤིང་གཞི་རྒྱ་ཇེ་ཆེར་བཏང་ནས་ཚོང་ལས་གཉེར།རིམ་བཞིན་ཚོང་ལས་བཟང་ཕྱོགས་སུ་སོང་བས་དེང་སྐབས་ཨ་རིག་བོད་ཟས་ཞེས་རྒྱལ་ཡོངས་སུ་གྲགས་པ་འབར་བའི་བོད་ཟས་ཁང་འདི་ཉིད་དུ་གྱུར་ཞིང་།དེང་སྐབས་བོད་མིའི་ཁྲོམ་གཡས་གཡོན་གྱི་བོད་ཟས་ཁང་གང་མང་ཡོད་པ་འདི་དག་གིས་ཀྱང་ཨ་རིག་བོད་ཟས་ཁང་ལ་ལད་མོ་བྱས་ནས་བྱུང་བ་ཤ་སྟག་ཡིན་པས།སྐྱེས་མ་ཨ་རིག་དང་ཨ་རིག་བོད་ཟས་ཁང་གིས་བོད་ཀྱི་ཟས་རིགས་གྲོང་ཁྱེར་ཅན་དུ་བསྒྱུར་བའི་གོམ་སྟབས་ཐོག་མ་དེ་སྤོས་པ་རེད་ཟེར་ན་རྒྱུ་མཚན་དོན་ལ་གནས་པའི་གཏམ་འབའ་ཞིག་ཏུ་གྱུར་ཡོད་དོ།།འདི་ནི་བོད་ཀྱི་བུད་མེད་དཀྱུས་མ་ཞིག་གིས་ལོ་མང་པོའི་རིང་ལ་དཀའ་སྤྱད་དང་འབད་བརྩོན་ལས་གྲུབ་པའི་འབྲས་བུ་ཞིག་ཡིན་ལ། བོད་མི་ཀུན་གྱིས་མིག་དཔེ་བལྟ་སའི་ཡུལ་ཁྱད་པར་ཅན་ཞིག་ཏུ་ལགས་སོ།།

    “དེང་སྐབས་བོད་ཡུལ་དང་རྒྱ་ཡུལ་གྱི་གྲོང་ཁྱེར་ཁག་མང་པོར་ཨ་རིག་བོད་ཟས་ཁང་གི་ཡན་ལག་བོད་ཟས་ཁང་གང་མང་གི་སྒོ་ཕྱེ་ནས་ཚོང་ལས་གཉེར་བཞིན་ཡོད་ལ།བོད་ཟས་ཁང་དེ་དག་ཏུ་བོད་ཟས་བཟའ་རྒྱུ་རྐྱང་པ་མིན་པར། ད་དུང་བོད་ཀྱི་བཟའ་བཏུང་རིག་གནས་དང་སྲོལ་རྒྱུན་གྱི་འཚོ་བའི་གོམས་གཤིས་སོགས་བོད་ཀྱི་རིག་གནས་གང་མང་ལ་རོལ་མྱོང་དང་རྒྱུས་ལོན་བྱ་ཆོག་པས།འདི་དག་ནི་དོན་དག་ཆེས་བཟང་ཤོས་ཤིག་ཡིན་དྲན་བཞིན་ཡོད།”ཅེས་པ་འདི་ནི་ཨ་རིག་བོད་ཟས་ཁང་གི་སྤྱི་ཁྱབ་གཉེར་དཔོན་ཨ་རིག་གིས་གསར་འགོད་པར་བཤད་པའི་མཇུག་གི་སྐད་ཆ་ཞིག་རེད།།   

རྒྱལ་ལྡོང་ཨོ་རྒྱན་དོན་གྲུབ་ཀྱིས་བྲིས།

ཨ་རིག་གིས་པར་མཁོ་འདོན་བྱས།

སྐྱེས་མ་ཨ་རིག་དང་ཨ་རིག་བོད་ཟས།

  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།