ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽

གངས་དབང་།        2019-04-02

ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽

   རང་གི་ལོ་རྒྱུས་རིག་གནས་ལ་བརྩི་སྲུང་བྱེད་པའི་མི་རིགས་ཤིག་ཡིན་ན་འཛམ་གླིང་མི་རིགས་ཀུན་གྱིས་བརྩི་བཀུར་བྱེད་ངེས།གལ་སྲིད་རིག་གནས་དེ་དག་སྣང་མེད་དུ་བཞག་པ་ཡིན་ན།ཧར་གྱིས་བལྟས་ན་མི་ཡིས་རིག་གནས་བསྐྱུར་བ་འདྲ་མོད།དོན་དུ་རང་གི་རིག་གནས་མེད་པའི་མི་རིགས་ནི་ཕ་མ་མེད་པའི་དྭ་ཕྲུག་དང་འདྲའོ།།  

    དཔེ་ཆ་ཁོ་ནར་མགོ་མ་འཁོར་བར་ཡུལ་ཕྱོགས་སོ་སོར་འགྲོ་སྐྱོད་བྱེད་པར་གོམས་པའི་མི་ཞིག་ལ་མཚོན་ན། བྱ་བ་ཙག་ཙིག་གིས་དུས་ཚོད་འཕྲོག་སྟེ་ཅུང་འདུག་ཡུན་རིང་སོང་ན།ཐག་རིང་གི་རི་ཆུས་ཉིན་མཚན་མེད་པར་འབོད་སྐུལ་བྱས་པ་ནི།འགྲོ་ལམ་བར་གྱི་མཐོང་ཐོས་རེག་གསུམ་ལ་འཆིང་རྒྱ་ཅི་ཡང་མེད་པར་བསམ་གཞིག་བྱེད་ཆོག་པས་རེད།

    དེ་སྔོན་ས་ཆ་ག་ཤེད་ན་ལོ་རྒྱུས་ཐོག་རྒྱ་བོད་བར་གྱི་ས་མཚམས་སྲུང་བའི་བོད་དམག་ལས་མཆེད་པའི་བོད་མིའི་ཚོ་པ་ཞིག་ཡོད་ཅེས་གོ་མྱོང་བ་ཙམ་ལས་དེ་དག་ས་ཆ་གང་ན་ཡོད་པ་དང་། ཕྱིའི་ཆ་ལུགས་དང་ཡུལ་སྲོག་གོམས་གཤིས་བཅས་ལ་མིག་མཐོང་ལག་ཟིན་གྱི་མྱོང་བ་ཅི་ཡང་མེད། རྩོམ་འབྲི་པ་ཞིག་ལ་མཚོན་ན་ཟེར་སྒྲོས་རྗེས་སུ་འབྲངས་པ་ཙམ་གྱིས་ཚོར་བ་རྣོན་པོས་ཟིན་པའི་ཡིག་འབྲུ་སྨིན་མི་ཐུབ་ལ། གཞན་གྱིས་ཆ་འཇོག་འཕེར་བའི་ཁུངས་ལུང་དང་རྟགས་མཚན་ཡང་རྙེད་མི་སྲིད་པས། མ་རིག་གོང་དུ་འགྲོ་དགོས། མ་བཤད་གོང་དུ་བལྟ་དགོས་ཞེས་པ་ལྟར་དགོས་པའི་དབང་གིས་ལོ་སར་མ་ཚར་གོང་ནས། ཕ་ཡུལ་ཉག་ཆུ་ལུང་པ་ནས་ཁྲེང་ཏུའུ། ཁྲེང་ཏུའུ་ནས་མན་དབྱང་།མན་དབྱང་ནས་ཕིང་ཝུའུ་བརྒྱུད་དེ་ས་ཕྱོགས་དེར་འགྲོ་འགོ་ཚུགས་པ་ཡིན།

     ལམ་ཐག་རིང་པོར་རླངས་འཁོར་དང་གནམ་གྲུ།མེ་འཁོར།ཡང་རླངས་འཁོར་བཅས་བརྗེ་རེས་བྱས་ཏེ་འགྲོ་དགོས་པས་དཀའ་ཁག་ཆེ་ཡང་། རྐང་པ་གར་བཙུགས་ས་དང་། མིག་གིས་གར་བལྟས་ཡུལ་ནས་ཐོབ་པའི་མཐོང་ཐོས་ཀྱི་ནོར་བུ་ཚང་མ་རང་གིས་བདག་པོ་བྱེད་ཆོག་པས་ཕྱིར་ནུར་གྱི་བསམ་བློ་སྤུ་ཙམ་ཡང་སྐྱེས་མ་བྱུང་།

 

ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽

དང་པོ།  ཐོག་མའི་བག་ཆགས།

     མན་དབྱང་གྲོང་ཁྱེར་ཕིང་ཝུའུ་རྫོང་ནང་སླེབས་མ་ཐག་གླ་འཁོར་ཞིག་ནང་བསྡད་དེ་སོང་། ཁ་ལོ་བ་ནི་ཏག་ཏག་ང་འགྲོ་ས་བོད་དམག་སྡེ་པའི་རེད་འདུག  ཁོ་ཡི་ལག་ཁྱེར་ཐོབ་ཐང་ཐོག་ལ་ཝང་ཚའེ་ཝུ།བོད་དམག་བོད་པ་ཞེས་བྲིས་འདུག   ཁོས་ཝང་ཚའེ་ཝུ་ཞེས་པ་ནི་རྒྱ་མིང་དང་བོད་མིང་བསྲེས་པ་རེད་ཟེར་བ་ལ་བལྟས་ན་བོད་མིང་ཚེ་དབང་ཞེས་པའི་མགོ་ལ་རྒྱ་ཡི་རུས་མིང་ཝང་ཞེས་པ་བཏགས་པ་མིན་ནམ་སྙམ།

    རྔ་བ་ཁུལ་གྱི་གཟི་རྩ་སྡེ་དགུ་རྫོང་ཕྱོགས་སུ་འགྲོ་བའི་གཞུང་ལམ་དེད་ནས་འགྲོ་དུས་རིམ་བཞིན་ས་བབ་ཇེ་མཐོར་འགྲོ་བ་དང་བསྟུན་ནས་ཐོག་མར白马王朗ཞེས་རྒྱ་ཡིག་ཆེན་པོ་བཞི་བྲིས་ཡོད་པའི་སྒོ་ཆེན་ཞིག་ཐུག་ཀྱང་དོན་ཅི་ཡིན་མ་གོ། དེ་ནས་མུའུ་ཕིས་བོད་རིགས་ཤང་དང་མུའུ་ཙའོ་བོད་རིགས་ཤང་ཞེས་པ་བརྒྱུད་དུས་ལམ་འགྲམ་ན་ཐོག་ལ་རྫ་གཡམ་བཀབ་པའི་ཤིང་ཁང་གྲལ་བསྟར་བསྒྲིགས་ཡོད་པ་མཐོང་། ཆེས་མིག་དབང་འཕྲོག་པ་ནི་ཁང་པ་རེ་རེའི་ཐོག་ལ་བྱ་དེ་ཕོ་དཀར་པོ་རེ་བཞེངས་འདུག  ཁ་ལོ་བ་ལ་རྒྱུ་མཚན་དྲིས་ཀྱང་འདི་མ་རེད་དེ་རེད་ཅེས་ཅི་ཡང་བཤད་རྒྱུ་མི་འདུག་པས་སྐད་ཆ་མང་པོ་དྲི་མ་བདེ་བར་རང་ཚོད་ཀྱིས་བསམ་བློ་མང་པོ་བཏང་། མཐར་བོད་དམག་བོད་རིགས་ཤང་གི་ཤོག་དྲུག་ནང་དང་ཕག་གཞིས་ནང་ཞེས་པའི་གྲོང་ཚོ་གཉིས་ཀྱི་ཚུར་ཁར་སླེབས། གྲོང་ཚོ་དེ་གཉིས་ནི་ཆུ་ཕར་རོལ་གྱི་རི་བོའི་འདབས་སུ་ཆགས་ཤིང་། ཐག་རིང་ནས་བལྟས་ན་གནའ་ཉམས་དོད་པ་དང་། གྲོང་པའི་རི་མགོར་ད་རུང་ཁ་བ་ཆགས་ཡོད་པས་ཁ་བ་དང་ཁ་བྲལ་དུ་མི་རུང་བའི་མི་རིགས་ཤིག་ལས་མཆེད་པའི་རིགས་རྒྱུད་ཅིག་ཡིན་རྒྱུ་རེད་བསམས་དུས་སེམས་ནང་སྨྲ་མི་ཤེས་པའི་དགའ་སྤྲོ་སྐྱེས་ཏེ་འགྲོ་ཐེངས་གཅིག་གིས་ཕག་གཞིས་ནང་གྲོང་ཚོར་སོང་།  

ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽

ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽

བྱ་དེ་ཕོ་དཀར་པོ་བཞེངས་ཡོད་པའི་ཁང་པ།

      གྲོང་པ་ནང་བྱ་ཡི་མཇུག་སྒྲོ་དཀར་པོ་བཙུགས་ཡོད་པའི་ཞྭ་མོ་གྱོན་པའི་བུད་མེད་རྒན་པ་གཉིས་ཀྱིས་ཉི་ཁུག་ནང་ཉི་མ་ལྡེ་བཞིན་ཡོད་པ་ལས་དེ་མིན་འཇམ་ཐིང་ཐིང་རེད། གྲོང་པའི་ལམ་འགྲམ་ལ་དར་དཀར་སེར་དམར་ལྗང་གཅིག་རྗེས་གཅིག་མཐུད་ནས་བཙུགས་ཡོད་པ་དང་། དེའི་ཐོག་ལ་བྱ་དང་ར། དེ་མིན་རི་བོ་དང་རྩི་ཤིང་འདྲ་བའི་རི་མོ་མང་པོ་འདུག   ཁང་པ་རྣམས་ཀྱང་ཤིང་ལེབ་ཀྱིས་གཞི་ཁོག་སྦྲགས་ཤིང་ཐོག་ལ་རྫ་གཡམ་བཀབ་པ་དང་། ཐོག་བརྩེགས་ལ་བྱ་ཕོ་དཀར་པོ་རེ་བཞེངས་འདུག  སྒོ་ཡི་གཡས་གཡོན་དུ་གཡུང་དྲུང་གཡོན་འཁོར་དང་། ནོར་བུ་མེ་འབར། འཁོར་ལོ། དུང་དཀར། ནས་མགོ། ཕག་མགོ་སོགས་རི་མོ་སྣ་ཚོགས་པར་ནས་རྒྱ་ཡི་ཆ་སྦྱོར﹙对联﹚ལྟར་སྦྱར་པ་དང་། དུད་ཁ་ཞིག་གི་སྒོ་ཁར་ལོ་རྟགས་བཅུ་གཉིས་ཀྱི་འབག་ཀྱང་སྣང་། དུད་ཁ་ཚང་མའི་སྒོ་ཐོག་སྟེང་ལ་ཆོས་འཁོར་དང་འོག་ལ་བྱ་རྒྱལ་ཁྱུང་དང་འདྲ་བའི་རི་མོ་ཡོད་ལ། རི་མོའི་ཞབས་ལ་བདགེས་ཁྱིན་སྐོར་བླང་སྲང་དངོས་གྲུབས་ཐབས་པར་འགྱུར༡༔བདག་སྒྲུབས་པར་པོའི་ཐབ་པའི་ཕྱཊ་རྒྱལ་ཡིན། ཞེས་བྲིས་པའི་རླུང་རྟ་བཏགས་འདུག  ཡི་གེ་དེ་དག་ནི་ཕལ་ཆེར་བོད་ཡིག་ལྟར་འདོན་ཐུབ་ལ་ནང་དོན་ཡང་གོ་ལ་མ་གོ་བ་ལྟ་བུ་ཞིག་རེད། ཁང་པ་མང་པོའི་རྒྱབ་ལ་བཞག་ཡོད་པའི་ཤིང་གི་གཉའ་ཤིང་དང་ཐོང་གཤོལ། རྐོ་མ་སོགས་ཞིང་ལས་ཀྱི་ཡོ་བྱད་མང་པོས་ཆུང་དུས་ཡུལ་མི་རྣམས་ཀྱིས་ཞིང་ལས་བྱས་པའི་རྣམ་པ་སེམས་ནང་ཡང་ཡང་འཁོར་བར་བྱས། ཁང་པ་ཞིག་གི་ཤིང་ལེབ་ངོས་ལ་བསྭ་ལྷ་ཆེན་ཆང་སྭ་པར་རྒྱལ་བྱེད་བསང་། ལྷ་འཁོར་སྲ་ལ་དུ་བསང་། ལྷ་ཕྱན་ཉིད་ཁྱི་བདུད་འབུམ་བསང་། ཀུན་ནེ་ཀུན་ཆུན་ནག་རིནེ་བསང་། ཞེས་འདོན་ཐུབ་ལ་མ་ཐུབ་ཙམ་དང་ནང་དོན་ཅི་ཡང་མི་ཤེས་པའི་ཡི་གེ་བྲིས་ཡོད་པ་མཐོང་།

 

ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽

ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽

པར་ཤིང་གི་རི་མོ་དཔར་བའི་དར།

ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽
ལོ་རྟགས་བཅུ་གཉིས་ཀྱི་འབག

ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽
སྒོ་ལ་སྦྱར་བའི་ཆ་སྦྱོར།(对联)

    འབའ་གཞིས་ནང་གྲོང་པའི་དུད་ཁ་ཚང་མ་ལམ་གཅིག་གིས་སྦྲེལ་ནས་ཡོད་པ་ཡིས་གནའ་ཆགས་མི་རིགས་ཤིག་གི་འབྲེལ་ལམ་མཚོན་ལ། ངས་གྲོང་མཇུག་ནས་གྲོང་མགོ་བར་གྱི་ལམ་དེ་དེད་ནས་འགྲོ་དུས་སྐབས་སྐབས་སུ་བྱིས་པ་གཉིས་གསུམ་གྱིས་ལམ་འགྲམ་ལ་རྩེད་མོ་རྩེ་བ་དང། མཚམས་མཚམས་སུ་མི་རྒན་གཉིས་གསུམ་གྱིས་སྒོ་ཁར་ཁ་བརྡ་བྱེད་བཞིན་པ་དང་ཐུག  ཁོ་ཚོ་ཚང་མས་རང་སྐད་བཤད་བཞིན་ཡོད་པ་ལ་གཟབ་གཟབ་ཀྱིས་ཉན་དུས་སྐད་ཆ་མང་པོ་ཧ་གོ་བ་ལྟར་དུ་སྣང་ཡང་འདི་དང་དེ་ཞེས་བཤད་མི་ཐུབ་པའི་སྣང་བ་མཚར་པོ་ཞིག་སྐྱེས་བྱུང་། གང་ལྟར་གྲོང་པ་ནང་གི་རྩྭ་དང་རྩི་ཤིང་། ཆུ་དང་རྡོ། བྱ་དང་བྱིའུ་ཚང་མ་ནི་གྲོང་མི་ཚོའི་སེམས་ཀྱི་བརྩེ་དུང་ཆགས་ས་དང་ལུས་ཀྱི་ཞེན་ཆགས་འཁྱིལ་ས་ཡིན་ལ། གནའ་ཉམས་དོད་ལ་རྙོག་དྲ་མིན་པའི་སྒོ་དང་སྐར་ཁུང་ལས་གྲོང་མི་ཚོའི་དགའ་ཁ་འཁྱེར་ཕྱོགས་མངོན་གྱིན་ཡོད་པས། གྲོང་པ་འདི་ནི་ད་སྔོན་བར་སུས་ཀྱང་ཞིག་ཏུ་བཀླགས་མ་མྱོང་བའི་ལོ་རྒྱུས་ཀྱི་པོ་ཏི་ཞིག་དང་འདྲ།

   སྐྱིད་སྣང་དང་སྡུག་སྣང་གཉིས་ཤར་གྱིས་ལོ་རྒྱུས་ཀྱི་གསང་ཕུག་མྱུལ་ཡང་། རང་ཚོད་བརྟན་པོ་དང་འོལ་ཚོད་ཆེན་པོ་ཡིས་སྨྱུག་ཁ་བསྒྱུར་མ་འདོད་པས་ཁང་རྒན་ཞིག་ནང་མི་རྒན་ཚོ་དང་ལྷོད་ལྷོད་ཀྱིས་ཁ་བརྡ་ཞིག་བྱུང་ན་ཅི་མ་རུང་སྙམ།།

 ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽
ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽
སྒོ་ཐོག་གི་རླུང་རྟ།

ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽
ཤིང་ལེབ་ངོས་སུ་བྲིས་པའི་ཡི་གེ

ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽
ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽
 

 གཉའ་ཤིང་དང་ཐོང་གཤོལ།

  གཉིས་པ།  བར་གྱི་ཁ་བརྡ།

     གྲོང་པ་ནང་ཕོ་སར་ལོ་ཆུང་ཞིག་དང་ཐུག་བྱུང་། ངས་ང་ནི་རྒྱ་མི་ཡུལ་སྐོར་བ་མིན། བོད་པ་ཞིག་ཡིན། ཁྱེད་ཚོའང་བོད་པ་རེད་ཅེས་གོ་མྱོང་བས་དེའི་སྐོར་ལ་རྒྱུས་ལོན་ཅུང་ཙམ་བྱེད་འདོད་ཡོད་ཅེས་པར་ཁོས་ངས་མང་པོ་མི་ཤེས་མོད། གྲོང་པ་ནང་ཤེས་མཁན་ཡོད་ཅེས་ང་ཁྱིམ་ཚང་ཞིག་ནང་ཁྲིད་སོང་། ཁྱིམ་ནང་རྒན་པོ་ཞིག་ཐབ་ཀའི་འགྲམ་དུ་ཉལ་བ་དང་། བྱིས་པ་ཆེ་ཆུང་གཉིས་ཀྱིས་ལས་བྱ་འབྲི་བཞིན་འདུག   ངས་རྒྱ་སྐད་ཀྱིས་ཨ་མྱེ་ལགས། ཁྱེད་བདེ་མོ། ང་ནི་བོད་པ་ཞིག་ཡིན། ཁྱེད་ཚོའང་བོད་པ་རེད་ཟེར་བས་ལྟ་སྐོར་དུ་ཡོང་བ་ཡིན་ཞེས་ཞུས་དུས། ཁོང་ལམ་སང་ཉལ་ས་ལས་ཡར་འདུག་སྟེ། རེད། ང་ཚོ་བོད་དམག་བོད་པ་རེད་ཅེས་ཟེར།  

ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽

དངོས་མིན་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ旭仕修

  

ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽

     ངས་ཡར་ལྟ་མར་ལྟ་བྱེད་དུས་སྒོའི་འགྲམ་གྱི་ཤིང་སྒྲོམ་ནང་དཔང་ཡིག་དམར་པོ་ཅན་མང་པོ་བཞག་འདུག   ལ་ལ་ནི་དངོས་མིན་རིག་གནས་ཤུལ་བཞག་བརྒྱུད་འཛིན་པའི་དཔང་ཡིག་རེད་ལ། འགའ་ཤས་ནི་བརྒྱུད་འཛིན་གྱི་ལས་ཀ་ནང་བྱས་རྗེས་བཞག་པར་གནང་བའི་བྱ་དགའ་རེད་འདུག   དཔང་ཡིག་ལས་ཨ་མྱེ་ཡི་མིང་ལ旭仕修 ཟེར་བ་གོ་བས། ངས་ཁོང་ལ་ཁྱེད་ཀྱི་མིང་འདི་རྒྱ་མིང་རེད་དམ་བོད་མིང་རེད་ཅེས་དྲིས་དུས། ཁོང་དགོད་ཙམ་བྱས་ཏེ་རྒྱ་མིང་བོད་མིང་གང་ཡང་མ་རེད། ང་ཆུང་དུས་སུ་བོད་ཡིག་དགེ་རྒན་ཞིག་གི་དྲུང་དུ་སློབ་སྦྱོང་བྱེད་དུས། དགེ་རྒན་གྱིས་སྦྱངས་ཟིན་པ་དེ་སྤྱད་དགོས་ཞེས་པར་རྒྱ་ཡིག་དང་བོད་ཡིག་བསྲེས་ནས学﹙སྦྱངས﹚ཟིན་སྤྱོད་ཅེས་བྲིས་པ་དེ་རྗེས་སུ་ལག་ཁྱེར་ཐོབ་ཐང་ནང旭仕修ལ་བཅོས་པ་རེད་ཟེར། སྐད་ཆ་དེ་ཐོས་མ་ཐག་ཡ་མཚན་པའི་སྣང་བ་སྐྱེས་མོད། ས་མིང་དང་མི་མིང་ནི་ལོ་རྒྱུས་ཀྱི་འགྱུར་ལྡོག་གསོན་པོ་ཞིག་ཡིན་པས་དེ་ལས་མི་རིགས་ཤིག་གམ། ཚོ་པ་ཞིག  ཐ་ན་མི་སྒེར་ཞིག་གིས་བརྒྱུད་མྱོང་བའི་ལོ་རྒྱུས་ཀྱི་དུམ་བུ་ཟུར་ལྟ་ལེབ་མཐོང་རེད།

     ངས་མུ་མཐུད་དེ་ཨ་མྱེ་ལགས། ཁྱེད་ནི་ཞིང་ཆེན་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་ཡིན་པས་དེའི་སྐོར་ངོ་སྤྲོད་གནང་རོགས་ཞེས་རེ་བ་ཞུས་པར། ཁོང་གིས་ང་ཚོ་བོད་དམག་བོད་པ་ཚོས་མཆོད་པ་འབུལ་བའམ་རིམ་གྲོ་སྒྲུབ་དུས་ཁྲོ་རྒས་ཞེས་པ་ཞིག་འཁྲབ་སྲོལ་ཡོད། ཁྲོ་རྒས་འཁྲབ་པར་རྐང་ལག་གི་སྟངས་སྟབས་ལ་དམིགས་གསལ་གྱི་ཁྱད་ཆོས་ཡོད་པས་མ་ཚད་ལོ་རྟགས་བཅུ་གཉིས་སོགས་སྲོག་ཆགས་མང་པོའི་འབག་མགོ་དགོས་པས། ང་ནི་ཁྲོ་རྒས་འཁྲབ་པ་དང་འབག་མགོ་འདྲ་མིན་སྣ་ཚོགས་ལས་པའི་བརྒྱུད་འཛིན་པ་ཡིན། ང་ཚོ་བོད་དམག་བོད་པ་ལ་ཕུན་སུམ་ཚོགས་པའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཡོད་མོད། རིག་གནས་གསར་བརྗེའི་དུས་སུ་མང་པོ་ཞིག་རྙིང་བཞིའི་གྲས་སུ་བཞག་སྟེ་གཏོར་བཤིག་བཏང་བ་རེད། སྐབས་དེར་རང་ཡུལ་གྱི་རིག་གནས་ལ་དགའ་ཞེན་ཆེ་བའི་མི་རྒན་འགའ་ཡིས་འབག་མགོ་སོགས་ཁ་ཤས་སྦ་རྐོང་བྱས་པས། རྗེས་སུ་ང་ཚོས་རྒྱུན་འཛིན་ཐུབ་པའི་གོ་སྐབས་ཤིག་ཡོད་པ་རེད་ཅེས་ཟེར་བཞིན་སྐར་ཁུང་ཐོག་ནས་ཤིང་དུམ་བུ་ཞིག་བླངས་ནས་ངའི་ལག་ཐོག་སྤྲོད་རྗེས།ཁྱེད་ཀྱིས་ལྟོས་དང་། འདི་ནི་ང་ཚོས་རིམ་གྲོ་སྒྲུབ་དུས་མེད་དུ་མི་རུང་བའི་པར་ཤྲིང﹙པར་ཤིང་།﹚རེད། དེའི་ཐོག་གི་ཉི་ཟླ་དང་རྨ་ཆེན་སྦོམ་ར། ལོ་རྟགས་བཅུ་གཉིས། འདོད་པའི་ཡོན་ཏན་ལྔ། རྩྭ་རྩི་ཤིང་། སྲོག་ཆགས་དང་མི་སྣ། གནའ་སྔོན་མའི་མཚོན་དང་དར་ཆ་བཅས་རི་མོ་ཚང་མ་ངས་བརྐོས་པ་ཡིན་ཞེས་ཟེར།

 ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽
ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽

 འབག་མགོ

ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽
ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽

 པར་ཤིང་། 

     དེ་ནི་ངའི་ཕ་ཡུལ་ལ་ཨ་མཆོད་རྣམས་ཀྱིས་གཏོར་མ་བཅའ་དུས་ཀྱི་པར་ཤིང་དང་ཧ་ཅང་འདྲ་མོ་ཞིག་རེད། ཐོག་ལ་བརྐོས་པའི་རི་མོ་རྣམས་ནི་ཞིབ་ཚགས་དང་གསོན་ཉམས་ལྡན་པ་ཞིག་འདུག   ངས་པར་ཤིང་ལ་བལྟས་ཚར་རྗེས་ད་ཅི་པར་དུ་བླངས་པའི་དར་ཆ་དང་རླུང་རྟ་རྣམས་ཨ་མྱེ་ལ་བསྟན་ཏེ་དེའི་ཐོག་གི་རི་མོ་དང་ཡི་གེ་རྣམས་ཀྱི་དོན་དྲིས་དུས། ཁོང་གིས་དར་ཆ་ཐོག་གི་རི་མོ་རྣམས་ནི་པར་ཤྲིང་ལས་དཔར་བ་རེད། སྟེང་གི་རི་མོ་དེ་ནི་ཨ་མྱེ་རྨ་ཆེན་སྦོམ་ར་དང་དེའི་འོག་དེ་དར་ཆ། དེ་ནས་ར་དང་མི། རྩི་ཤིང་སོགས་རེད་ཟེར་བ་དང་། རླུང་རྟ་དེ་ནི་ང་ཚོ་བོད་དམག་བོད་པ་རྣམས་ཀྱི་སྒོ་སྲུང་རེད་ཟེར་བ་ཙམ་ལས་འཁོར་ལོ་དང་བྱ་རྒྱལ་ཁྱུང་འདྲ་བའི་རི་མོ་དང་། འོག་ལ་བྲིས་པའི་ཡི་གེ་རྣམས་ཀྱི་བསྟན་དོན་ནི་འདི་དང་དེ་རེད་ཅེས་ཅི་ཡང་མ་གསུངས་པར་དེ་རིང་ཆམ་པ་ཅུང་ན་བཞིན་འདུག་ཅེས་དཀའ་ལས་ཆེ་བའི་ཉམས་བསྟན་པས། ངས་མུ་མཐུད་ནས་སྐད་ཆ་མང་པོ་དྲི་མ་བདེ་བར་ཁོང་ལ་ངལ་གསོ་བཅུག་པ་ཡིན།

   འདི་ན་ཡི་བོད་པ་ཚོས་རིམ་གྲོ་སྒྲུབ་དུས་འཁྲབ་པ་དེ་ལ་ཁྲོ་རྒས་འཁྲབ་ཅེས་པ་ནི་ངས་བསམས་ན་བོད་སྐད་ཡིན་ངེས་ཏེ། གཅིག་ནི་གདོན་གེགས་མཐའ་རུ་བསྐྲད་པའི་ཆེད་དུ་ཁྲོ་བའི་ཉམས་དང་ལྡན་པའི་འབག་མགོ་གྱོན་པ་དང་། གཉིས་ནི་ཁོང་ཚོས་མི་རྒས་རྒོན་ལ་བརྩི་བཀུར་བྱེད་པ་ལྟར་འབག་མགོ་ལ་ཧ་ཅང་དད་བཀུར་བྱས་པས་ཁྲོ་རྒས་ཞེས་པའི་མིང་ཆགས་པ་འདྲ། དེ་མིན་དར་ཆ་ཐོག་ལ་ཨ་མྱེ་རྨ་ཆེན་སྦོམ་རའི་རི་མོ་ཡོད་པས་མ་ཚད་མིང་ཡང་དེ་ལྟར་འབོད་པ་དང་། པར་ཤྲིང་ཞེས་ཤིང་ལ་རྒྱལ་རོང་གི་བརྡ་ལྟར་ཤྲིང་ཞེས་མིང་གཞི་ཤ་ལ་འདོགས་ཅན་ར་བཏགས་པའི་སྒྲ་གདངས་ཐོན་པ། ལོ་རྟགས་བཅུ་གཉིས་ཀྱི་མིང་ཡང་ང་ཚོའི་སྐད་དང་འདྲ་མོ་ཡིན་པ། བོད་པ་ལ་བད་ཅེས་ན་རོ་ཆད་པའི་སྒྲ་ཐོན་པ་བཅས་ཀྱིས་ང་རང་ཁོང་ཚོ་དང་ཐག་ཇེ་ཉེར་ཁྲིད་པར་མ་ཟད། ད་རུང་ཡང་སུས་ཀྱང་མྱངས་མ་མྱོང་བའི་མཐོང་ཐོས་རེག་གསུམ་མང་པོ་རྙེད་རྒྱུ་རེད་བསམས་ཏེ་སེམས་པ་དགའ་ལྷང་ལྷང་དུ་ཆགས།

 ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽
བོད་དམག་བོད་པའི་ཁང་པ།

 ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽
ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽
ཁྲོ་རྒས་འཁྲབ་མཁན།

