འདབ་གཞོན། 2019-01-28
དེ་ཡང་ཁམས་ལི་ཐང་བ་ནི་བོད་མི་བུ་གདོང་དྲུག་གི་རིགས་རུས་མ་འཁྲུལ་བ་ཡིན་ཞིང་བོད་གཅིག་འགྱུར་གྱི་རྫོགས་ལྡན་སྐལ་བཟང་གི་དུས་སུའང་བོད་ཆེན་པོའི་ཁྱབ་ཁོངས་སུ་གཏོགས་ལ། ཚོ་ཁག་དང་སིལ་བུར་འཐོར་བའི་བརྒྱུད་རིམ་གྱི་ཁྲོད་ནས་ཀྱང་བོད་མི་རིགས་ཀྱི་འདུ་ཤེས་གཙང་མ་ཡལ་མ་མྱོང་བའི་མི་རྒྱུད་ཅིག་ཡིན་ནོ།། དེ་བས་ད་ཐེངས་ཁོ་བོས་ཁམས་ལི་ཐང་བའི་རུ་སྡེ་ཆགས་སྟངས་དང་འབྲེལ་ཏེ་ལི་ཐང་ཕྱོགས་ཀྱི་ཝ་ཤུལ་འབྲོག་སྡེ་ཡི་རིགས་རུས་སྐོར་ནས་ཅུང་ཙམ་བརྗོད་སྙིང་སྤྲོ།
ད་ལྟའི་ལི་ཐང་གི་རྫོང་མཁར་ཆགས་ཡོད་སའི་ནུབ་ཕྱོགས་ཀྱི་ཝ་ཤུལ་སྡེ་གཞུང་མ་དང་། གཡོན་རུ་མ། བྱང་ན་ཨོ་ཐོག ཤར་ཕྱོགས་ཀྱི་མོ་ལ་དང་། ཚོ་གསུམ་པོ། དེལ་བོ། ལྷོ་ན་སྐྱ་ཤུལ་དང་གེ་མོ་སོགས་རུ་སྡེ་ཆེ་ཆུང་དུ་མ་ཞིག་མཆིས་ཤིང་། ད་ལྟའི་ལི་ཐང་རྫོང་མཁར་ཆགས་ཡོད་ས་རྩིས་པའི་ནུབ་བྱང་གི་རུ་སྡེས་མཚོན་པའི་རུ་སྡེ་མང་ཤོས་དག་ནི་རྟ་ནོར་ལུག་གསུམ་གཡང་དུ་བཀུག་པའི་འབྲོག་སྡེ་ཤ་སྟག་ཡིན་ལ། ཤར་ཕྱོགས་ཀྱི་རུ་སྡེ་དེ་ཚོ་ནི་ཕལ་ཆེ་བ་འབྲུ་སྣ་ལྔའི་ལོངས་སྤྱོད་མཁའ་ལ་བསྙེགས་པའི་རོང་སྡེ་ཤ་སྟག་ཡིན་ནོ།།རུ་སྡེ་དེ་ཚོའི་མི་རྣམས་ཀྱི་སྐད་ཆའི་གོམས་སྲོལ་དང་ཟ་ཉལ་འགྲོ་སྟངས་སོགས་ཕྱོགས་གང་ཐད་ནས་ཀྱང་སྤྱི་ཡོངས་ཀྱིས་བོད་མིའི་གཤིས་སྤྱོད་ལས་མ་འདས་པ་ཞིག་ཡིན་མོད། ཡིན་ཡང་ནང་ཁུལ་གྱི་མི་སྡེ་སོ་སོའི་འདུ་ཤེས་དང་། བསམ་བློ། འགྲོ་འཆག་ཉལ་འདུག་གི་གཤིས་སྤྱོད་ཕྲ་མོ་དག་ལུང་པ་རེ་རེར་ཁྱད་ཆོས་མི་འདྲ་བ་རེ་རེ་ཡོད། དེ་ནི་གནའ་སྔ་མོའི་དུས་སུ་རུས་རྒྱུད་སོ་སོར་ཡིན་མིན་ལ་འབྲེལ་བ་ཡོད་པར་མ་ཟད། དེང་རབས་ལྟ་བུའི་བརྡ་འཕྲིན་དང་འཕྲུལ་འཁོར་སོགས་འདྲེས་སྡོད་ཀྱི་ཆ་རྐྱེན་མང་པོ་འཛོམས་མེད་སྟབས། རང་རང་གི་ལུང་པ་ཙམ་ལས་ཕྱོགས་གང་ལ་འབྲེལ་མི་འཛུགས་པར་གནས་པས་ཀྱང་ཡིན་སྙམ། དེ་ཉིད་ལི་ཐང་གི་རུ་སྡེ་ཁོ་ནའི་ཕྱོགས་ཀྱི་གནད་དོན་མིན་པར་ལོ་རྒྱུས་ཐོག་གི་མིའི་རིགས་སྤྱི་ཡི་འཕེལ་འགྱུར་ཆོས་ཉིད་ཀྱི་གནད་དོན་ཡིན་པར་འདོད། དེ་ཡང་སྡེ་གཞུང་མ་དང་། གཡོན་རུ། ཨོ་ཐོག