ལི་ཐང་གི་ངོ་སྤྲོད་སྔོན་མེད་ལེགས་བཤད་གསར་མ།

ལི་ཐང་བློ་བསྟན།        2019-01-28

ལི་ཐང་གི་ངོ་སྤྲོད་སྔོན་མེད་ལེགས་བཤད་གསར་མ།

དང་པོ། ལི་ཐང་ཞེས་པའི་མིང་འདི་ཇི་ལྟར་བཏགས་པ།

དེང་སང་མི་ཐམས་ཅད་ཀྱིས་ལི་ཐང་ཞེས་འབོད་དུས་རང་རེ་ཁ་བའི་ལྗོངས་ཀྱི་ཤར་མཐར་ཆགས་པའི་རྩྭ་ཐང་སྟེང་གི་ཡུལ་གྲུ་ཞིག་སྟེ།མིང་འདི་ལྟར་བཏགས་པའི་སྐོར་ལ་ཤོད་མཁན་དང་དཔྱོད་མཁན་སུ་ཡང་མེད་པ་མངོན།ཡིན་ན་ཡང་བདག་གིས་འདིའི་སྐོར་བོད་ཀྱི་ལོ་རྒྱུས་གསར་རྙིང་གང་མཐོང་གི་ཚིག་ཟུར་དང།ཡུལ་དེའི་སའི་ཆགས་སྟངས།ཆུའི་རྒྱུགས་ལུགས་སོགས་ལ་བཏགས་ནས་ཅུང་དཔྱད་པ་འདོད།ལི་ཐང་ཞེས་པའི་གངས་ཅན་བོད་ཀྱི་ཤར་མཐར་ཆགས་པའི་མདོ་ཁམས་པའི་ཡུལ་གྲུ་འདི་ནི།འབྲི་ཆུ་དང་ཉག་ཆུ་གཉིས་ཀྱི་རྒྱུད་དུ་ཡོད་པའི་མདོ་ཁམས་སྒང་དྲུག་གི་ནང་ཚན་སྤོམ་འབོར་སྒང་གི་རྒྱུད་དུ་ཆགས་ཡོད་ཅིང་། དེར་བརྟེན་ཆགས་པའི་བོད་ཀྱི་ཡུལ་གྲུ་བྱེ་བྲག་པ་དེ་ལ་ལི་ཐང་ཞེས་མིང་གིས་བཏགས་སྟངས་སྐོར་འོག་ཏུ་གསལ།

༡༽ ལི་ནི་ལྕགས་རིགས་རིན་པོ་ཆེ་ཞིག་སྟེ།རྒྱ་གར་དང། སིངྒ་ལ།ནཻ་པཱལ།ལི་ཡུལ་བཅས་ནས་ཐོན་པའི་རང་བྱུང་གི་ལི་དང།ལྕགས་རིགས་སྣ་དགུ་བསྲེས་ནས་བཟོས་པའི་བཅོས་མའི་ལི་སྟེ་ལི་རིགས་གཉིས་སུ་མཆིས་ལ།དེ་ཡང་ཕྱི་མ་ནི།གསེར།དངུལ།ཟངས།ལྕགས།གཤའ་དཀར།ཏི་ཚ།ཟི་ལ།ཁྲོ།ཞ་ཉེ་བཅས་དགུ་བསྲེས་ནས་བཟོས་ཤིང།དེ་ལ་ལི་དཀར་དང།ལི་སྨུགལི་དམར།ལི་ནགལི་ཁྲ་བཅས་མདོག་མི་འདྲ་བ་ལྔ་ཡོད་པ་བཤད་ཅིང།ལི་དེ་དག་ནི་བོད་ཀྱི་དངོས་ཆས་བཟོ་བྱེད་ཀྱི་རྒྱུ་སྟེ།སྐུ་འདྲ།ཏིང།དྲིལ་བུ།སྡེར་མ།ཐུར་མ་སོགས་བཟོས་པ་ཤིན་ཏུ་མང་པོ་མཐོང་རྒྱུ་ཡོད་པས་གསལ་བཤད་རྒྱས་པ་ཇི་ལྟར་དགོས།

༢༽  ཐང་ནི་འབར་འབུར་སོགས་མེད་པའི་ས་ཆ་ཁོད་སྙོམ་པའི་གཞི་སྟེ།དཔེར་ན།རྩྭ་ཐང་།ཞིང་ཐང་།བྱེ་ཐང་།བྱང་ཐང་སོགས་ལ་གོ་བ་དང།ཡང་མུན་ནག་གི་ཡོལ་བ་བྲལ་བའི་གསལ་ཆའི་འོད་སྣང་དོད་པའི་རིགས་ལ་ཐང་དཀར་པོ་ཞེས་དང།ཆར་པ་ཆད་པ་ལ་གནམ་ཐང་ཞེས་ཀྱང་ཟེར་བ་སོགས་དེ་དང་དེ་ལ་སོགས་པར་འཇུག་པ་ཤིན་ཏུ་མང་བས།ཐང་ཞེས་པའི་ཐ་སྙད་འདི་བོད་ཀྱི་སྐད་ལ་དོན་མི་འདྲ་བ་མཐའ་ཡས་པར་འཇུག་པས་དེ་རེ་རེ་ནས་འདིར་བཤད་ན་དགོས་པ་ཆེར་མ་མཐོང་བས་སོ།།

གངས་ཅན་བོད་ཀྱི་ཤར་མཐར།མདོ་ཁམས་ཡུལ་གྱི་ལྷོ་རྒྱུད།ལི་ཆུ་སྔོན་མོའི་འགྲམ་ངོགས།མཐའ་ཡས་པའི་རྩྭ་ཐང་དང་མཛེས་སྡུག་ལྡན་པའི་རི་བོ།དབུ་རྩེ་ཨ་སྔོན་དགུང་ལ་སྙེགས་པའི་གངས་རི་དང།རྫ་རི།ནགས་རི།སྤང་རི་སོགས་ཀྱི་ར་བས་ཡོངས་སུ་བསྐོར་བའི་ཁམས་ལི་ཐང་ཞེས་གྲགས་པ་ཀུན་ཏུ་ཁྱབ་པའི་ཡུལ་གྲུ་འདི་ཀུན་གྱིས་ཐོས་མྱོང་མོད།འོན་ཀྱང་མིང་འདིའི་ཐོག་མའི་འབྱུང་ཁུངས་གང་ཡིན་ཤོད་མཁན་ཕལ་ཆེར་མེད་པ་སྣང།ལི་དང་ཐང་གཉིས་ཁ་དབྲལ་ནས་བརྗོད་ན་གོང་དུ་བཤད་པ་ལྟར་ཡིན་ཀྱང་།དེ་གཉིས་གཅིག་ཏུ་སྦྲེལ་ནས་ཡུལ་གྲུ་ཞིག་གི་མིང་ཇི་ལྟར་ཆགས་མིན་འདིར་དཔྱད་པར་བྱ་བའི་གཞི་ཡིན།

༣༽  ལི་ཐང་ཞེས་པའི་མིང་འདི་ཆེས་ཐོག་མར་ལི་ཆུ་སྔོན་མོའི་འགྲམ་རྒྱུད་ཀྱི་ཡངས་ཞིང་རྒྱ་ཆེའི་རྩྭ་ཐང་ཆེན་པོ་འདིའི་མིང་ཡིན་པ་ནི་བཤད་མི་དགོས་པ་ཞིག་རེད།ད་དུང་གོམ་པ་གང་མདུན་དུ་སྤོས་ནས་བཤད་ན།རྩྭ་ཐང་ཆེན་པོའི་གཞུང་ལ་རྒྱུ་བའི་ཆུ་དེ་ལ་ལི་ཆུ་ཞེས་སྔོན་དུ་ཐོགས་པ་ཡིན་ནམ།ཡང་ན་ཆུ་ངོགས་སུ་སྔོ་ཐིང་ངེར་ཆགས་པའི་རྩྭ་ཐང་ཆེན་པོ་དེ་ལ་ལི་ཐང་ཞེས་སྔོན་དུ་ཐོགས་པ་ཡིན།དེ་ཤེས་དགོས་པའི་གནད་ཀྱི་དོན་པོ་ཡིན་མོད།ད་ལྟའི་བར་དུ་ཚད་ལྡན་ཁུངས་ལུང་གང་ཞིག་རྙེད་རྒྱུ་ལྟ་ཞོག་དཔྱད་གཞི་ཙམ་ཞིག་ཀྱང་མ་རྙེད་ནས་ལུས་སོང་། ༼  འོན་ཀྱང་ཕྱི་ལོ༢༠༠༤ལོའི་ཕྱི་ཟླ༤པའི་པོ་ཏ་ལ་ཞེས་པའི་དུས་དེབ་ནང་།ཡུལ་སྐོར་སྤྲོ་འཆམ་བྱེད་ཡུལ་ཞེས་པའི་ལེ་ཚན་དུ་ལི་ཐང་གི་ཡུལ་དགོན་ངོ་སྤྲོད་མདོར་བསྡུས་བཀོད་འདུག་པ་སྟེ།༽ (གྲགས་པ་ཀུན་ལ་ཁྱབ་པའི་ས་མཐོའི་གྲོང་རྡལ་ལི་ཐང)ཞེས་མགོ་བརྗོད་དུ་བཀོད་པར།ལི་ཐང་ཞེས་པ་ནི་ལི་མའི་མེ་ལོང་དང་འདྲ་བའི་བདེ་ཐང་ཆེན་མོ་ཞེས་པའི་དོན་ལ་འཇུག་རུང་།དེ་ནི་མདོ་ཁམས་ཀྱི་ཆར་གཏོགས་པའི་ས་མཐོའི་གྲོང་རྡལ་གྲགས་པ་ཀུན་ལ་ཁྱབ་པ་ཞིག་རེད།ཡུལ་དེར་ལི་མའི་ཐང་ཆེན་ཞེས་པའི་མཚན་སྙན་ཐོགས་དགོས་དོན་ཡང་དེ་གའི་མུ་མཐའ་བྲལ་བའི་མོ་ཡག་རྩྭ་ཐང་ལས་བྱུང་བ་ཡིན་ངེས་རེད།ཅེས་བཤད་འདུག་པ་དེ་ནི་མེ་ཏོག་སྣ་ཚོགས་ཁྲ་ཆིལ་ལེར་བཞད་པའི་ཡིད་དབང་རབ་ཏུ་འཕྲོག་པའི་མུ་མཐའ་བྲལ་བའི་རྩྭ་ཐང་ལ་བལྟས་ནས་བཤད་པ་ཙམ་ཡིན་གྱི།དེ་ལས་གཞན་ཡང་དག་པའི་རྒྱུ་མཚན་དང་ཕུ་ཐག་རིང་བའི་ལོ་རྒྱུས་ཀྱི་རྒྱུད་རིམ་དང་འགྲོགས་ནས་བཤད་པའི་ཁུངས་ལུང་གང་ཡང་མེད།