    ཕྱི་དྲོར་ཆུ་ཚོད་དྲུག་པའི་ཐོག་ལ་ཨ་མྱེ་ལགས་ཡར་ལངས་ཏེ་ད་ང་ཚོ་ཁྱིམ་མཚེས་སར་ཟ་མ་ཟ་རུ་འགྲོ་དགོས་ཟེར། ངས་ང་མི་ཡོང་ཞེས་པས་ཁོང་གིས་ང་ཚོ་གྲོང་པས་ལོ་སར་ཚེས་གཅིག་ནས་བཅོ་ལྔ་བར་དུད་ཁ་རེ་རེ་བཞིན་བསྐོར་ཏེ་ཟ་མ་ཟ་སྲོལ་ཡོད་པས་ཚང་མ་འགྲོ་དགོས་ཟེར། ངས་ཀྱང་དེ་གོ་སྐབས་ཤིག་རེད་བསམས་ཏེ་མཉམ་དུ་སོང་། ངེད་གཉིས་ཁྱིམ་མཚེས་སར་སླེབས་དུས་གྲོང་མི་མང་པོ་འཛོམས་འདུག   ཨ་མྱེ་ཡིས་གྲོང་མི་ཚོ་ལ་འདི་བད་པ་རེད་ཅེས་ངོ་སྤྲོད་བྱེད་མ་ཐག་ངས་ལག་པའི་ཐལ་མོ་བྲང་ཁར་སྦྱར་ཏེ་བཀྲ་ཤིས་བདེ་ལེགས་ཞུ་དུས་ཕོ་སར་ཚོས་མགྲོན་པོ་འདྲ་རེད།﹙ཕར་བཀྲ་ཤིས་བདེ་ལེགས་ཞུས་པའི་ལན་དུ་ཚུར་དེ་སྐད་ཟེར་བ་ནི་མགྲོན་པོ་དང་བདག་པོ་ཚང་མ་འདྲ་འདྲ་རེད་ཅེས་པའི་དོན་མིན་ནམ་སྙམ།﹚འདུག་དང་། ཟ་གསོལ། ཆང་འཐུང་ཞེས་གོ་བརྡ་འཕྲོད་པའི་བོད་སྐད་བཤད་བྱུང་། ཡིད་སྨོན་ཤོར་དགོས་པ་ནི་གྲོང་མི་རྒན་གཞོན་བྱིས་པ་ཚང་མས་ཁོ་རང་ཚོའི་བོད་སྐད་བཤད་པ་ལས་རྒྱ་སྐད་ཀྱིས་ཁ་བརྡ་བྱེད་སྲོལ་མི་འདུག   ངའི་སེམས་ནང་དགའ་སྤྲོ་ཆེན་པོ་སྐྱེས་ཏེ་ཨ་མྱེ་ཡི་འགྲམ་དུ་བསྡད་ནས་རང་གི་མིང་དང་ཕ་ཡུལ། ལས་གནས་བཅས་ངོ་སྤྲོད་མདོར་བསྡུས་ཙམ་བྱས་རྗེས། ལོ་ཆུང་ཞིག་གིས་ལག་པས་ཆང་ཕོར་བཀྱགས་ནས་ངའི་སྔོན་ལ་ལངས་ཏེ་འགྱུར་ཁུག་དལ་ལ་ལྷོད་པའི་ཆང་གཞས་ཤིག་བླངས་སོང་། ཆང་གཞས་ཀྱི་ཚིག་ལས་ཐག་རིང་མགྲོན་པོ་ཞེས་མ་གཏོགས་དེ་མིན་ཧ་གོ་མ་ཐུབ་ཀྱང་ཕ་ཡུལ་དུ་ལོ་སར་བའི་སྣང་བ་ཞིག་འགོག་མེད་དུ་སྐྱེས་བྱུང་།

 ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽
བོད་དམག་བོད་པའི་བུད་མེད་ཚོ།

   དགོང་ཟས་བཟས་ཚར་རྗེས་ཨ་མྱེ旭仕修བཅས་གྲོང་མི་ཚང་མ་རང་རང་སོ་སོའི་ཁྱིམ་ནང་ལོག་སོང་། ཇ་ཁང་ནང་ཁྱིམ་ཚང་འདིའི་ཨ་མྱེ་དང་ངེད་གཉིད་མ་གཏོགས་ལྷག་མི་འདུག  ཁོང་ནི་བག་དྲོ་ཞིང་སྐད་ཆ་སྦ་གསང་མེད་པར་བཤད་མཁན་ཞིག་རེད་ལ་ཡང་ནས་ཡང་དུ་ངའི་ཆང་ཕོར་ནང་ཆང་བླུགས་ཏེ་ཐུངས་དང་ཐུངས་ཞེས་མགྲོན་རྩིས་ཆེན་པོ་བྱས་པས། ངས་ད་སྔོན་བར་རང་ཡུལ་རང་གིས་བསྐོར་བའི་ལམ་དུ་མཇལ་བའི་སེམས་བཟང་སྙིང་རྗེ་ལྡན་པའི་བོད་པའི་ཨ་ཕྱི་དང་ཨ་མྱེ། ཨ་ཁུ་མང་པོ་གཅིག་འཕྲོར་གཅིག་དྲན་བྱུང་། ངས་ཁོང་ལ་ཁྱེད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་པར་ཁོང་གིས་ཆུང་དུས་ནས་བོད་མིང་ལ་ལྕགས་འབྲུག་ཐར་ཟེར་ཡང་རྗེས་སུ་ལག་ཁྱེར་ཐོབ་ཐང་ནང张中它ཞེས་བྲིས་པས་རྒྱ་མིན་བོད་མིན་གྱི་མིང་དུ་གྱུར་སོང་བ་རེད་ཟེར། དེ་ནས་ངས་བདུད་རྩི་ཆང་འཐུང་བཞིན་ཨ་མྱེ་ལྕགས་འབྲུག་ཐར་དང་ཡུན་རིང་པོར་ཁ་བརྡ་བྱས་ཡོད། འོག་ལ་གངས་ཞེས་པས་ང་དང་ལྕགས་ཞེས་པས་ཁོང་གི་ཚབ་བྱས་ཏེ་ངེད་གཉིས་ཀྱིས་ཁ་བརྡ་བྱེད་ཚུལ་རྣམས་ཁྱེད་རྣམ་པར་གསལ་པོར་ཞུ་རྒྱུ་ཡིན།

   གངས་ཀྱིས། ཁྱེད་ཚོ་ནི་རྒྱ་བོད་ས་མཚམས་བསྲུངས་པའི་བོད་དམག་གི་རྒྱུད་པ་ཡིན་པས་བོད་དམག་བོད་པ་ཟེར་བ་རེད་ཅེས་པ་ལ་ཁྱེད་ལ་ལྟ་ཚུལ་ག་འདྲ་ཡོད།

  ལྕགས་ནས། རེད་རེད། དེ་འདྲའི་ཟེར་སྲོལ་ཁྱབ་ཆེ། རེད་དེ། ངག་རྒྱུན་ནང་ས་ཆ་འདིར་ཐོག་མར་ལག་ངར་ཚོ་པ་དང་འོ་ཀྲི་ཚོ་པ། བད་མ་ཚོ་པ་གསུམ་ཡོད་པ་ལས་སྟོབས་ཤུགས་ཆེ་བ་ནི་བད་མ་ཚོ་པ་ཡིན་པས་རྗེས་སུ་ཚང་མ་ལ་བད་མ་པ་ཞེས་མིང་ཐོགས་པ་རེད་ཅེས་ཟེར་སྲོལ་ཡོད།

  གངས་ཀྱིས། ལུང་པ་འདིའི་འདབས་ན་སྒོ་ཆེན་ཞིག་གི་ཐོག་ལ白马王朗ཞེས་རྒྱ་ཡིག་ཆེན་པོ་བཞི་བྲིས་འདུག  དེའི་དོན་ཅི་ཡིན་ནམ།

 ལྕགས་ཀྱིས། འོ། ས་ཆ་འདིའི་རི་མགོར་ནགས་ཚལ་དང་རྩྭ་ཐང་བཅས་འབྲོག་ས་ཧ་ཅང་ཡག་པོ་ཡོད་པས་ཡུལ་སྐོར་ལྗོངས་རྒྱུའི་ཆེད་དུ་དེ་ལྟར་ཟེར་བ་རེད།

 གངས་ཀྱིས། ལགས་སོ། གོ་བྱུང་། བོད་སྐད་ནང་ལ་འབྲོག་ས་སྟོང་པར་དབེན་གནས་ཟེར་བ་རེད། དེ་ནི་བོད་སྐད་ངོ་མ་རེད། དེས་ན།ལུང་པ་འདིའི་ནང་གི་ཆུ་ལ་ཅི་ཟེར་རེད།

 ལྕགས་ཀྱིས། ལུང་པ་འདི་ལ་དྭགས་པོ་ལུང་དང་ཆུ་ལ་དྭགས་པོ་ཆུ་ཟེར་རེད། 

 གངས་ཀྱིས། ལྷ་སའི་ཕྱོགས་ཀྱི་ཀོང་པོ་དང་དྭགས་པོ་ཟེར་བའི་དྭགས་པོ་ཨེ་ཡིན་ནམ།

 ལྕགས་ཀྱིས།  དེ་ངས་གསལ་པོར་མི་ཤེས།

 གངས་ཀྱིས། གྲོང་པ་ནང་གི་ཁང་པ་ཚང་མའི་ཐོག་ལ་བྱ་ཕོ་དཀར་པོ་རེ་བཞེངས་པ་དང་། སྐྱེས་པ་བུད་མེད་ཚང་མས་བྱ་ཡི་མཇུག་སྒྲོ་དཀར་པོ་བཙུགས་པའི་ཞྭ་གྱོན་པ་ལ་བཤད་སྲོལ་འདྲ་ཨེ་ཡོད་རེད།

