ལ་གླུ་ཅོ་ཀའི་དྲུག་འགྱུར།

        2010-08-25

བུ་མོ་སྤང་རྒྱན་མེ་ཏོག །
འབྲི་ཆུ་སྔོན་མོ་འདྲ་སོང་། །
རྒྱ་གྲོང་མི་ཁ་བརྒྱབ་ཀྱང་། །
འབྲི་ཆུ་བཀག་ཀྱང་མི་ཐུབ། །
 
བུ་མོའི་ཐུགས་དང་བསྟུན་ན། །
ཚེ་འདིའི་ཆོས་སྐལ་ཆད་འགྲོ །
དབེན་པའི་རི་ཁྲོད་འགྲིམ་ན། །
བུ་མོའི་ཐུགས་དང་འགལ་འགྲོ །
 
བུ་མོ་ཡིད་འཕྲོག་ལྷ་མོ། །
བསམ་པ་སྡུག་སྡུག་མི་དགོས། །
ག་ལེ་ག་ལེ་གྱིས་དང་། །
ཐུག་པའི་དུས་ཤིག་ཤར་ཡོང་། །
 
བུམ་པ་ཆུང་ཆུང་ནང་ལ། །
ཆུ་རྙོག་བུམ་པ་ཕྱེད་ཀ། །
སེམས་པ་སྡུག་སྡུག་མི་དགོས ། །
དྭངས་པའི་དུས་ཤིག་ཤར་འོང་། །
 
བྱ་ཕོ་ག་འགྲོ་ས་ལ། །
བྱ་མོ་ཁྲིད་རོགས་གནང་དང་། །
བྱ་ཕོ་གོང་ཀང་ཟེར་དུས། །
བུ་མོ་ངག་སྐྱོར་བྱེད་ཆོག །
 
བྱ་མོ་གང་འགོ་ས་ལ། །
བྱ་ཕོ་ཁྲིད་ཁྲིད་རོགས་གནང་དང་། །
བྱ་མོས་སྒོ་ང་སྒོང་དུས། །
བྱ་ཕོས་གོང་ཀོང་བྱེད་ཆོག  །
 
 
ལ་གླུ་ཅོ་ཀའི་དྲུག་འགྱུར།
(2)
གཡར་བྱ་ལྷ་ཡི་ཁྲུང་ཁྲུང་། །
ཐག་རིང་རྒྱང་ལ་འཕུར་རོགས། །
ཁ་བ་ཅན་གྱི་ལྗོངས་སུ། །
གུས་པའི་ནང་མི་བཞུགས་ཡོད། །
 
འཕྲིན་བཟང་གཏམ་གྱི་ཡིག་ཆུང་། །
ཕ་མ་གཉིས་ལ་ཕུལ་ནས།།
བུ་མོ་བདག་གི་གནས་ཚུལ། །
མ་གསང་དྲང་པོ་ཞུས་ཡོད ། །
 
རྒྱང་རིང་ས་མཐའི་གནས་ལ། །
ཉིན་མཚན་སྦྲེལ་ནས་བསྐྱོད་པས། །
ཕ་མ་དྲན་པའི་གདུང་བ། །
དགུན་གྱི་ཆུ་དར་མཚུངས་སོ།།
 
ཐལ་མོ་སྙིང་གར་སྦྱར་ནས། །
མིག་ཟུང་བྱང་ལ་གཏོད་དེ། །
མ་འོངས་མཇལ་བའི་སྨོན་ལམ། །
སེམས་ཀྱི་དཀྱིལ་ནས་འདེབས་སོ། །
 
ཆུ་འཛིན་དུང་གི་འདབ་མ། །
ཡངས་བའི་མཁའ་དབྱིངས་བརྒྱུད་ནས། །
མཐོ་སྒང་བོད་ཀྱི་ཡུལ་ལ། །
སྦྲང་ཆར་བསིལ་བསིལ་སྟེར་རོགས། །
 
 
  • ལེ་ཚན་སྔོན་མ།:ཉག་རོང་སྐོར་བྲོའི་བྲོ་ཚིག་འགའ།
  • ལེ་ཚན་རྗེས་མ།:མི་ཉག་ཡུལ་གྱི་གཉེན་སྟོན་སྐབས་འཁྲབ་པའི་འགྲོ་བྲོ།