ཡང་གཅིག་བཤད་ན་འདི་ལྟར་ཡིན་ཡང་སྲིད།རིན་ཆེན་ལི་མ་བཞུས་པའི་མདོག་ལྟར་ཆེས་ཤིན་ཏུ་མཛེས་སྡུག་ལྡན་པའི་ཆུ་བོ་དེ་ལ་ལི་ཆུ་དང།དེའི་འགྲམ་ངོགས་སུ་ཆགས་པའི་རྩྭ་ཐང་ཆེན་པོ་དེ་ལ་ལི་ཐང་ཞེས་བཏགས་པ་དང།ཡང་ན་དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞིའི་འགྱུར་བ་མངོན་པར་གསལ་བའི་རྩྭ་ཐང་ཆེན་མོ་དེ།དུས་བཞིའི་འགྱུར་བས་ཁ་ལོ་བསྒྱུར་བའི་རྩྭ་ཐང་ཆེན་པོ་དེ།མདོག་མི་འདྲ་བའི་རིན་ཆེན་ལི་མ་སྣ་ཚོགས་པ་དཔེར་བླངས་ནས་ལི་ཐང་ཞེས་བཏགས་ཏེ།དེའི་སྟེང་དུ་རྒྱུ་བའི་ཆུ་བོ་ལ་ལི་ཆུ་ཞེས་རང་བཞིན་གྱིས་མིིང་དུ་ཆགས་པའང་སྲིད།དེ་ནི་བདག་གི་རྣམ་རྟོག་ལ་འཆར་བའི་བསམ་ཚུལ་ཕྲ་མོ་ཙམ་ཞིག་ལས་དངོས་དོན་གང་ཡིན་གསལ་པོ་མ་ཤེས།

ད་དུང་ལི་ཐང་གི་ཡུལ་འབྲོག་ཕལ་མོ་ཆེ་དང།ཡུལ་དེ་དང་ཁད་ཉེ་བའི་འབའ་པ་དང་།རྒྱལ་ཐང་སོགས་ཁམས་ལྷོ་རྒྱུད་དང་།གཞན་ཡང་ཁམས་ནུབ་བྱང་རྒྱུད་ཀྱི་ཁམས་པ་ཀུན་གྱིས་ལེ་ཐང་ཞེས་འགྲེང་བུའི་སྒྲ་གདངས་ཅན་འབོད་པ་ལས།ལི་ཐང་ཞེས་གི་གུའི་སྐད་གདངས་ཀྱིས་འབོད་པ་གཏན་ནས་མེད་པ་ནི་མངོན་སུམ་ཚད་གྲུབ་ཡིན་པར་མ་ཟད།བོད་ཀྱི་སྐྱེས་ཆེན་དམ་པ་མང་པོ་ཞིག་གི་རྣམ་ཐར་རྙིང་པ་དག་ལས་ལེ་ཐང་ཞེས་འགྲེང་བུ་ཅན་མང་བ་ལས།ཡིག་རྙིང་དེ་དག་ཏུ་གི་གུ་ཅན་གྱི་ལི་ཐང་ལྟ་བུ་མཐོང་རྒྱུ་མི་འདུག དེ་དག་གསལ་བར་ཤེས་པ་འདོད་ན་དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་ན་རིམ་གྱི་མཛད་རྣམ་དང།ཁོལ་རི་བླ་མ་བྱང་ཆུབ་རྒྱལ་མཚན་ནམ་གཏེར་སྟོན་ཆེན་མོ་ཀློང་གསལ་སྙིང་པོའི་གཏེར་ཡིག་དག་ལ་གཟིགས།འོན་ཀྱང་ཕྱིས་སུ་སྒྲ་བསྒྱུར་སྟེ་གི་གུའི་སྒྲ་གདངས་ཅན་གྱི་ལི་ཐང་དང་མི་ཉག་བཅས་སུ་འགྱུར་ཞེས་མཁས་པ་ལ་ལས་གསུངས།གནས་ཚུལ་ཐུང་ངུ་འདི་བདེན་པ་ཡིན་པར་ཆ་བཞག་ན་གོང་གི་བསམ་ཚུལ་བརྗོད་པ་ཀུན་རྨེག་མེད་དུ་ཞིའོ།།དེ་མ་ཚད་ད་དུང་དེའི་སྒྲུབ་བྱེད་དུ་འགྲོ་བའི་ཁུངས་ཀྱང་འདི་ལྟར་འདུག་སྟེ།ས་རཱ་མཐོ་སློབ་ཀྱི་ངག་དབང་བྱམས་པས།བོད་ཀྱི་བང་ཆེན་ཚགས་ཤོག་ཏུ་མུ་འགོད་བྱས་པ།༼  བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས༡༩༣ནང༽ བོད་ཀྱི་ལོ་རྒྱུས་ལས།རྨུ(མིང་གི་རྣམ་གྲངས་ལ་རྨུ་ཚ་སྒ་ཡང་ཟེར)ལ།རྨུ་ལ་ཀོ་ལེ་ཕྲ་བརྒྱད་བྱུང་།།ངམ་དང་སྣུབས་དང་གཞུང་དང་གསུམ།།འགར་དང་དཀར་དང་སྨོན་དང་གསུམ།།སྙོས་དང་ངན་ལམ་གཉིས་ཏེ་བརྒྱད།།  རྨུ་ཀོ་ལེ་ཕྲ་བརྒྱད་ཟེར་བ་ཡིན།།ཞེས་རྨུ་ལ་རྩ་བའི་དབྱེ་བ་བརྒྱད་དང་ནང་གསེས་མང་།  རིགས་འདི་ནི་ཁམས་གཡར་མོ་ཐང་།  བྱང་དཀར་མོ་ཐང་།མདོ་སྨད་ཙོང་ཁ་ལ་གྱི་ཐང་།ཁྱུང་པོ་ནང་འབྲི་ཆུ་ཚུར་རྒྱུད།སྟོད་གཙང་ཕྱོགས་དང་།རྔ་བའི་མཛོད་དགེ བླ་བྲང་།ལི་ཐང་ཚ་ཁ།མཚོ་སྔོན་ཡོངས་ལ་ཁྱབ་པར་བཤད་ཅེས་བཤད་འདུག དེའི་ཁུངས་གང་དུ་གཏུགས་མིན་གསལ་ཁ་མེད་པས་ཁུངས་མ་རྙེད་པར་ལུས་སོང་།

ཡང་རྨུ་ལ་ཀོ་ལེ་ཕྲ་བརྒྱད་བྱུང་ཞེས་པའི་ཀོ་ལེ་ལ་འབྲི་ཚུལ་མི་འདྲ་བ་ཁག་གཅིག་མཆིས་ཏེ།ཀོ་ལེ་དང་ཀོ་ལོ།ཀོད་ལེ་བཅས་བྱུང་ཡང་ཀོད་ལེ་ནི་ལོ་རྒྱུས་ཀྱི་གཞུང་རྣམས་སུ་ཅུང་མང་བའི་འབྲི་ཚུལ་ཞིག་ཡིན་པས་དག་པ་མངོན།དེས་ན་རྨུ་ཀོད་ལེ་ཕྲ་བརྒྱད་ཀྱི་རིགས་རྒྱུད་རྣམས་རྩྭ་ཐང་ཆེན་མོ་དེའི་འགྲམ་ངོགས་ཀུན་ལ་འཚོ་སྡོད་བྱས་པས་ན་ཐང་དེ་ལ་ལེ་ཐང་དང།ཐང་དེའི་གཞུང་རྒྱུད་དུ་རྒྱུ་བའི་ཆུ་བོ་དེ་ལ་ལེ་ཆུ་ཞེས་རང་བཞིན་གྱིས་ཐོགས་པ་མིན་ནམ་སྙམ་པས་དཔྱད་གཞི་ཙམ་མོ།།མདོར་ན་ཀོད་ལེ་ཕྲ་བརྒྱད་ནང་གི་ལེ་དང་ཡུལ་དེའི་རང་བྱུང་ཁམས་ཀྱི་ཐང་ཆེན་པོ་གཉིས་ཀྱི་མིང་གཞི་གཅིག་ཏུ་སྦྲེལ་ནས་ལེ་ཐང་ཞེས་བཏགས་པའང་སྲིད་ཅེས་བཤད་འདོད།