 ལྕགས་ཀྱིས། ཡོད་རེད། གནའ་སྔོན་མར་ང་ཚོའི་ཚོ་དཔོན་དགྲ་བོས་བཟུང་ནས་བཙོན་ཁང་ནང་བཅུག་སྟེ་ཅི་བྱ་ཐབས་མེད་གྱུར་དུས་བྱ་ཕོ་དཀར་པོ་ཞིག་གློ་བུར་དུ་གྱང་ཐོག་ལ་བབ། ཚོ་དཔོན་གྱིས་བྱ་ཕོ་དེའི་མཇུག་སྒྲོ་འགའ་བཅད་རྗེས་མེ་རུ་བསྒྲོན་ཏེ་ཁུང་བུ་ཞིག་བཙལ་ནས་ཕྱི་ལ་ཐར་བས། ཚང་མས་བྱ་དེའི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་ཁང་པའི་ཐོག་ལ་བྱ་ཕོ་དཀར་པོ་བཞེངས་པས་མ་ཚད་ཞྭ་ལའང་བྱ་ཡི་མཇུག་སྒྲོ་བཙུགས་པའི་སྲོལ་དར་བ་རེད།

 གངས་ཀྱིས། ཁྱེད་ཚོའི་སྐད་ནང་ཞྭ་ལ་ཅི་ཟེར། བྱ་ཡི་མཇུག་སྒྲོ་བཙུགས་པ་ལ་འགྲོ་ལུགས་འདྲ་ཨེ་ཡོད་རེད།

 ལྕགས་ཀྱིས། ང་ཚོས་ཧྲ་ཟེར།﹙ཁོང་ཚོའི་སྐད་ནང་མིང་གཞི་ཞ་དང་ཤ་ལ་ར་བཏགས་ཡོད་པའི་སྒྲ་གདངས་ཐོན་པས་བཞི་ལ་རི་དང་ཤིང་ལ་ཤྲིང་ཞེས་འདོན།﹚སྤྱིར་གཉེན་ལམ་མ་བསྒྲིགས་པའི་བུ་མོ་ཚོས་བྱ་ཡི་མཇུག་སྒྲོ་གསུམ་དང་བསྒྲིགས་ཚར་བ་ཡིན་ན་གཅིག་གམ་གཉིས། སྐྱེས་པ་ཚོས་གཅིག་མ་གཏོགས་བཙུགས་སྲོལ་མེད་པ་དང་། བུ་མོ་ཚོས་བྱ་ཡི་མཇུག་སྒྲོ་རིང་པོ་དང་སྐྱེས་པ་ཚོས་ཐུང་ཐུང་འཛུགས་དགོས་པ་ནི་ནོར་མི་རུང་བའི་ལུགས་སྲོལ་རེད།

 གངས་ཀྱིས།  འོ་ན་ཞྭ་ལ་བཤད་སྲོལ་འདྲ་ཨེ་ཡོད།

 ལྕགས་ཀྱིས།  ཞྭ་དེ་ནི་ང་ཚོས་ཕྱིང་བལ་གྱིས་ལས་པ་རེད། བཤད་སྲོལ་དུ་དེ་ནི་ཉི་མའི་ཚབ་ཡིན་ལ་ཞྭ་སྡེར་གྱི་མཐའ་ལ་ཆགས་ལྟེབ་ཉི་ཤུ་རྩ་བཞི་ཡོད་པ་དང་། ཚོན་ཁྲ་ཅན་གྱི་སྐུད་པ་བསྣོལ་ནས་ཡོད་པ་དེ་ནི་འཇའ་ཚོན་གྱི་རྟགས་ཡིན་ཟེར། དེ་མིན་ངས་ཧ་མི་གོ།

 གངས་ཀྱིས། ས་ཆ་འདིར་མི་འདུག་སའི་ཁང་པ་ཚང་མ་གནའ་སྔོན་མ་ནས་ཤིང་ཁང་རེད་དམ། ཡང་ན་དེ་མིན་ལས་སྲོལ་ཡོད།

 ལྕགས་ཀྱིས།  གནའ་སྔོན་མར་ཤིང་ཁང་མ་རེད། ང་རང་ཆུང་དུས་ཚང་མ་གྱང་ཁང་ཡིན་པས་མ་ཚད་གྱང་རྡུང་དུས་གྱང་གླུ་ལེན་སྲོལ་ཡང་ཡོད།

 གངས་ཀྱིས། ཁྱེད་ཀྱིས་གྱང་བརྡུངས་ཨེ་མྱོང་། གྱང་གླུ་ལེན་ཨེ་ཤེས།

 ལྕགས་ཀྱིས། ངས་མི་ཆེན་པོ་ཚོས་གྱང་བརྡུངས་པ་རིག་མྱོང་མ་གཏོགས་བརྡུངས་མ་མྱོང་། གྱང་གླུ་ལེན་མི་ཤེས་ལ་ད་ལྟར་གྲོང་པ་ནང་ལེན་ཤེས་མཁན་ཕལ་ཆེར་ཡོད་རྒྱུ་མ་རེད།

 གངས་ཀྱིས། ཁྱེད་ཚོ་བོད་དམག་བོད་པ་ཚོ་ལ་གཞི་བདག་ཨེ་ཡོད། ལོ་རེར་ལ་ལྷ་བསང་གཏོང་སྲོལ་ཡོད་ཨེ་རེད།

 ལྕགས་ཀྱིས། ཡོད་རེད། སྟོད་ལ་ཆགས་པའི་ཤོག་དྲུག་ནང་གྲོང་པའི་ཐོག་ལ་ཡོད་པའི་རི་དེ་གཞི་བདག་རེད། མིང་ལ་ལོ་རྒྱས་དཀར་ལོ་ཟེར་བ་རེད། ང་ཚོ་གྲོང་པས་མཆོད་པ་ཕུལ་ཚར། ཤོག་དྲུག་ནང་གྲོང་པས་སང་ཉིན་གཞི་ནས་མཆོད་འབུལ་བྱེད་འགོ་འཛུགས་རེད། ཁྱེད་རང་སང་ཉིན་དེ་ན་སོང་དང་ལྟད་མོ་མང་པོ་ཡོད་རེད།

 གངས་ཀྱིས། མཆོད་པ་འབུལ་སྟངས་གང་འདྲ་རེད། འགོ་འཛིན་མཁན་ལ་ཅི་ཟེར་རེད།

 ལྕགས་ཀྱིས། མཆོད་པ་འབུལ་དུས་རྨ་ཆེན་སྦོམ་ར་གཙོ་བོར་བྱེད་པའི་གཞི་བདག་རྣམས་འབོད་པ་དང་། ཁྲོ་རྒས་འཁྲབ་པ། ར་བསད་ནས་དམར་མཆོད་བྱེད་པ། ར་ཚེ་ཐར་བཏང་བ་བཅས་ཡོད།འགོ་འཛིན་མཁན་ལ་བན་མོ﹙བོན་པོའི་སྒྲ་ཟུར་ཆག﹚ཟེར་རེད། བན་རྒན་གཅིག་དང་བན་གསར་གཉིས་གསུམ་ཙམ་ཡོད།

 གངས་ཀྱིས།﹙སྐར་ཁུང་འགྲམ་གྱི་གཤམ་བུའི་འོག་ལ་ཤོག་གུ་དཀར་པོ་གྲུ་བཞི་མ་ཆེན་པོ་ཞིག་གི་གཡས་གཡོན་ལ་ཤོག་གུ་དམར་པོ་སྦྱར་བ་དང་།ཐོག་ལ་རི་མོ་སྣ་ཚོགས་ཡོད་པ་དེར་མཛུ་གུ་བཙུགས་ནས།﹚འདིའི་ནང་གི་རི་མོའི་དོན་ཅི་རེད།

 ལྕགས་ཀྱིས། འདི་ནི་ས་གཡུང་དྲུང་འཁོར་དགུ། གནམ་འཁོར་ལོ་རྩིབས་བརྒྱད་བར་གྱི་ས་གཞི་དང་། རི་ཆུ། རྩྭ་ལྡུམ། ནགས་ཚལ།ར་ལུག  ནམ་མཁའ་བཅས་གནམ་ས་བར་ལ་འཛོམས་པའི་སེམས་ཅན་སེམས་མེད་ཚང་མ་ལ་བརྩི་བཀུར་བྱེད་དགོས་པའི་དོན་རེད།

 ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽
ས་གཡུང་དྲུང་འཁོར་དགུ་དང་གནམ་འཁོར་ལོ་རྩིབས་བརྒྱད་བར་གྱི་སེམས་ལྡན་སེམས་མེད་ཀྱི་རི་མོ།

 ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽
བོན་པོའི་འདོན་ཆོག་གི་དཔེ་ཆ།

ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽
གྱང་ལ་བྲིས་པའི་རི་མོ།

གངས་ཀྱིས། གྲོང་པ་འདིའི་ནང་ཁྱེད་འདྲ་བོ་བོད་མིང་རྒྱ་མིང་ལྟར་དུ་གྱུར་སོང་བ་ཨེ་ཡོད།

ལྕགས་ཀྱིས། མང་པོ་ཡོད་རེད། བོད་མིང་གཡུང་དྲུང་ཚེ་རིང་ལ་རྗེས་སུ杨主才ཞེས་འབོད་པ་དང་། བོད་མིང་དོན་གྲུབ་ཚེ་རིང་ལ定主才ཞེས་འབོད་པ།བུ་མོ་གཡང་མཚོ་ལ杨英早ཞེས་པ་ལྟ་བུ་མང་པོ་ཡོད།﹙ཁོང་ཚོའི་སྐད་ནང་མིང་གཞི་ཚ་ལ་ཛ་ཡི་སྒྲ་ཐོན་པས་མཚོ་ལ་མཛོ་ཟེར།﹚

གངས་ཀྱིས། རེད་རེད། བོད་མིང་རྒྱ་ཡི་རུས་མིང་ལྟར་བྲིས་པས་རྒྱུས་མེད་མཁན་ཚོས་ཚང་མ་རྒྱ་མིང་རེད་བསམས་པ་ལ་ཁག་ཅི་ཡོད། འོ་ན། བོད་པ་ཚོས་སྐྱེས་པ་དང་བུད་མེད་ཁག་གཉིས་བགོས་ནས་བོད་བྲོ་འཁྲབ་པ་ལྟར་འདི་ན་དེ་ལྟར་འཁྲབ་སྲོལ་ཨེ་ཡོད།