ཡང་ལི་ཐང་ཞེས་པའི་མིང་འདིའི་འབྱུང་ཁུངས་ཀྱི་དཔྱད་གཞི་གཞན་ཞིག་ཀྱང་མཆིས་ཏེ།ཀླུ་ཐང་ནས་རིམ་གྱིས་ལི་ཐང་ལ་འགྱུར་བའང་སྲིད་དེ།ད་ལྟའི་ལི་ཐང་དགོན་ཆེན་ནམ་ལི་ཐང་ཐུབ་ཆེན་བྱམས་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པ་རྒྱལ་བའི་སྡེ་ཆགས་ཡུལ་དང་ཁད་ཉེ་བའི་གྲུ་ཟུར་ཞིག་གམ།ཡང་ན་དགོན་ཆེན་གྱི་མདུན་ཐང་ཆེན་པོ་དེ་ལ་ཆེས་སྔ་མོའི་དུས་སུ་ཀླུ་ཐང་ཞེས་འབོད་པ་སྣང་སྟེ།ལི་ཐང་དབྲ་ཕྲུག་ངག་དབང་གིས་ཕྱོགས་བསྡུས་བྱས་པའི(ལི་སྡེ་མངའ་རིས་ཞིང་ཁམས་ཀྱི་སྡེ་དགོན་ངོ་སྤྲོད་བསྡུས་པ)ཞེས་པ་ལས།༼  ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་པར་བསྐྲུན་བྱས་པའི་དེབ་དེའི་ནང།ལི་ཐང་དགོན་ཆེན་ཐོག་མར་ཕྱག་འདེབས་སྐབས་ཐུགས་འགན་གཙོ་བོར་བཞེས་མཁན་རྒྱལ་བ་བསོད་ནམས་རྒྱ་མཚོའི་སྲས་ཀྱི་ཐུ་བོ་པཎ་ཆེན་བསོད་ནམས་གྲགས་པའི་སྐུ་ཕྲེང་གཉིས་པ་སྐུ་སྐྱེས་བསོད་ནམས་ཡེ་ཤེས་དབང་པོ་མཆོག་གིས་ལྗགས་རྩོམ་མཛད་པའི།(ལི་ཐང་ཐུབ་ཆེན་ཆོས་འཁོར་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་བཏབ་པའི་སྐུ་ཐུབ་ཆེན་ཁམས་གསུམ་་ཟིལ་གནོན་བཞེངས་པའི་ནང་གཟུངས་གཞུག་ཕུལ་བའི་དཀར་ཆག་ཏུ་བཀོད་ཁྲ་བཞུགས་སོ)ཞེས་ཆ་ཚང་བ་ཞིགབསྒྲིགས་འདུག(དེབ་དེའི་ཤོག་གྲངས༨༩)༽ ས་གྲས་དེ་ཡང་ས་གཞི་བར་མཚམས་མེད་པར་ལྷ་ཀླུ་གནས་པའི་རང་བཞིན་ཁོ་ནར་གྱུར་ཅིང་།ལྷག་པར་ཀླུ་ས་ཆེ་བར་གྲགས་པའི་ཕྱོགས་དེའི་ཡུལ་མིི་རྣམས་ཀྱིས་ཀྱང་མཐོང་བའི་སྦྲུལ་ནག་པོ་གཉའ་ཤིང་ཙམ་གྱིས་མགོ་དྲངས།སྦྲུལ་གྱིས་དབྱར་དུས་སུ་ས་གཞི་བར་མཚམས་མེད་པ་ལྟ་བུར་ཡོད་པ་ཡིན་འདུག་ཀྱང།ཞེས་གསུངས་པའི་གསུང་ཚིག་དུམ་བུ་དེ་གཞི་བཞག་ནས་བརྟག་དཔྱད་ཞིབ་ཚགས་ཤིག་བྱས་ན།ང་ཚོའི་བློ་ཡུལ་དུ་སྔ་བྱུང་མྱོང་མེད་པའི་གནས་ཚུལ་མང་པོ་ཞིག་དབང་མེད་དུ་འཆར་འོངས།དོན་དེ་རྣམས་རིམ་གྱིས་བཤད་པའི་འབད་བརྩོན་མི་བྱེད་ཀ་མེད་རེད།སྦྲུལ་ཆེས་མང་བའི་རྐྱེན་གྱིས་ཀླུ་སར་གྲགས་པའི་ཐང་དེ་ལ་ཀླུ་ཐང་དུ་བཏགས་ཡོད་པ་མཐོང་ཐུབ།དེ་ནས་དུས་གྱི་རིམ་པའི་དབང་གིས་ཡུལ་མིི་སོ་སོའི་སྐད་གདངས་མི་འདྲ་བར་འགྱུར་ཏེ།ཀླུ་ཐང་ནས་ལུ་ཐང་དང་།དེ་ནས་ལེ་ཐང་།སླར་ཡང་ལི་ཐང་དུ་འགྱུར་ནས་དུས་ད་ལྟའི་བར་དུ་ལི་ཐང་དུ་གྲགས་པ་ཡིན་ནམ་སྙམ་པ་ཞིག་དབང་མེད་དུ་བྱུང་།འདི་ནི་ས་ཆའི་ཕྱོགས་ནས་མིང་དུ་བཏགས་པའི་ཕྱོགས་སུ་དཔྱད་པའི་གཏམ་མོ།།

དེར་བརྟེན་ལི་ཐང་ལ་ལི་ཐང་ཞེས་པའི་མིང་འདི་དང་རྩྭ་ཐང་ཆེན་པོ་དེ་དང་།ཡང་ན་དེའི་གྲུ་ཟུར་ཞིག་གི་མིང་དུ་ཆགས་ནས་རིམ་གྱིས་ཡུལ་དེའི་ཉེ་འཁོར་ལ་ཡོད་པའི་གྲོང་ཚོ་འགའ་ལ་འཇུག་ཡོད་པ་གོར་མ་ཆག  དེ་ནས་རིམ་གྱིས་ལི་ཐང་གི་མངའ་ཁུལ་ཀུན་ལ་མིང་དེས་ཁྱབ་པ་ལས།དང་པོ་ཉིད་ནས་ལི་ཐང་གི་མངའ་ཁུལ་ཡོངས་ལ་མིང་དེས་ཁྱབ་མིན་པ་སེམས།བཤད་མ་ཐག་པའི་བསམ་ཚུལ་དེ་གཞི་བཞག་ནས་བཤད་ན།ལི་ཐང་ཞེས་པའི་མིང་འདི་ཆེས་ཐོག་མར་ལི་ཐང་དགོན་ཆེན་ཆགས་ཡུལ་གྱི་མདུན་ཐང་ཆེན་པོ་དེའམ་ཡང་ན་དེའི་གྲུ་ཟུར་ཞིག་ལ་བཏགས།དེ་ནས་རྒྱ་མཚོའི་རླབས་ཕྲེང་བཞིན་ལ་ལུང་མང་པོ་བརྒལ་ཏེ་ཐང་ཆེན་དེའི་ཕྱོགས་བཞི་མཚམས་བརྒྱད་ལ་གནས་པའི་ས་ཁུལ་རྣམས་ལ་འཇུག་པར་མངོན།དཔེར་ན།ད་ལྟའི་ཆར་ལའང་ཚོ་གསུམ་མོ་ལ།གྱང་བཞག་སྒ་གསུམ།གཡོན་རུ་ཨོ་ཐོག སྡེ་གཞུང་མ།གེ་མོ།སྣ་བོ།དེ་བོ།སྤོ་རྫི་གེ་གསུམ་དབྲ་བ་བཅས་པ།རོང་ཉག་རྒྱུད་ཆུ་གསུམ་སོགས་ལི་ཐང་གི་ཡུལ་གྲུ་བྱེ་བྲག་པ་ཀུན་གྱིས།ལི་ཐང་དགོན་ཆེན་དང་ལི་ཐང་མཐིལ་དུ་འགྲོ་བ་ལ་ལི་ཐང་དུ་འགྲོ་ཞེས་འབོད་པ་ལས་ལི་ཐང་མཐིལ་དུ་འགྲོ་ཞེས་མི་བརྗོད།རྒྱུ་མཚན་དེས་ལི་ཐང་ཞེས་པའི་མིང་དེ་གཙོ་བོར་དགོན་ཆེན་དང།གཞུང་གི་སྲིད་འཛིན་ལས་ཁུངས་དྲུང་སྐྱ་སེར་གཉིས་ཀྱི་སྡེ་པ།ད་ལྟའི་གྲོང་ཤོག་བརྒྱད་ཀྱི་ཆགས་ཡུལ་དེའི་མིང་ཡིན་པ་གསལ་བའོ།།ད་དུང་དཔྱད་གཞི་གཞན་ཞིག་ནི།(དཔལ་ས་སྐྱའི་བླ་མ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་བྱིན་རླབས་རྒྱ་མཚོ་ལས)། ༼ མཁན་པོ་འཕྲིན་ལས་ཆོས་འཕེལ་གྱིས་མཛད།ས་པན་བཤད་སྒྲུབ་གླིང་གིས་ཕྱི་ལོ༢༠༠༠ལོར་པར་བསྐྲུན་བྱས།༽ གཏེར་ལུང་དུ།གནམ་དང་ཉེ་བ་ལི་ཡི་མཎྡལ་སྟེང།ཞེས་གསུངས་པར་ཅུང་ཟད་དཔྱད་ན།ལི་ཐང་གི་ཡངས་ཤིང་རྒྱ་ཆེའི་རྩྭ་ཐང་ཆེན་མོ་དེ་དྭངས་ཤིང་གཙང་བའི་ལི་ཡི་མཎྡལ་བཞིན་ཡིན་པའི་ཆ་ནས།འདྲ་བ་རྒྱུ་མཚན་དུ་བྱས་པའི་སྒོ་ནས་མཛེས་སྡུག་ལྡན་པའི་མེ་ཏོག་གི་རྩྭ་ཐང་དེ་ལ་ལི་ཐང་ཞེས་བཏགས་པའང་སྲིད་པ་ཡིན་ནམ་སྙམ།

ད་དུང་གཞན་ཞིག་ལ(མདོ་ཁམས་ལི་ཐང་བའི་དཔོན་ཁག་རེ་ཟུང་དང་ཨོ་ཐོག་དགོན་ཡུལ་སོགས་ཀྱི་ལོ་རྒྱུས་མདོ་ཙམ་གླེང་བ་དྲང་གཏམ་ཁ་བའི་འདབ་མ་)ཞེས་པ་ལས།༼  ཨོ་ཐོག་འབའ་ཤེར་བློ་བཟང་ཟླ་བས་བརྩམས་པ།ཕྱི་ལོ༢༠༠༠ལོར་པར་བསྐྲུན་བྱས་པའི་དེབ་ཤོག་གྲངས༡༢ལས་གསལ།༽ རྒྱལ་དབང་བསོད་ནམས་མཚོ་ལི་ཐང་དུ་ཕེབས་དུས་གྲྭ་འབུམ་དར་རྒྱས་ཟེར་བའི་མི་རྒན་གཏམ་རྒྱུད་ལ་གོམས་པ་ཞིག་ཡོད་དེ་ལ་ས་ཆ་འདི་ཡི་མིང་ལ་ཅི་ཟེར་གསུངས་བས།མི་རྒན་དེ་ཡིས།

སྤང་རི་ཕྱེ་མ་སྤུངས་འདྲ་བོ།།

ཨ་བོ་ལི་ཆེན་བོན་རི་ཟེར།།

ཐང་ཆེན་ལྷ་ལམ་བརྐྱངས་འདྲ་འདི།།

ཁམས་ཀྱི་ལི་ཐང་ནོར་བུ་ཉིད།།

ཅེས་གསུངས་པ་ལྟར་ན།སྔར་བོན་གྱི་དགོན་པ་ཡོད་སའི་རིི་བོ་དེར་ལི་ཆེན་བོན་རི་དང་དེའི་མདུན་ཐང་ཆེན་པོ་དེ་ལ་ལི་ཐང་ཞེས་བཏགས་པ་གསལ།འོན་ཀྱང་དེ་ནི་ལི་ཐང་ཞེས་པའི་མིང་དེའི་འབྱུང་ཁུངས་ཡིན་མིན་ནི་བཤད་དཀའ་མོད།ལི་ཐང་ཞེས་པའི་མིང་དེའི་བཏགས་སྟངས་ཅུང་མི་འདྲ་བ་འདུག་པས་དཔྱད་གཞི་ཙམ་བཀོད་པ་ཡིན།

གོང་གི་བཤད་ཚུལ་ཀུན་ལས་ཅུང་སྔར་ནུར་བྱས་ནས་བཤད་ན།ད་ལྟའི་མདོ་ཁམས་ལི་ཐང་ཞེས་འབོད་པ་དེ་ལ་ལི་ཐང་ཞེས་མ་བཏགས་པའི་སྔོན་དུ།ད་ལྟའི་ལི་ཐང་ཞེས་གྲགས་པའི་ཕྱོགས་ཀུན་ལ་ཁྱབ་པའི་མིང་དགོས་ན།དེ་ནི་སྐབས་དེར་སྤོམ་འབོར་སྒང་ཞེས་འབོད་པ་ཧ་ཅང་གསལ་ཏེ།ཁ་རྒྱུན་དུ་དེ་འདྲ་ཞིག་ཐོས་མྱོང་བ་ལ།ཁྱད་དུ་བུ་ཡོང་ཆོས་ཀྱི་བཀའ་བཅུའམ་བླ་མ།(སྒྲུབ་རྒྱུད་ཀརྨ་ཀྃ་ཚང་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུ་ཟླ་ཤེལ་གྱི་ཕྲེང་བ་ཞེས་བྱ་བའི་པུསྟ་ཀ་ཕྱི་མའོ་ཞེས་པ་ལས།) ༼  དཔེ་གཟུགས་ན་པ་ཤོག་གྲངས་དོན་བརྒྱད༽ དེ་ནས་དྲུང་བྱང་ཆུབ་བཤེས་གཉེན་དང་རྒྱ་བྱ་བླ་མ་སོགས་པའི་སྤོ་འབོར་བ་རྣམས་ཀྱིས་བླ་མ་ཆོས་བཀྲས་པ་སྤྱན་འདྲེན་དུ་མངགས་ནས་གསོལ་བ་བཏབ་བཞིན།ཀཾ་པོ་གནས་ནང་དུ་ཕེབས་ལམ་མགུ་ལོག་ནས་བརྒྱུད།ངོམ་སྒང་དུ་བཞག་བླ་དཔོན་སློབ་ཀྱིས་འབུལ་ཞབས་ཡུན་རིང་དུ་ཞུས་ཤིང།འཇའ་མོ་ལར་སྨན་འཇི་གདན་ས་པ་དང་འཇང་ཤར་ཕྱོགས་ཇ་ཀྲས་ཀྱང་མཇལ་ཞེས་གསུངས།ད་ལྟའི་གདན་ས་ཁག་གི་ཁམས་ཚན་རྣམས་ཀྱི་མཚན་ལ་བཏགས་ནའང་དེ་དང་འདྲ་བ་ཞིག་བློ་ཡུལ་དུ་འཆར་དུ་ཡོད་དེ།ཁམས་ཚན་རྣམས་ཀྱི་མཚན་རང་རང་གི་ཐོབ་ཁོངས་ཀྱི་ཡུལ་གྲུ་བྱེ་བྲག་པ་དང་།ཡང་ན་དགོན་པ་སོགས་ཀྱི་མཚན་ནས་དྲས་པ་མང་།དེ་དང་འདྲ་བ་ལི་ཐང་པའི་ཐོབ་ཁོངས་ཀྱི་ཁམས་ཚན་ལ་ལི་ཐང་ཁམས་ཚན་ཞེས་མི་བཏགས་པར་སྤོམ་འབོར་ཁམས་ཚན་ཞེས་བཏགས་ཡོད།རྗེས་སུ་མཚན་དེ་ཅུང་ཟད་འགྱུར་ནས་ད་ལྟ་ཕལ་མོ་ཆེས་སྤོམ་ར་ཁམས་ཚན་ཞེས་འབོད་པ་མང།མཚན་དེ་འགྱུར་ནས་དུས་ཡུན་རིང་པོ་སོང་མེད་དེ།སྡེ་སྲིད་སངས་རྒྱས་རྒྱ་མཚོས་དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་པོ་དང་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་སོགས་ལས་སྤོམ་འབོར་ཁམས་ཚན་ནམ་སྤོ་འབོར་ཁམས་ཚན་ཞེས་གསུངས་པ་མང་།ཁྱད་པར་དུ་ཕྱིས་སུ་ལི་ཐང་གཤོག་དྲུག་སྐྱབས་མགོན་སྐུ་གོང་མ་བསྟན་འཛིན་འཕྲིན་ལས་མཆོག་གི་རྣམ་ཐར་སོགས་ལས།སྤོམ་འབོར་ཁམས་ཚན་ཞེས་བྲིས་པ་མ་གཏོགས་སྤོམ་ར་ཁམས་ཚན་ཞེས་བྲིས་པ་ཅུང་ཙམ་ཡང་མི་སྣང།མཚན་དེའི་འགྱུར་སྟངས་ཡང་སྤོམ་འབོར་ཞེས་པའི་མིང་འདིའི་སྔོན་འཇུག་འ་དང་མིང་གཞི་བ།དབྱངས་ན་རོ་བཅས་བསྡུས་ནས་སྤོམ་ར་འགྱུར་བ་གསལ།འོན་ཀྱང་ཕྱི་རབས་པའི་རྣམ་དཔྱོད་དང་ལྡན་པ་དག་གིས་ཞིབ་མོའི་སྒོ་ནས་དཔྱད་པར་མཛོད་ཅིག

ད་དུང་གཞན་ཞིག་ནི་ཚོ་གསུམ་འཛོམས་ཁོག་ཏུ་ཡོད་པའི་ལུ་གུ་ཐང་པ་ཟེར་བའི་གྲོང་ཚོ་ཞིག་ཡོད་པ་དེ།གྲོང་སྡེ་ཕན་ཚུན་བར་གྱི་འཁྲུག་རྩོད་ཀྱི་དབང་གིས་ད་ལྟའི་ལི་ཐང་དགོན་ཆེན་ཆགས་ཡུལ་གྱི་མདུན་ཐང་སྟེང་དུ་སྤོས་ནས་འབྲོག་སར་བཟུང་སྟེ་སྦྲ་ནག་ཕུབ་ནས་གཞིས་ཆགས་པ་དེ་ལ་ལུ་གུ་ཐང་པ་དང་ཕྱིས་སུ་སྦྲ་ནག་སྡེ་པ་ཞེས་བཏགས་སྐད།སྡེ་པ་དེའི་མིང་ལུ་གུ་ཐང་པ་ནས་རིམ་གྱིས་ལི་ཐང་དུ་འགྱུར་བ་དང་།དེ་ནས་མངའ་ཁོངས་ཤིག་གི་མིང་དུ་ཆགས་པར་བཤད།དེ་ནི་ད་ལྟའི་རྒན་རབས་འགའ་ཡི་ངག་རྒྱུན་ནས་ཐོས་པའི་གཏམ་མོ།།དེ་ལ་ཡང་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་མཐོང་ནས་འདིར་བཀོད་ཡིན།

མདོར་ན་ལི་ཐང་ཞེས་པའི་མིང་འདིའི་འབྱུང་ཁུངས་གཞན་གང་དུའང་བཤད་དུ་མེད་པ་ཁྲ་ཆིལ་མེ་ཏོག་མངོན་པར་བཞད་པའི་རྩ་ཐང་ཆེན་པོ་དེ་དང་།ཡང་ན་དྭངས་གཙང་སྔོ་མེར་རྒྱུ་བའི་ཆུ་བོ་ཆེན་པོ་དེ་གཉིས་གང་རུང་ཞིག་གི་མིང་ནས།རིམ་གྱིས་བོད་སྡེ་པ་གཞུང་གི་སྐུ་ཚབ་གཞུང་བསྐོས་རྫོང་སྲིད་གཞུང་ཞིག་གི་མངའ་ཁོངས་སུ་གཏོགས་པ་ཀུན་ལ་འཇུག་ཡོད་པ་ནི་མང་དུ་བཤད་མི་དགོས་སོ།།