ལྕགས་ཀྱིས། སྔོན་མར་ཡོད་རེད། སྐྱེས་པ་དང་བུད་མེད་ཚོས་ཕན་ཚུན་དྲི་བར་དྲིས་ལན་གྱི་སྒོ་ནས་ཉིན་མཚན་མེད་པར་འཁྲབ་སྲོལ་ཡོད་མོད། དེང་སང་ལོ་ཆུང་ཚོས་སྒྲ་སྡུད་འཁོར་ལོ་ལས་བཏང་བའི་གླུ་ཡི་འགྲོས་ལྟར་རྡོག་བྲོ་བརྒྱབ་པ་ལས་གླུ་ཚིག་ཤེས་མཁན་ཧ་ཅང་ཉུང་ཉུང་རེད།

གངས་ཀྱིས། ས་ཆ་འདིར་ད་ལྟར་ཡུལ་སྐོར་ལྗོངས་རྒྱུ་དར་བའི་སྒང་རེད། དེའི་སྔོན་ལ་ཁྱེད་ཚོའི་འོངས་སྒོ་དང་བཟའ་རྒྱུ་འཐུང་རྒྱུ་ཅི་འདྲ་རེད།

ལྕགས་ཀྱིས། སྔོན་མར་འདི་ན་འབྲོག་ལས་དང་ཞིང་ལས་གཉིས་ཀ་ཡོད་རེད། ཞིང་ལས་ནས་བྲོ་དང་ནས། བྲ་བོ། སྲན་མ། ཞོག་ཁོག་སོགས་ཐོན་ཡང་ད་ནི་ས་ཞིང་ཚང་མ་ཞིང་རྒོད་ལ་ཤོར་ཏེ་ཚང་མས་ཡུལ་སྐོར་ལྗོངས་རྒྱུའི་ལས་ལ་འབད་བཞིན་ཡོད་པ་རེད།

གངས་ཀྱིས། ཁྱེད་རང་ཡུལ་སྐོར་ལྗོངས་རྒྱུ་ལ་ལྟ་བ་ག་འདྲ་ཡོད།

ལྕགས་ཀྱིས། སྤྱིར་ན་ཡག་པོ་རེད། གལ་སྲིད་གྲོང་པ་འདིར་ཡུལ་སྐོར་ལྗོངས་རྒྱུ་དར་མེད་ན། དུས་ཀྱི་དབང་གིས་ས་ཞིང་རྨོ་མཁན་མེད་པར་མ་ཟད། ལོ་ཆུང་ཚོ་རྒྱ་གྲོང་ནང་ཞོར་ལས་ལ་བུད་དེ་ང་ཚོའི་གླུ་བྲོ་སོགས་སྲོལ་རྒྱུན་རིག་གནས་ཏིལ་ཙམ་ཡང་ཤེས་མཁན་མེད་པར་ཆགས་སྲིད། རེད་དེ། ཡུལ་སྐོར་བ་རྣམས་ཀྱི་ཆེད་དུ་གནའ་སྔོན་མ་ནས་དར་བའི་ཡ་རབས་ཀྱི་སྲོལ་རྒྱུན་རིག་གནས་རྣམས་སྟབས་བདེ་མོ་དང་ལས་སླ་མོས་ར་མིན་ལུག་མིན་དུ་བཅོས་པའང་གནད་དོན་ཞིག་རེད།

གངས་ཀྱིས། རེད་ལགས། ས་ཆ་ཞིག་གི་རིག་གནས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་ན་ད་གཟོད་ཡུན་རིང་པོར་ཡུལ་སྐོར་བ་འགུགས་ཐུབ་པས་རིག་གནས་ནི་མེས་པོ་རྣམས་ཀྱིས་ཤུལ་དུ་བཞག་པའི་དཔལ་འབྱོར་གྱི་འོངས་སྒོ་ཡོད་ན་མེད་ན་ཞིག་རེད།

ལྕགས་ཀྱིས། རེད་རེད།དེང་སང་གྲོང་མི་ཚང་མས་རིམ་བཞིན་དུ་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་གོ་བཞིན་འདུག  མི་ཚང་མས་རིག་གནས་ཀྱི་རིན་ཐང་གོ་སོང་ན་མུ་མཐུད་ནས་རྒྱུན་འཛིན་བྱེད་ཐུབ་རྒྱུ་རེད།

གངས་ཀྱིས། ལགས་སོ། ང་ནི་བོད་མི་བསོད་ནམས་ཅན་ཞིག་རེད། རང་ཡུལ་གང་ན་འགྲོ་ནའང་ཁྱེད་དང་ཁྱེད་འདྲ་བའི་བོད་མི་སེམས་བཟང་ཅན་མང་པོ་ཐུག་པ་དང་། དེ་རིང་ཡང་ངས་འདྲི་དགོས་བསམས་པའི་དྲི་བ་མང་པོ་དྲི་ཐུབ་པས་མ་ཚད་ཁྱེད་ཀྱིས་ཤེས་ཚད་དྲན་ཚད་ཐམས་ཅད་མ་གསང་དྲང་པོར་བཤད་པ་ལ་དངོས་གནས་བཀའ་དྲིན་ཆེ།

ལྕགས་ཀྱིས། ཅི་ཡང་མི་སྐྱོན། ཁྱེད་ནི་ད་སྔོན་འོངས་པའི་རིག་གནས་པ་རྣམས་ལྟར། ང་ཚོ་ལ་ཁྱེད་ཚོ་ནི་བོད་པ་མ་རེད། ཏིས་རིགས་དང་ཡང་མིན་ན་ཆཱང་རིགས་རེད་ཅེས་ཨུ་ཚུགས་མི་བྱས་པས་ངས་ཀྱང་ཤེས་ཚད་བཤད་པ་ཡིན།

  ཁོང་གིས་མུ་མཐུད་ནས་ངའི་ཆང་ཕོར་ནང་ཆང་བླུགས་པས་ང་ནི་བདུད་རྩི་ཆང་དང་སྙིང་པོའི་གཏམ་གཉིས་ཀས་བཟི་སྟེ་ལ་བཤད་ལུང་བཤད་མང་པོ་བྱས་ཡོད།

 ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽
 

     ཁོང་ཚོས་གྲངས་ཀ་བརྩི་སྟངས་ནི་ང་ཚོ་དང་གཅིག་པ་རེད་ལ་མི་འདྲ་ས་ནི་ཉི་ཤུ་ནས་སུམ་ཅུ་བར་ལ་ང་ཚོས་ཚེས་གྲངས་བརྩིས་པ་ལྟར་ཉི་ཤུ་གཅིག་དང་ཉི་ཤུ་གཉིས་ཞེས་ཟེར། དེ་མིན་མིང་ཚིག་བྱ་སྤུ་དང་རྐང་པ། མིག་རྡོག ཨ་མྱེ། སྨྲ་ར། ཉི་མ། ར། རྔ། བྲོ། ནས་དང་བྱ་ཚིག་འཛོམས། འབུལ། གསོལ། རྡུང་སོགས་ནི་བོད་སྤྱིའི་སྐད་དང་ཇི་མ་ཇི་བཞིན་རེད་ལ། བུ་ཡི་སྐྲ་ལ་སྐྱ་དང་བུད་མེད་ཀྱི་སྐྲ་ལ་ལན་སྐྱ། ཟླ་བ་ལ་རྫ་བ། སློབ་མ་ལ་སྩོབ་མ་ཞེས་བརྡ་རྙིང་པ་དང་། ལག་པ་དང་ལུག ལོ། ཡིན། བྱིས་པ་བཅས་ལ་ངའི་ཕ་ཡུལ་གྱི་རོང་སྐད་ལྟར་ཡག་དང་ཡུག ཡོ། ཞིན། ཉག་ཉོག་ཅེས་འབོད་བཞིན་ཡོད་པ་ཤེས་པས་ལོ་གསར་པ་ནང་ཐག་རིང་ལ་ཡོད་ཀྱང་རང་ཡུལ་གྱི་རོང་མི་ཚོ་དང་ལྷན་གཅིག་ཏུ་ཡོད་པ་ལྟ་བུའི་དགའ་སྤྲོ་སྐྱེས་བྱུང་།

  ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོར་རིགས་རྒྱུད་ཅིག་གམ་ཚོ་པ་ཞིག་ལ་རིག་གནས་ཀྱི་མ་ལག་ཅིག་གྲུབ་པ་ནས་བཟུང་། ཁོངས་མི་ཚང་མས་དེ་ལྟེ་གནས་སུ་བཟུང་བས་རིག་གནས་གཞན་གྱིས་ཅི་འདོད་གང་འདོད་དུ་ཚབ་བྱེད་མི་ཐུབ་པ་ནི་རིག་གནས་དེའི་ཁྱད་ཆོས་མངོན་པར་གསལ་བའི་རིན་ཐང་ཞིག་རེད།

   སྤྱི་ལོ༡༩༤༩ལོའི་སྔོན་ལ་ལོ་རྒྱུས་ཀྱི་སྲོལ་རྒྱུན་ལྟར་དེང་སང་མན་དབྱང་གི་ཕིང་ཝུའུ་དང་རྔ་བའི་གཟི་རྩ་སྡེ་དགུ། ཀན་སུའུ་ཡི་ཝུན་རྫོང་བཅས་ལ་ཆགས་པའི་ཚོ་པའམ་རིགས་ཚོགས་འདི་ལ་བོད་དམག་བོད་པ་ཞེས་འབོད། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུའི་སྐབས་སུ་མི་རིགས་དབྱེ་འབྱེད་ངོས་འཛིན་བྱེད་དུས་བོད་རིགས་ལ་གཏན་འཁེལ་བྱས་མོད། སྤྱི་ལོ༡༩༧༨ལོར་རྒྱལ་ཡོངས་སྲིད་གྲོས་ཚོགས་འདུའི་གྲོས་ཚོགས་ནང་རྒྱ་རིགས་མཁས་པ་ཧྥེ་ཞའོ་ཐུང་ཞེས་པ་དེས་མི་རིགས་དབྱེ་འབྱེད་ལས་དོན་ད་རུང་མཇུག་རྫོགས་མེད། དེ་སྔོན་བོད་རིགས་ཀྱི་ཁོངས་སུ་བཞག་པའི་བོད་དམག་བོད་པ་ཞེས་པ་དེ་ད་དུང་མི་རིགས་གང་གི་ཁོངས་སུ་གཏོགས་མིན་དབྱེ་འབྱེད་བྱེད་དགོས་པའི་ལྟ་བ་བཏོན་པས། དེ་ནས་བཟུང་ལ་ལས་ཏིས་རིགས་ཟེར། འགའ་ཞིག་གིས་ཆཱང་རིགས་རེད་ཟེར། ཁ་ཤས་ཀྱིས་བོད་རིགས་རེད་ཅེས་མི་རེའི་ཁ་ན་གཏམ་རེ་གྲག་སྟེ་ད་སྔོན་བར་རང་ལྟ་མཆོག་འཛིན་གྱིས་འཁྱོག་བཤད་བྱེད་མཁན་ཉུང་ཉུང་མ་རེད།

 ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽
བོད་དམག་སྡེ་པ།

    དང་པོ་ཏིས་རིགས་རེད་ཟེར་མཁན་ཚོས་ལོ་རྒྱུས་ཐོག་ལ་ཏིས་རིགས་ཞེས་པའི་གྲང་ཉུང་མི་རིགས་ཤིག་ཡོད་མྱོང་ལ། དེའི་སྐད་དང་ཡུལ་སྲོལ་བོད་དམག་བོད་པ་དང་འདྲ་བ་དང་། བོད་དམག་བོད་པ་ལ་རུས་མིང་དབྱང་དང་ཀྲང﹙杨 张﹚ཅན་མང་པོ་ཡོད་པ་སོགས་ལུང་རིགས་མང་པོ་དྲངས་ཀྱང་། གོང་དུ་བཤད་པ་ལྟར་བོད་དམག་བོད་པའི་སྐད་ནང་བོད་སྐད་ཀྱི་ཐ་སྙད་མང་པོ་ཡོད་པས་མ་ཚད་བརྡ་རྙིང་པ་མང་བ་དང་། སྐད་ཆ་རིང་པོ་བཤད་ན་གོ་མི་ཐུབ་མོད། སྤྱིར་བཏང་གི་ཚིག་ཐུང་ངུས་གོ་བརྡ་འཕྲོད་པ་ནི་བོད་སྐད་ཤེས་མཁན་ཚོ་ཡུལ་དངོས་སུ་སོང་ནས་བརྟག་དཔྱད་གྱིས་དང་ཆོག  བོད་དམག་བོད་པ་ལ་རུས་མིང་མང་ཞེས་པ་ནི་དང་པོ་བོད་མིང་ཡིན་ཡང་རྗེས་སུ་རྒྱ་ཡིག་ཐོག་བྲིས་པའི་སྐབས་སུ་རུས་དབྱང་དང་ཀྲང་ལ་གྱུར་བ་ནི་དཔེར་ན་བོད་མིང་གཡུང་དྲུང་ཚེ་རིང་ལ་རྗེས་སུ杨主才ཞེས་འབོད་པ་དང་།བོད་མིང་ལྕགས་འབྲུག་ཐར་ལ张中它ཞེས་འབོད་པ།བུ་མོ་གཡང་མཚོ་ལ杨英早ཞེས་པ་ལྟ་བུ་མང་པོ་སྣང་།།

   གཉིས་པ་ཆཱང་རིགས་རེད་ཅེས་པ་ནི་མི་རིགས་གཞན་དག་ཚང་མ་ཆཱང་རིགས་ལས་མཆེད་པའི་ལྟ་བ་ལས་མ་འདས་མོད། བོད་རིགས་ཆཱང་རིགས་ལས་མཆེད་པ་ཡིན་ནམ་ཆཱང་རིགས་བོད་རིགས་ལས་མཆེད་པ་ཡིན།ཆཱང་ཞེས་པ་ནི་རྗེས་སུ་གསར་དུ་བཟོས་པའི་ཐ་སྙད་ཅིག་ཡིན་པ་ལས་མ་གཞིར་སྤྱང་ངམ་བྱང་ཞེས་པ་ལ་གོ་དགོས་ཚུལ་བཅས་ལུང་དང་རིགས་པ་མི་ཉུང་བ་ཡོད་མོད་རྩོམ་ཡིག་གཞན་ཞིག་ནང་འཆད་རྩིས་ཡོད་པས་འདིར་མི་བཤད། གོང་གི་ཏིས་རིགས་ཞེས་པའང་དོན་དུ་ཏིས་ཆཱང་ཞེས་ཆཱང་རིགས་ཀྱི་ཁོངས་སུ་གཏོགས་པ་ཞིག་རེད།

   གསུམ་པ་བོད་རིགས་རེད་ཅེས་པ་ནི་མཁས་དབང་དམུ་དགེ་བསམ་གཏན་གྱིས་སྲོང་བཙན་སྒམ་པོ་སོགས་བོད་རྒྱལ་རྣམས་ཀྱིས་མཐའ་བཞི་དབང་དུ་བསྡུ་བའི་སྐབས་སུ། བོད་རྒྱལ་དང་ཐང་རྒྱལ་མ་མཐུན་པར་ལོ་ངོ་དུ་མར་དམག་འཁྲུག་ལངས་ཏེ། བོད་རྒྱལ་གྱིས་དམག་འབུམ་ཕྲག་དུ་མ་མངགས་ནས་འཐབ་པས་ཐང་དང་བོད་གཉིས་བར་འདུམ་བྱེད་དགོས་བྱུང་། དེའི་སྐབས་སུ་ད་ལྟའི་སི་ཁྲོན་ཕྱོགས་ཀྱི་ཆུ་དཀར་རྒྱུད﹙ནན་ཕིན་དང་ཕིན་ཝུའི་ཕྱོགས།﹚ཆུ་ནག་རྒྱུད﹙ཆུ་ནག་དང་ཁྲོ་ཆུ།﹚ཚ་བ་རོང་སོགས་བོད་རྒྱལ་གྱི་དམག་གིས་བཟུང་། བར་འདུམ་བྱེད་སྐབས་རྒྱ་བོད་བར་དུ་རྡོ་རིང་བཙུགས། རྒྱ་རྒྱ་ཡུལ་དུ་སྡོད་རྒྱུ་དང་། བོད་བོད་ཡུལ་དུ་སྡོད་རྒྱུ་ལས། ཕན་ཚུན་དམག་འཇུག་བྱེད་མི་ཆོག་པ་ཐག་གིས་བཅད། བོད་རྒྱལ་གྱིས་བོད་དམག་རྣམས་ཕྱིར་ལོག་མི་ཆོག་པར་རྒྱ་བོད་བར་གྱི་ས་མཚམས་སྲུང་ཆེད་དམག་མི་རྣམས་གཞིས་ཆགས་ནས་སྡོད་དགོས་པའི་བཀའ་ཕབ། དྭགས་པོ་ནས་འོངས་པའི་དམག་མི་དང་། ཀོང་པོ་ནས་འོངས་པའི་དམག་མི་རྣམས་ཆུ་དཀར་ཕྱོགས་སུ་འདུག་ཏུ་བཅུག   དེ་ཕིན་ཝུའི་དྭགས་པོ་དང་ནན་ཕིན་གྱི་ཁོན་པོ་རྣམས་ཡིན།དྭགས་པོ་ནི་བརྡ་ཅུང་ཟད་ཀྱང་མ་འགྱུར་བར་དེང་སང་ཡང་དྭགས་པོ་ཟེར་ལ།ཀོང་པོ་ནི་བརྡ་ཅུང་ཟད་འགྱུར་ནས་དེང་སང་ཁོན་པོ་ཟེར་ཞེས་གསུངས་པ་དང་།《མདོ་སྨད་ཆོས་འབྱུང་།》ལས་མདོ་སྨད་ལྗོངས་སུ་བསྟན་པའི་སྲོལ་དར་ཚུལ་བཤད་སྐབས་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཧོར་གྱི་སྒོམ་གྲྭ་བཅོམ་སྐབས་དམག་ནང་ནས་སྐྱེན་པོ་བཏུས་པའི་དཔའ་བོ་མི་དགུ་དམག་དང་བཅས་པ་ཧོར་བོད་ཀྱི་མཚམས་སུ་བཞག་སྟེ་རྒྱལ་པོའི་བཀའ་མ་འབྱུང་བར་དུ་ལྡོག་ཏུ་མེད་གསུངས་པས་དཔའ་བོ་མི་དགུའི་རྒྱུད་པ་ལ་ཀ﹙བཀའ﹚མ་ལོག་ཏུ་ཐོགས་ཤིང་། མདོ་སྨད་ལྷོ་བྱང་གི་མི་རྒྱུད་ཕལ་ཆེར་བོད་ཆོས་རྒྱལ་གྱིས་རྒྱ་བོད་སོ་མཚམས་སུ་བཞག་པ་ལས་མཆེད་པ་ཤ་སྟག་ཡིན་པས་སྐད་རིགས་ལའང་བརྡ་རྙིང་མ་འགྱུར་བ་མང་། ཞེས་གསུངས་ཡོད་པ་ལྟར་ན། ཕིང་ཝུ་དང་ནན་ཕིན་ནམ་རྣམ་འཕེལ﹙གཟི་རྩ་སྡེ་དགུ﹚ལ་ཡོད་པའི་བོད་མི་ཚོ་ནི་དྭགས་པོ་དང་ཀོང་པོ་ལས་འོངས་པའི་རྒྱ་བོད་ས་མཚམས་སྲུང་མཁན་གྱི་དམག་གི་རྒྱུད་པ་ཡིན་པས་བོད་དམག་བོད་པ་ཞེས་པ་ནི་ལོ་རྒྱུས་ཀྱི་ཁུངས་ལུང་ལྡན་པ་ཞིག་རེད། མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་ཐུ་བྷོད་གཅིག་གྱུར་མ་བྱས་གོང་ཉང་པོ་དང་ཀོང་པོ།དྭགས་པོ་གསུམ་ནི་རྒྱལ་ཕྲན་བཅུ་གསུམ་གྱི་ནང་གསེས་ཡིན་ལ།གནམ་རི་སློན་བཙན་འདས་རྗེས་སྲོང་བཙན་སྒམ་པོ་སྐུ་ན་ཆུང་བས་ངོ་ལོག་བྱས་མྱོང་ཡང་།སྲོང་བཙན་སྒམ་པོས་སྲིད་འཇིན་དུས་སླར་ཡང་དབང་དུ་བསྡུས་པ་རེད་ཅེས་གསུངས་པ་དང་།ཀོང་པོ་བརྒྱུད་པའི་ཉང་ཆུ་དང་དྭགས་པོ་བརྒྱུད་པའི་ཡར་ཀླུང་གཙང་པོ་གཉིས་ཀ་ལྷན་དུ་མ་འདུས་གོང་ཡར་ཀླུང་གཙང་པོའི་མདོག་ནག་པོ་ཡིན་པས་ཆབ་ནག་དང་ཉང་ཆུའི་མདོག་དཀར་པོ་ཆགས་པས་ཆབ་དཀར་ཞེས་འབོད་ཅེས་པ་ལ་བལྟས་ན་གོང་དུ་མཁས་དབང་དམུ་དགེ་བསམ་གཏན་གྱིས་དེའི་སྐབས་སུ་ད་ལྟའི་སི་ཁྲོན་ཕྱོགས་ཀྱི་ཆུ་དཀར་རྒྱུད﹙ནན་ཕིན་དང་ཕིན་ཝུའི་ཕྱོགས།﹚ཆུ་ནག་རྒྱུད﹙ཆུ་ནག་དང་ཁྲོ་ཆུ།﹚ཚ་བ་རོང་སོགས་བོད་རྒྱལ་གྱི་དམག་གིས་བཟུང་།ཞེས་པ་ལས་ཆབ་ནག་དང་ཆུ་ནག   ཆབ་དཀར་དང་ཆུ་དཀར་ཞེས་ཆབ་དང་ཆུ་མི་འདྲ་བ་ཙམ་ལས་མིང་གཅིག་པ་ཡིན་པ་དེའང་སྟེས་དབང་ཡིན་རྒྱུ་མ་རེད། དེ་མིན་ཟུང་ཆུ་རྫོང་ནང་དེང་སང་ཡང་ཨ་སྟོང་ལུང་པའང་ཨ་སྟོང་ཁོག་ཅེས་འབོད་པའི་ས་ཆ་ཡོད་ལ།ཨ་སྟོང་ཞེས་པ་ནི་དེ་སྔོན་རྒྱ་བོད་ས་མཚམས་སྲུང་མཁན་སྟོང་སྡེ་ཆགས་ས་ཡིན་པས་མིང་དེ་སྐད་ཐོགས་པར་གྲགས།གཞན་ཡང་གོང་དུ་ཨ་མྱེ་ལྕགས་འབྲུག་ཐར་གྱིས་བཤད་པ་ལྟར་དེང་སང་ཕིང་ཝུ་རྫོང་ཁོངས་ཀྱི་བོད་དམག་སྡེ་པ་ཡོད་སའི་ལུང་པ་དེ་ལ་ས་དེ་གའི་མི་ཚང་མས་དྭགས་པོ་དང་ཆུ་དེ་ལ་དྭགས་པོ་ཆུ་ཞེས་འབོད་བཞིན་འདུག

 ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽
བུད་མེད་ཚོས་བྲོ་འཁྲབ་ཚུལ།

   ཁྱད་པར་དུ་བོད་དམག་བོད་པ་ཚོས་ཕྱིང་ཞྭར་བྱ་ཡི་མཇུག་སྒྲོ་དཀར་པོ་བཙུགས་པ་ནི་གོང་དུ་བཤད་པ་ལྟར་བྱ་ཕོ་དཀར་པོས་ཚོ་པའི་འགོ་དཔོན་གྱི་སྲོག་བསྐྱབས་མྱོང་བའི་ངག་རྒྱུན་ཞིག་བཤད་སྲོལ་འདུག་ལ། མཁས་དབང་དམུ་དགེ་བསམ་གཏན་གྱིས་ཕྱིང་ཞྭ་ནི་བོད་སྤྱིའི་ལུགས་ཡིན་ཏེ། ལྷ་རྨ་ཆེན་གྱི་སྐུ་ཕྱིང་ཞྭ་ཅན་བཟོ་བ་ནི། བོད་རང་གི་ཆ་ལུགས་ཡིན་པར་དེབ་ཐེར་དཀར་པོ་དང་ཀླུ་སྒྲུབ་དགོངས་རྒྱན་ལས་བཤད། འབྲོག་པས་ཕྱིང་ཞྭ་མགོ་མདོང་གྱོན་པ་དང་། རོང་པས་ཕྱིང་ཞྭ་ཟླུམ་པོ་མཐའ་ཤན་ཅན་གྱོན་པ་རེད།དྭགས་པོའི་ཞྭ་དང་འདྲ་བ་གྱོན་མཁན་སྔར་དམུ་དགེ་དང་ཏ་ཁོག་སོགས་ལ་ཡོད་པར་མ་ཟད། དབུས་ཀྱི་དྭགས་པོས་ཀྱང་ཕྱིང་ཞྭ་དེ་ལྟ་བུ་གྱོན་པ་རེད། ཞྭ་ཐོག་ཏུ་བྱ་སྒྲོ་འཛུགས་པས་བོད་མ་རེད་ཟེར། ཞྭ་ཐོག་ཏུ་བྱ་སྒྲོ་འཛུགས་པའང་བོད་ཀྱི་ལུགས་ཡིན་ཏེ། སློབ་དཔོན་པདྨའི་དབུ་ཞྭ་བྱ་སྒྲོ་ཅན་གྱོན་པའི་སྐུ་འབྲི་བའང་བོད་རང་གི་ལུགས་ལྟར་བྲིས་པ་དང་། གླིང་སེང་ཆེན་གྱི་སྐུ་འབྲི་ཚེ་བྱ་སྒྲོ་ཅན་གྱི་ཞྭ་གྱོན་པ་འབྲི་བ་དང་། སྐུ་རྟེན་དང་ལྷ་བའི་རྨོག་ཞྭའི་ཐོག་ཏུ་བྱ་སྒྲོ་མང་པོ་འཛུགས་པ་ནི་བོད་རང་གི་ཆ་ལུགས་རེད། གནའ་སྲོལ་དཔའ་བོ་ལ་རྒོད་ཀྱི་སྒྲོ་དང་། སྡར་མ་ལ་ཁྭ་ཏའི་སྒྲོ་འདོགས་པའི་སྲོལ་ཡང་ཡོད། དབུས་ཀྱི་བླ་མ་རིག་འཛིན་རྒོད་འཕྲུ་ཅན་ཟེར་བའང་ཞྭ་ལས་བཏགས། དེས་ན་ཕྱིང་ཞྭ་གྱོན་པ་དང་། མགོ་ལ་བྱ་སྒྲོ་འཛུགས་པའང་བོད་ཀྱི་ལུགས་ཡིན་པ་བཤད་མ་དགོས། ཞེས་གསུངས་པ་བཅས་མཁས་པའི་གསུངས་དང་དམངས་ཁྲོད་ཀྱི་ངག་རྒྱུན་གང་ལ་བལྟས་ནའང་བྱ་ཡི་མཇུག་སྒྲོ་བཙུགས་པ་ནི་དམག་ལ་ཆེ་བསྟོད་བྱས་པའམ་དམག་དཔུང་གི་རྟགས་མཚན་ཡིན་པ་ཁ་ཚོན་གཅོད་དཀའ་མོད། གང་ལྟར་དམག་དང་འབྲེལ་བ་ཡོད་པ་གཏན་འཁེལ་རེད།

ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག ༼དང་པོ།༽

    མང་པོ་ཞིག་གིས་བོད་པ་མ་རེད་ཏིས་རིགས་རེད་ཅེས་པ་ལ་མཁས་དབང་དམུ་དགེ་བསམ་གཏན་གྱིས་སྐད་ཡིག་དང་ཐོན་སྐྱེད་བྱེད་ལུགས། གཉེན་སྒྲིག་བྱེད་སྟངས། མཆོད་པ་འབུལ་ལུགས། བཟའ་བཏུང་རྒྱན་ཆ་སོགས་ཕྱོགས་མང་པོའི་ཐད་ནས་བོད་རིགས་ཡིན་པ་བསྒྲུབས་ཡོད་པ་ཁོང་གི་ཕྱག་རྩོམ་ནང་བལྟ་ཆོག་པས་བསྐྱར་ཟློས་བྱེད་པའི་དགོས་པ་མི་འདུག   ནང་སྒོས་སུ་བོད་དམག་བོད་པ་ཚོ་ལ་སྐད་ལས་ཡི་གེ་མེད་ཅེས་པ་དང་། ཆོས་ལུགས་ནི་བོད་དང་མི་འདྲ་ཞེས་པ། བུད་མེད་ཚོས་སྐེད་ལ་ཉ་ཡི་རུས་པའི་རྒྱན་ཆ་བཏགས་ཡོད་པས་ནང་ལོགས་ཀྱི་མཚོ་ཁ་ནས་མཆེད་པའི་མི་རིགས་ཤིག་རེད་ཅེས་པའི་ལོག་ལྟ་ལ། ངས་ལོ་རྒྱུས་ཀྱི་ཁུངས་དེད། དངོས་སྟོབས་ཀྱིས་ར་སྤྲོད་དེ་འབེན་ལ་ཕོག་པའི་མདའ་མོ་འཕེན་རྒྱུ་ཡོད་པས་གཤམ་གྱི་མཐའ་མའི་ལྟད་མོ་ཞེས་པའི་ནང་དོན་ལ་གཟིགས་རོགས།།༼མུ་མཐུད་ནས་འགོད་རྒྱུ།༽

 


  • ལེ་ཚན་སྔོན་མ།:ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
  • ལེ་ཚན་རྗེས་མ།:ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག༼གཉིས་པ།༽
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10