གཉིས་པ། ལི་ཐང་ཞེས་པའི་མིང་འདི་ཁྱབ་གདལ་ཇི་ལྟར་སོང་བ།

བོད་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་མ་ཐུག་གི་བར་དུ།ལི་ཐང་དང་ལི་ཆུ་ཞེས་པའི་མིང་འདི་ཡོད་མེད་ཇི་ལྟར་ཡང་ད་ལྟ་ལི་ཐང་ཞེས་གྲགས་པའི་ལུང་ཚན་འདི་ལ་ལི་ཐང་ཞེས་པའི་མིང་འདི་བཏགས་མེད་སྙམ།ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡོངས་ལ་དབང་བསྒྱུར་དང་གཅིག་བསྡུས་བྱས་ཏེ།བོད་ཀྱི་ལུང་ཚན་ཚོ་ཁག་གིས་འཚོ་བ་རོལ་ཏེ་རྩྭ་ས་རྩོད་གླེང་གིས་མི་རིགས་གཅིག་པའི་ནང་དམེའི་འཁྲུག་རྩོད་ཀྱི་མཇུག་རེ་ཞིག་བསྒྲིལ་ཡོད།སྐབས་དེ་དུས་ལི་ཐང་དུ་ཆོས་རྒྱལ་མཆོག་གིས་སྲིད་འཛིན་སྡེ་ཚན་ཞིག་བཙུགས་པ་བཤད་འདུག  དེ་ནས་ལི་ཆུའི་སྟོད་རྒྱུད་ཀྱི་ལི་ཆུའི་འགྲམ་ངོགས་སུ་ཆགས་པའི་སྲིད་འཛིན་དེའི་དབང་འོག་གི་སྡེ་ཁག་རྣམས་ལ་ལི་ཐང་པ་ཞེས་བཏགས་ཡོད་པ་འདྲ།འོན་ཀྱང་བོད་བཙན་པོའི་དུས་རབས་སུ་ལི་ཐང་ཞེས་པའི་མིང་དེ་དེ་ཙམ་གྲགས་ཆེན་པོ་ཞིག་རེད་མི་འདུག  བོད་གཙང་པ་སྡེ་སྲིད་ཀྱི་དུས་རབས་སུ་ལི་ཐང་དུ་ཕེབས་འབྱོར་མྱོང་བའི་མདོ་དབུས་ཁམས་གསུམ་གྱི་ས་དགེ་བཀའ་རྙིང་གི་བླ་སྤྲུལ་ཆེ་ཁག་རྣམས་ཀྱི་རྣམ་ཐར་དུ།སྤོམ་འབོར་བ་ཞེས་གྲགས་ཆེ་བ་ལས་ལི་ཐང་པ་ཞེས་པའི་མིང་འདི་དེ་ཙམ་བེད་སྤྱོད་བྱས་མི་འདུགདེ་དཔེ་མཚོན་ཙམ་ཞུ་ན།༼  སྒྲུབ་རྒྱུད་ཀརྨ་ཀྃ་ཚང་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུ་ཟླ་ཤེལ་གྱི་ཕྲེང་བ་ཞེས་བྱ་བའི་པུསྟ་ཀ་ཕྱི་མའོ་ཞེས་པ་ལས།༽ (དཔེ་གཟུགས་ན་པ་ཤོག་གྲངས་དོན་བརྒྱད) དེ་ནས་དྲུང་བྱང་ཆུབ་བཤེས་གཉེན་དང་རྒྱ་བྱ་བླ་མ་སོགས་པའི་སྤོ་འབོར་བ་རྣམས་ཀྱིས་བླ་མ་ཆོས་བཀྲས་པ་སྤྱན་འདྲེན་དུ་མངགས་ནས་གསོལ་བ་བཏབ་བཞིན།ཀཾ་པོ་གནས་ནང་དུ་ཕེབས་ལམ་མགུ་ལོག་ནས་བརྒྱུད།ངོམ་སྒང་དུ་བཞག་བླ་དཔོན་སློབ་ཀྱིས་འབུལ་ཞབས་ཡུན་རིང་དུ་ཞུས་ཤིང་།འཇའ་མོ་ལར་སྨན་འཇི་གདན་ས་པ་དང་འཇང་ཤར་ཕྱོགས་ཇ་ཀྲས་ཀྱང་མཇལ་ཞེས་དང་།(གོང་གི་དཔེ་གཟུགས་ཤོག་གྲངས་བརྒྱ་དང་དགུ)འཇང་རྒྱལ་བློན་རྣམས་ཀྱི་ཞུ་ཡིག་འབུལ་ཆས་སྤོ་འབོར་བའི་འགྲོན་ཚན་གཞན་ཡང་འབུལ་སྐྱེལ་བ་མང་རྣམས་སླེབ།ཅེས་སོགས་ཆེས་མང་དུ་གསུངས་འདུག་མོད་འདིར་དེ་ཙམ་ལས་མ་བཀོད།རྨུ་ལི་དང་རྒྱལ་ཐང་།འབའ་དང་ལི་ཐང་སོགས་ཐམས་ཅད་ལ་གནའ་བོའི་དུས་སུ་སྤོམ་འབོར་སྒང་ཞེས་བརྗོད་པ་ཤིན་ཏུ་མང་།དེའི་ནང་ནས་ལི་ཐང་ལ་ཕྱིས་སུ་མ་གཏོགས་ལི་ཐང་ཞེས་པའི་མིང་འདི་དེ་ཙམ་གྲགས་ཆེན་པོ་བྱུང་མེད་པ་མངོན།དེ་ནི་དེང་སང་མདོ་ཁམས་སྒང་དྲུག་གི་ནང་ཚན་དུ་ལི་ཐང་སྤོམ་འབོར་སྒང་ཞེས་བརྗོད་པའི་སྒང་རྒྱུད་དུ་ཆགས་ཡོད་པས་རེད་སྙམ།བོད་གཙང་པ་སྡེ་སྲིད་ཀྱི་དུས་རབས་སུ་ལི་ཐང་ཞེས་པའི་མིང་དེ་ཙམ་ཁྱབ་གདལ་དུ་སོང་མེད་ན།ཆོས་རྒྱལ་རྣམ་པའི་སྐབས་སུ་མིང་དེ་ཡོད་ཀྱང་ཕལ་ཆེར་བེད་མེད་ལྟ་བུ་ཡིན་ནམ་སྙམ།གཅིག་བྱས་ན་མེད་པའང་སྲིད།དེ་ནི་དཔྱད་གཞི་ཙམ་མོ།།

ལི་ཐང་ཞེས་པའི་མིང་དེ་མདོ་དབུས་ཁམས་གསུམ་དུ་ཁྱབ་བདལ་ཤུགས་ཆེ་ཤོས་དེ་གཞུང་དགའ་ལྡན་ཕོ་བྲང་གི་སྐབས་སུ་སོང་ཡོད་པ་འདྲ་སྟེ།རྒྱལ་དབང་བསོད་ནམས་རྒྱ་མཚོ་མཆོག་མདོ་ཁམས་ལི་ཐང་དུ་ཞབས་སོང་འཁོད་དེ།ལི་ཐང་བྱམས་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ<དེང་སང་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང>ཆེན་པོ་ཕྱག་བཏབ་པ་ནས་བཟུང་།གནས་དེར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་།ཚོང་འདུས་ཀྱི་འདུ་ལོང་རྒོད་པ་དང་ད་དུང་བོད་ཀྱི་ཆོས་རྒྱུད་ཁག་གི་བླ་ཆེན་མང་པོ་ཞིག་གི་སྐུ་སྐྱེ་ཡང་གནས་དེར་སྐུ་འཁྲུངས་པ་སོགས་ལ་བརྟེན་ནས་དུས་ཀྱི་འགྱུར་བ་ཆེས་ཆེར་ཐེབས་པའི་རྐྱེན་གྱིས།ལི་ཐང་ཞེས་པའི་མིང་དེ་རྒྱལ་ཕྱི་ནང་ཀུན་ན་སྙན་པའི་གྲགས་པ་རབ་ཏུ་འབར་བ་མངོན།ད་དུང་གཞན་ཞིག་ལ་བོད་གཞུང་གི་སྐུ་ཚབ་རྩེ་ཤོད་སྡེ་པ་གཉིས་ཀྱི་གནས་གཞི་ལི་ཐང་དགོན་པའི་ཉེ་འགྲམ་དུ་བྱས་པ་དང་།དེའི་རྐྱེན་གྱིས་སྡེ་པ་དེའི་མིང་ལ་ལི་ཐང་སྡེ་པ་དང་།སྡེ་པ་དེ་དག་གི་མངའ་རིས་སུ་གཏོགས་ཚད་ལ་རིམ་གྱིས་ལི་ཐང་ཞེས་པའི་མིང་དུ་གྲགས་ཤིང་།ལི་ཐང་སྡེ་པའི་མངའ་རིས་ཡོངས་ལ་ལི་ཐང་ཞེས་པའི་མིང་འདི་ཕྱི་མིས་ཚུར་བཏགས་པ་ཞིག་ཡིན་ཏེ།ལི་ཐང་རང་གི་མིས་ད་ལྟའང་ལི་ཐང་མཐིལ་ལ་མ་གཏོགས་གཞན་ལི་ཐང་གི་ས་ཁུལ་རྣམས་ལ་ལི་ཐང་ཞེས་མི་འབོད།དེ་མི་རྒན་དག་གི་ཁ་རྒྱུན་དུ་སྔོན་གྱི་དུས་སུ་ལི་ཐང་ལ་སྤོམ་འབོར་སྒང་དང་ལི་ཐང་པ་ལ་སྤོམ་འབོར་སྒང་པ་ཞེས་འབོད་ཅིང་།ཕྱིས་སུ་ལི་ཐང་ཞེས་པའི་མིང་དུ་འགྱུར་ཡོད་པའི་བཤད་སྲོལ་ཞིག་ཀྱང་འདུག

སྔར་བྱུང་དེབ་ཐེར་རེ་རེའི་བར་གསེང་ནས།།

རྙེད་པའི་དོན་གནད་གསེར་གྱི་ཞུན་མའི་ཁམས།།

དཔྱད་གཞི་ཕྱི་མོའི་ས་བོན་བཏབ་པ་ལས།།

འཁྲུངས་པའི་མྱུ་གུ་གསར་པའི་རང་མདངས་ངོམས།།

 

ལི་ཐང་ཞེས་པའི་མཚན་སྙན་དབྱར་རྔའི་སྒྲ།

ཕུག་ཐག་རིང་བའི་ལོ་རྒྱུས་སྒྱུ་མའི་ཁམས།།

བརྒྱུད་ནས་སྐྱིད་སྡུག་སྣ་ཚོགས་མཉེར་མའི་རིས།།

ད་ལྟའི་བར་དུ་མི་ནུབ་གནས་འདིར་མཚར།།

གསུམ་པ། ལི་ཐང་གི་ཕྱི་སྣོད་ཀྱི་བཀོད་པ་ཤིན་ཏུ་དགེ་བ།

ཁམས་ལི་ཐང་ཞེས་པའི་མིང་འདིའི་འབྱུང་ཁུངས་དང་བཅས་པ་ཅུང་བཤད་ཟིན་ནས་ཡུལ་ལི་ཐང་གི་ཕྱི་སྣོད་ཀྱི་བཀོད་པ་ཅུང་ཙམ་ཤོད་པའི་ངལ་བ་བརྟན་རྒྱུ་ཡིན།ཁམས་ལི་ཐང་ཞེས་པ་འདི་མདོ་ཁམས་སྨད་ཕྱོགས་ཀྱི་ཐང་ཆེན་བརྒྱད་ཀྱི་ནང་ནས་སྨྲ་སེར་ལེ་ཐང་ཞེས་པ་དེ་ཡིན་འདུག་སྟེ།ཇོ་སྣང་ཆོས་འབྱུང་ཟླ་བའི་སྒྲོན་མེ་ལས།(ཆོས་འབྱུང་དེ་ངག་དབང་གྲགས་པས་བརྩམས།) ༼  ཕྱི་ལོ༡༩༩༢ལོར་མཚོ་སྔོན་མི་རིགས་པར་ཁངགིས་དཔར་བརྒྱབ།ཤོག་གྲངས༡༢༧ལས་གསལ།༽ དེ་ཡང་ཐང་ཆེན་བརྒྱད་ནི།རྔ་རུ་རུ་ཐང་།སྐོང་གསེར་ཞ་ཐང་།འཇི་ཀི་ལྷ་མོ་དར་ཐང་།སྨྲ་སེར་ལེ་ཐང་།མི་ཉག་གསེར་ཐང་།གསེར་སྒོ་རྒན་ཐང་།ཕོ་འདྲེའི་བྱེ་མའི་ཐང་།པཱ་ལ་རྗེ་མོའི་ཐང་རྣམས་དང་ཞེས་བཤད།ལི་ཐང་ནི་སྨད་མདོ་ཁམས་སྒང་དྲུག་ཅེས་སྒང་ཆེན་དྲུག་ཏུ་གྲགས་པའི་ནང་ཚན་སྤོམ་འབོར་སྒང་གི་ཁོངས་སུ་གཏོགས་ཤིང།སྤོམ་འབོར་སྒང་འདི་ལ་འབྲི་ཚུལ་མི་འདྲ་བ་མང་སྟེ།ཡིག་རྙིང་རྣམས་སུ་སྤང་འབུར་དང་བུ་འབོར་སོགས་བྲིས་ཡོད་ལ།ཕྱིས་སུ་སྤོམ་འབོར་དང་སྤོ་འབོར་གཉིས་སུ་སྒྲ་འགྱུར་བ་འདྲ།ལི་ཐང་ལ་ཡང་དེང་སང་མི་ཀུན་གྱིས་ལི་ཐང་ཞེས་འབོད་པ་རྣ་བས་ཐོས་སྐབས་ཤིན་ཏུ་ཁོད་ཡངས་པའི་རྩྭ་ཐང་དང་མཐོ་སྒང་གི་འབྲོག་སྡེ།ཤིན་ཏུ་ས་མཐོ་བའི་རྩ་ཐང་སྟེང་གི་མཐོ་གྲོང་ཞིག་བློ་ཡུལ་དུ་འཆར་བཞིན་མཆིས།དེ་ནི་ལི་ཐང་གི་འབྲོག་སྡེ་དང་གྲོང་སྡེ་འགའ་ཞིག་གི་རྣམ་པ་ཙམ་ལས་ལི་ཐང་གི་ཡུལ་གྲུ་ཀུན་གྱི་རྣམ་པ་དང་ཆགས་དབྱིབས་དེ་ལྟར་མིན་པ་འོག་ཏུ་གསལ།

༡༽  མདོ་ཁམས་ལི་ཐང་གི་ས་ཆ་འདི་ལྷ་དང་བླ་མའི་ལུང་གིས་ཟིན་པའི་ཆེས་དགེ་བའི་དཔལ་དང་ལྡན་པའི་གནས་མཆོག་ཞིག་ཡིན་ཏེ།པཎ་ཆེན་བསོད་ནམས་ཡེ་ཤེས་དབང་པོས་མཛད་པའི་ལི་ཐང་ཐུབ་ཆེན་ཇོ་བོའི་དཀར་ཆག(ལི་ཐང་དུ་ཐུབ་ཆེན་ཆོས་འཁོར་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་བཏབ་པའི་སྐུ་ཐུབ་ཆེན་ཁམས་གསུམ་ཟིལ་གནོན་བཞེངས་པའི་ནང་གཟུངས་གཞུག་ཕུལ་བའི་དཀར་ཆག་ཏུ་བཀོད་ཁྲ་བཞུགས་སོ)་ཞེས་པ་ལས།༼  ལི་ཐང་དབྲ་ཕྲུག་ངག་དབང་གིས་ཕྱོགས་བསྡུ་བྱས་པའི(ལི་སྡེ་མངའ་རིས་ཞིང་ཁམས་ཀྱི་སྡེ་དགོན་ངོ་སྤྲོད་བསྡུས་པ)།དེབ་དེའི་ཤོག་གྲངས༨༨༽ རྒྱལ་བའི་དབང་པོ་ཉིད་དབུས་ཕྱོགས་ན་བཞུགས་པའི་དུས་ནས།ལྷ་དང་བླ་མས་ལུང་བསྟན་པ་ཡང་།སོག་ཡུལ་ལི་ཐང་ཤེད་ནས།།དེའུ་སྦལ་འདྲའི་གཡས་ཟུར་དུ།།ཞེས་དང་།༼ གཏེར་སྟོན་ཀློང་གསལ་སྙིང་པོའི་ཟབ་གཏེར་པོད་ཅ་པ།དྲག་པོ་ཡེ་ཤེས་རབ་འབར་ལས༔མཁའ་སྤྱོད་བདེ་ཆེན་གནམ་ཆེན་བྲག་དཀར་གྱི་གནས་ཡིགབཞུགས་སོ༔༽ དེ་ཉིད་ལས།འདི་ནས་རྩང་ཁྲོའི་ཤར་ཕྱོགས་ན༔ལེ་ཞེས་ཡུལ་གྱི་འགོ་བོ་ན༔།བདེ་ཆེན་གནམ་ཆེན་བྲག་དཀར་ཞེས༔གནས་མཆོག་ཁྱད་དུ་འཕགས་པ་ཡོད༔ད་དུང་འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཁྱད་དུ་འཕགས་པ་ཞིག་ཡིན་པ་ཡང་གསུངས་ཏེ།༼  ཨ༔ཐུགས་རྗེ་ཆེན་པོའི་སྙན་རྒྱུད་ལས༔མཁའ་སྤྱོད་བདེ་ཆེན་པདྨ་བྲག་དཀར་གྱི་གནས་ཡིག་བཞུགས་སོ༔༽ དེ་ཉིད་ལས།འདི་ནས་བློན་པོ་རྒྱ་ལ་འགྲོ་བའི་ལམ་ཁར་སྤངས་འབུར་ཡུལ་གྲུ་གཅལ་དུ་བཀྲམ་པའི་ལྟེ་བ༔ཨ་ག་ཞིང་ལྤགས་བརྒྱད་བ་འདྲ་བའི་མགོ་ནས༔འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་བྱིན་གྱིས་བརླབས་པའི་རང་བྱུང་གི་གནས་མཆོག་ཁྱད་པར་ཅན་ཡོད་ཀྱི་གནས་དེར་གཏེར་དུ་སྦོས་ཤིག༔ཞེས་བྱ་བ་ལ་སོགས་པ་དང་།གཞན་ཡང་ལུང་བསྟན་གྲངས་མེད་པ་ཡོད་པ་ལྟར།ཞེས་གསུངས་པ་ལྟར་ན་ཞེས་བྱ་བ་ལ་སོགས་པ་དང་།གཞན་ཡང་ལུང་བསྟན་གྲངས་མེད་པ་ཡོད་པ་ལྟར་ཞེས་གསུངས་པས།ང་ཚོས་མིག་གིས་མཐོང་མ་མྱོང་བའི་ལུང་བསྟན་གྲངས་ལས་འདས་པ་ཡོད་པ་ནི་དངོས་སུ་གསུངས་འདུག་པས།དེས་ན་རྣམ་དཔྱོད་ཀྱི་རྩལ་མཆོག་ཏུ་ཡངས་ཤིང་མཐོང་རྒྱའི་མིག་ཟུང་མཐའ་ལས་བརྒལ་བ་རྣམས་ཀྱིས་ཞིབ་ཏུ་འཚོལ་བར་མཛོད་ཅེས་སྙན་བསྐུལ་ལོ།།

ད་དུང་ཇོ་བོའི་དཀར་ཆག་ལས།༼  གོང་གི་དེབ་ཤོག་གྲངས༨༨༽ ལྷ་མི་ཐམས་ཅད་བཀྲ་ཤིས་པའི་དགེ་མཚན་གྱིས་བརྒྱན་པའི་དབུས།

ས་བཀྲ་ཤིས་པདྨ་འདབ་བརྒྱད་ཀྱི་སྟེང།།གནམ་བཀྲ་ཤིས་འཁོར་ལོ་རྩིབས་བརྒྱད་ཀྱི་འོག་ཏུ།།ཞེས་གསུངས་པས་ལི་ཐང་དགོན་ཆེན་ཆགས་ཡུལ་གྱི་གནས་དེ་ས་པདྨ་འདབ་བརྒྱད་དང་།གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་དབྱིབས་སུ་མཆིས་པས།དགེ་མཚན་ཁྱད་དུ་འཕགས་པའི་གནས་མཆོག་འགྲན་ཟླ་བྲལ་བ་ཞིག་ཡིན་པ་གསུངས།དེས་མ་ཚད་ཡུལ་གྲུ་འདི་གནས་མཆོག་ཁྱད་པར་དུ་འཕགས་པ་ཡིན་པ་ཇོ་བོའི་དཀར་ཆག་ལས་གསུངས་ཏེ།དེ་ཉིད་ལས།༼  གོང་གི་དེབ་ཤོག་གྲངས༩༥༽ ད་ནི་ཞར་བྱུང་ཙམ་དུ་དགོན་འདིའི་ལོ་རྒྱུས་ལྷ་ཁང་གི་སྒྲུབ་ཚུལ་ཡང་ཟུར་ཙམ་བརྗོད་ན།ས་གཞི་སྨད་མདོ་ཁམས་སྒང་དྲུག་ཏུ་གྲགས་པའི་སྒང་ཆེན་གཅིག་ཡིན།དེ་ཡང་སྤོམ་འབོར་སྒང་ཞེས་བྱ་བ་འབྱོར་ལྡན་དཔག་མེད་འདུས་པའི་སྟོབས་ཀྱིས་གསེར་དངུལ་ལ་སོགས་རིན་པོ་ཆེ་ལས་སྒྲུབ་པའི་བཀའ་འགྱུར་དང་བྲིས་འབུར་དཔག་མེད་བཞུགས།ལྷ་སར་ཇོ་བོ་རིན་པོ་ཆེ་ལ་སོགས་པའི་དབུས་གཙང་གི་གནས་ཁྱད་པར་ཅན་རྣམས་སུ་རིན་པོ་ཆེ་ས་ལེ་སྦྲམ་གྱི་མཆོད་རྫས་ཀོང་བུ་སོགས་ཀྱི་མཆོད་པ་རྒྱ་ཆེར་སྒྲུབ་པས།དེའི་འཕྲིན་ལས་འཇུག་པ་ས་ཡི་ཐིག་ལེ་ལི་ཐང་འདི་ཉིད་མདོ་སྨད་ཀྱི་ས་ཡི་སྙིང་ལྟ་བུར་འདུག་པས།ཡུལ་མི་རྣམས་ཀྱིས་ཀྱང་དབུས་ལྟ་བུར་བརྡ་བྱང་བ།ཡུལ་ལྷ་ཤིན་ཏུ་བཟང་པས་རྒོལ་ངན་མང་ཡང་བརླག་པར་མི་ནུས་པས།ནོར་བུ་རིན་པོ་ཆེའི་གཏེར་དང་ལྡན་པས་ཕྱོགས་ཀྱི་ལོངས་སྤྱོད་ཚོང་འདུས་སོགས་ཕུན་སུམ་ཚོགས་པ་ཐམས་ཅད་འདུ་བའི་གནས་འདིར།སྔོན་བྱུང་གི་གླེང་གཞི་ཡང་འདི་ལྟར།རྒྱ་གར་གྱི་གྲུབ་ཆེན་མི་ཏྲ་ཛོ་ཀི་ཞེས་བྱ་བ།ངོ་བོ་ཐུགས་རྗེ་ཆེན་པོ་ཡིན་པས།རྒྱལ་བའི་དབང་པོ་རང་ཉིད་དང་དབྱེར་མེད་པ་དེའི་ཆིབས་གནས་འདིར་ཡོད་ཅེས་གླེང་ཞིང་།རྟེན་འབྲེལ་གྱི་སྒོ་འདི་ལ་དཔག་ན་ཡིད་ཆེས་པ་གདའ།ཞེས་གསུངས་པས་ཀྱང་ལི་ཐང་གི་ཡུལ་གྲུ་འདི།གཞན་གྱིས་འགྲན་མི་བཟོད་པའི་གནས་མཆོག་ཆེས་ཁྱད་དུ་འཕགས་པ་ཞིག་ཡིན་པ་གསུངས།

(ཀུན་མཁྱེན་ཆེན་པོ་རྗེ་བཙུན་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་དཔག་བསམ་ལྗོན་པ)ལས།༼  རྒྱ་ཞབས་དྲུང་སྐལ་བཟང་དཀོན་མཆོག་རྒྱ་མཚོས་མཛད།མི་རིགས་དཔེ་བསྐྲུན་ཁང་གིས་དཔར།(དེབ་ཤོག་གྲངས༢༦)༽ ཐོག་མར་གང་དུ་སྐུ་བལྟམས་པའི་ཡུལ་ནི་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་བསྐྱེད་སྣང་བ་དཀར་པོས་ཡོངས་སུ་བཟུང་བའི་རབ་དཀར་ཀེ་ལ་ཤའི་ཁོར་ཡུག་གིས་ཡོངས་སུ་བསྐོར་བའི་བོད་ལྗོངས་ཁམས་གསུམ་གླིང་དགུར་གྲགས་པའི་ནང་ཚན།མདོ་ཁམས་དེ་ལ་ཡང་སྟོད་སྨད་ཀྱི་དབང་གིས་ཆོལ་ཁ་གཉིས་དང་ས་ཚིགས་ཀྱི་དབང་གིས་སྒང་དྲུག་ཏུ་ཕྱེ་བའི་ནང་ཚན།མདོ་སྟོད་མིའི་ཆོལ་ཁ་སྤོམ་པོར་སྒང་གི་སའི་ཆར་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡོངས་སུ་རྫོགས་པའི་གནས་རི།སངས་རྒྱས་བྱང་སེམས་དུ་མས་བྱིན་གྱིས་རླབས་ཤིང་།དཔའ་བོ་དཔའ་མོ་བསམ་གྱིས་མི་ཁྱབ་པ་སྤྲིན་དང་ན་བུན་བཞིན་དུ་སྐད་ཅིག་རེར་ཡང་འདུ་ཞིང་འབྱོན་པའི་ཞིང་ཀཾ་པོའི་གངས་རྭ།སྒྲུབ་རྒྱུད་བསྟན་པའི་རྩ་ལག་རྗེ་ཀརྨ་པ་དུས་གསུམ་མཁྱེན་པ་སོགས་དམ་པ་མང་པོས་བྱིན་གྱིས་བརླབས་པའི་གནས་ཆེན་ཏྲེ་ཤོད་གངས་རྭ།

གཞན་ཡང་སྔ་འགྱུར་བསྟན་པའི་ཡང་སྙིང་བཙན་འཐབ་འཚང་རྒྱའི་གདམས་པ་དམ་ཆོས་རྫོགས་པ་ཆེན་པོ་ཐུགས་ཉམས་སུ་བསྟར་ཏེ་རྟོགས་པ་ཀློང་དུ་བརྡོལ་བའི་སྐྱེ་བོ་མང་པོས་བྱིན་གྱིས་བརླབས་པ་རྫོགས་ཆེན་གངས་རྭ་སོགས་གནས་ཆེན་བསམ་གྱིས་མི་ཁྱབ་པ་དུ་མ་ས་ཕྱོགས་མཚམས་རྣམས་སུ་ཁོར་ཡུག་གི་ཚུལ་དུ་བསྐོར་བ་བཀའ་གདམས་གླེགས་བམ་ལས།རི་ཟུར་གསུམ་བྲག་གཞུང་གནམ་དུ་མཐོ།།མ་མཁའ་འགྲོའི་རྒྱལ་མཚན་བསྒྲེངས་པ་འདྲ།།ཞེས་དབྱིབས་ཀྱི་སྒོ་ནས་ལུང་བསྟན་ཅིང་རྣམ་བཅུ་དབང་ལྡན་གྱི་གཟུགས་དང་།གཞན་ཡང་དགེ་མཚན་གྱི་རི་མོ་མངོན་པར་གསལ་བའི་ས་འཛིན་དབང་པོ་སོག་རོང་གིས་མཚོན་པའི་བཀྲ་ཤིས་པའི་རྟགས་ཀྱི་རི་མོ་མངོན་པར་བཀྲ་བའི་རི་བོའི་ཕྲེང་བ་ཕྱོགས་མཚམས་རྣམས་སུ་ཚར་དུ་མངར་བ།བསིལ་དང་ཞིམ་དང་ཡང་དང་འཇམ།།དྭངས་ཤིང་དྲི་མ་མེད་པ་དང་།།འཐུང་ན་ལྟོ་ལ་མི་གནོད་ཅིང་།།མགྲིན་པ་ལའང་མི་གནོད་པའོ།།ཞེས་པ་ལྟར་གྱི་ཡན་ལག་བརྒྱད་ལྡན་གྱི་ལྷ་ཡི་ཆུ་བོ་ལྷུང་ལྷུང་སྒེག་པའི་སྒྲ་དྲིལ་བུ་སྒྲོགས་པ་དང་བཅས་མདུན་ཕྱོགས་སུ་རྒྱུ་བ་མརྒད་ཁུ་བས་བྱུགས་པའི་ལོ་འདབ་ཀྱི་བླ་རེ་ཕྱོགས་རྣམས་སུ་བྲེས་པས་ནམ་མཁའ་ཡང་མཐོང་བ་འགོག་པ་ལྟ་བུའི་ནགས་ཚལ་གྱི་ཚོགས་དང་།སྔོ་ལྗང་མྱུ་གུའི་གོས་བཟང་བགོས་པའི་ནོར་འཛིན་གྱི་ཁྱོན་ལ་འཇམ་པོར་ལྡང་བའི་རླུང་གིས་ཅུང་ཟད་བསྐྱོད་པ་དང་ལྡན་པ་ཁ་དོག་སྣ་ཚོགས་པའི་གཟི་བྱིན་མངོན་པར་བཀྲ་བའི་མེ་ཏོག་གསར་པའི་ཚོགས་ཀྱིས་མགོ་ལྕོག་ལྡེམ་ཞིང་བསུང་ཞིམ་གྱི་འཕྲེང་བ་ཕྱོགས་སུ་སྤྲོས་པས་མགྲོན་དུ་བཀུག་པ་རྐང་པ་དྲུག་པའི་ཚོགས་རྣམས་གཤོག་ཟུང་བསྐྱོད་པའི་འཕུར་ལྡིང་དང་འགྲོགས་པའི་མགྲིན་པའི་གླུ་སྙན་ཞིང་འཇེབས་པ་ཧ་ཅང་མཐོ་བ་ཡིན་པར་གྲགས་པས་རྣ་བའི་དབང་པོ་མྱོས་པར་བྱེད་པ།

ཚལ་དེ་ལས་འོང་བའི་རླུང་དང་དྲི་བསུང་དང་ཁ་དོག་གི་མདངས་ཀྱིས་དབང་པོ་སོ་སོར་སིམ་པ་སྟེར་བས་དྲང་སྲོང་གི་ཚོགས་རྣམས་གཅིག་ཏུ་བསམ་གཏན་ལ་གཞོལ་བའི་དབེན་གནས་ཀྱི་ཡོན་ཏན་ཐམས་ཅད་ཚང་བར་སྐྱེ་བོ་ཀུན་ལ་སྦྲོན་པ་ལྟ་བུ།ཁང་ས་ཞིང་ས་ས་ཡི་དགེ།ཁང་རྡོ་ཐབ་རྡོ་རྡོ་ཡི་དགེ།འཐུང་ཆུ་ཞིང་ཆུ་ཆུ་ཡི་དགེ།ཁང་ཤིང་བུད་ཤིང་ཤིང་གི་དགེ།གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ།ཞེས་པ་ལྟར་གྱི་སའི་དགེ་མཚན་བཅུ་ཕྲག་གིས་མངོན་སྤོ་ཡི་ལྗོངས།ཞེས་གསུངས།

(དཔལ་ས་སྐྱའི་བླ་མ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་བྱིན་རླབས་རྒྱ་མཚོ་ལས།)༼  མཁན་པོ་འཕྲིན་ལས་ཆོས་འཕེལ་གྱིས་མཛད།ས་པཎ་བཤད་སྒྲུབ་གླིང་གིས་ཕྱི་ལོ༢༠༠༠ལོར་སེངྒ་པུར་པར་བསྐྲུན་བྱས།(ཤོག་ངོས་༢༡།)༽ གང་དུ་སྐུ་འཁྲུངས་པའི་ཡུལ་ནི།ཡུལ་བྷོ་ཊའི་ལྗོངས་ཀྱི་འཛིན་མ་འདི་ལ་སྟོད་སྨད་བར་གསུམ་དུ་དབྱེ་བའི་སྨད་ལ་སྒང་དྲུག་ཏུ་གྲགས་པའི་ནང་གསེས།རྟོགས་བརྗོད་བསྐལ་བཟང་ལེགས་ལམ་ལས།ཁམས་དང་མི་ཉག་ཡུལ་གྱི་བར།།དགེ་བའི་ལང་ཚོ་བདོ་བའི་སྤོ།།འབུར་དུ་དོད་པའི་ནུ་རྒྱས་ཅན།།དབྱིག་འཛིན་ཁེངས་ལྡན་མ་དེ་མཛེས།།ཞེས་སོགས་གསུངས་པས་ཀྱང་ལི་ཐང་གི་ཆགས་ཡུལ་དང་ཆགས་དབྱིབས།མཛེས་སྡུག་དང་དགེ་མཚན་བཅས་གསལ་བར་གསུངས་པ་དེ་ཡང་ལི་ཐང་གི་ས་ཆ་བྱེ་བྲག་པ་ཙམ་ལས།ལི་ཐང་གི་ས་ཁུལ་ཡོངས་སུ་རྫོགས་པའི་དགེ་མཚན་དང་མཛེས་སྡུག་མངོན་མི་ཐུབ་པ་ལི་ཐང་གི་ས་ཆ་ཡོངས་རྫོགས་ལ་རྒྱུས་མངའ་ཏོག་ཙམ་ཡོད་ན་ཤེས་ནུས།

༢༽ ད་དུང་གཞན་ཞིག་བཤད་ན་ལི་ཐང་ཞེས་འབོད་དུས་མཐོ་སྒང་གི་རྩྭ་ཐང་སྔོ་ཐིང་ཐིང་ཞིག་བློ་ཡུལ་དུ་འཆར་སྲིད།དོན་ངོ་མ་དེ་འདྲ་ཞིག་མིན་པ་ལི་ཐང་ལ་ཞིང་རོང་འབྲོག་གསུམ་གྱི་ས་ཁུལ་མི་འདྲ་བ་ཆེས་མང་སྟེ།དཔེར་ན།མེ་ཏོག་སྣ་ཚོགས་ཀྱི་མངོན་པར་རྒྱན་པའི་རྩྭ་ཐང་མ་གཏོགས་མཐོང་རྒྱུ་མེད་པའི་འབྲོག་པ་དང།འབྲུ་སྲན་སྣ་ལྔའི་ཐོན་ཁུངས་ཤིན་ཏུ་བཟང་ཞིང།ཤ་མར་ཐུད་གསུམ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཞིང་འབྲོག་ཁ་སྤྲོད་ལ་འཚོ་བ་བརྟེན་པའི་ས་མ་འབྲོག  རི་བྲག་དང་ནགས་ཚལ་ཆེས་མང་ཞིང་།གྲོང་རོང་དང་ཚ་བ་ཆེ་ལ།སྟོན་ཐོག་གཉིས་བརྩིགས་དང།ཤིང་ཏོག  ཚལ་རིགས་སྣ་ཚོགས་བཅས་སྐྱེས་ཁ་རྒོད་པའི་ས་ཁུལ་ཡང་ཤིན་ཏུ་མང་པོ་མཆིས་ལ།ད་དུང་ཤིན་ཏུ་རྩ་ཆེ་བའི་སྨན་རིགས་དབྱར་རྩྭ་དགུན་འབུ་དང་དབང་པོ་ལག་པ་སོགས་རྩྭ་དང་ཤིང་གི་རྩ་བ་དང་ལོ་མ།སྡོང་པོ་དང་འབྲས་བུ་བཅས་གྲངས་ལས་འདས་པ་དང།གསེར་དང་དངུལ།ཞ་ཉེ།ལྕགས་རིགས་འདྲ་མིན་བཅས་ཀྱི་གཏེར་ཁ།གངས་ཅན་བོད་ཀྱི་འཚོ་བའི་སྤྱི་ཚོགས་ནང་སྤྱོད་སྒོ་ཤིན་ཏུ་ཆེ་བའི་ཤིང་རིགས།ཁ་དོག་མཛེས་ཤིང་དྲི་མ་བཟང་བའི་རྩྭ་ཤིང་སོགས་ནི་ལི་ཐང་གི་ས་ཁུལ་གང་དུ་བསྐྱོད་ཀྱང་སུམ་རྩེན་ལྷ་ཡི་ཞིང་ཁམས་དངོས་བཞིན་ཡིན།ཆེས་མཛེས་སྡུག་ལྡན་པའི་ཁྱད་ཆོས་དེ་དག་གིས་མཚོ་བཞི་གླིང་ལྔའི་སྐྱེ་བོ་ཀུན་གྱི་ཡིད་དབང་རབ་ཏུ་འཕྲོག་སྟེ།དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་སྤྲོ་འཆམ་དང་ལྗོངས་རྒྱུ་ལ་དགའ་བའི་སྐྲ་མདོག་དང་མིག་མདངས་མི་གཅིག་པའི་སྐྱེ་བོ་ཀུན་མཛེས་ལྡན་མེ་ཏོག་ལ་བུང་བའི་ཚོགས་ཀྱིས་སྐོར་བ་བཞིན་ལི་ཐང་གི་ཡུལ་གྲུ་ཀུན་ཏུ་འཚང་བཞིན་མཆིས།

ད་དུང་མཁས་པ་དང་གྲུབ་པའི་གོ་འཕང་བརྙེས་པའི་སྐྱེས་ཆེན་དམ་པ་གྲངས་ལས་འདས་པ་ཞིག་ཡུལ་འདིར་ཞབས་ཀྱིས་བཅགས་པ་དང་།  སྐུ་འཁྲུངས་པ་སོགས་ཀྱི་ལོ་རྒྱུས་དང་རྣམ་ཐར་ཧ་ཅང་མང་མོད།   འདིར་མང་དུ་དོགས་ནས་དེ་ཙམ་གྱིས་འཚིམ་པར་བྱས་སོ།།

རྩོམ་སྒྲིག་པ། མགར་རྒྱལ་སྲས། 


  • ལེ་ཚན་སྔོན་མ།:ལི་ཐང་ཝ་ཤུལ་གྱི་རུས།
  • ལེ་ཚན་རྗེས་མ།: བྱས་པ།