སྐྱ་ཤུལ་སོགས་ལི་ཐང་བ་ཕྱེད་ཀ་ཡིས་ཨམ་སྐད་སྨྲ་ཞིང་། མོ་ལ་དང་།ཚོ་གསུམ། དེལ་བོ་སོགས་ཕྱེད་ཀྱིས་ཁམས་སྐད་སྨྲ་བར་བྱེད་པས་ལི་ཐང་ནི་རོང་འབྲོག་གཉིས་འཛོམས་ཀྱི་གནས་མཆོག་ཅིག་ཡིན་ནོ།།དུས་རྒྱུན་ལི་ཐང་བས་ནང་ཁུལ་ནས་ཀྱང་ཨམ་སྐད་(འབྲོག་སྐད་)སྨྲ་མཁན་དེ་ཚོ་ལ་ཝ་ཤུལ་ཞེས་འབོད་ལ། ཁམས་སྐད་(རོང་སྐད་)སྨྲ་མཁན་དེ་ཚོ་ལ་རོང་བ་ཟེར། དེ་ཡང་ལི་ཐང་ནང་ཁུལ་ལ་ལྟོས་ན་ཡུལ་སྐད་ཀྱི་ཁྱད་པར་ཙམ་མ་ཡིན་པར་སོ་སོའི་འཚོ་བ་རོལ་སྟངས་ཞིང་ལས་འབྲོག་ལས་ཀྱི་ཁྱད་པར་ཡོད་པས་ཀྱང་ཡིན་སྙམ། ཡུལ་སྐད་དང་ལས་གཉེར་མི་འདྲ་བའི་དབང་གིས་ལི་ཐང་དུ་འཚོ་སྡོད་བྱེད་པའི་མི་སྡེ་ཡོད་ཚད་ལྡོང་གི་རུས་ལས་མཆེད་པ་ཡིན་མིན་གནས་སྐབས་སུ་བཤད་མི་ཐུབ་ཀྱང་། ལི་ཐང་ཝ་ཤུལ་ལམ་འབྲོག་པ་མཐའ་དག་ལྡོང་གི་རུས་ལས་མཆེད་པ་ཡིན་ཚུལ་གྱི་གཏན་ཚིགས་འགའ་ཞིག་མཆིས་པས་དེ་འདིར་ཅུང་ཙམ་སྤྲོས་ན།
དེ་ཡང་མི་ལོ་མང་པོ་ཞིག་གི་ཡར་སྔོན་ནས་བོད་མདོ་དབུས་མཐོ་སྒང་གི་མི་འདི་དག་ཐོག་མར་རང་ས་ནས་སྤྲ་དང་སྤྲེའུའི་རིགས་ལས་གྱེས་འཕེལ་བྱུང་ཞིང་དེང་སང་ལོ་རྒྱུས་རིག་པའི་གཞུང་ལུགས་ནས་བཤད་པ་ལྟར་ན། འཇོན་མིའི་རབས་དང་། འགྲེང་མིའི་རབས། བློ་ལྡན་མིའི་རབས། དེང་རབས་མིའི་རབས་ཏེ་མིའི་རབས་བཞིའི་ནང་ནས་དེང་རབས་མིའི་རབས་ཀྱི་དུས་སུ་བོད་གངས་ཅན་གྱི་མི་བུ་དག་རུས་མི་འདྲ་བ་གྱེས་འགོ་བརྩམས་ཤིང་། གནའ་བོའི་ནགས་མ་བྱ་ཚོགས་ཅན་གྱི་ཡུལ་གྲུ་(དེང་སང་ཀོང་པོ་དང་རྫ་ཡུལ་ཡས་མས་)ནས་རིམ་བཞིན་བོད་རྩ་བའི་རིགས་བཞི་གྱེས་འོང་བ་སྟེ།བོད་རང་གི་ལོ་རྒྱུས་ཡིག་ཚང་ལས་“མི་ལོ་ཉིས་ཁྲི་ཙམ་གྱི་ཡར་སྔོན་ནས།། སེ་དམུ་ལྡོང་སྟོང་རུས་ཆེན་བཞི་རུ་མཆེད།།”ཅེས་གསུངས། འོན་ཀྱང་ད་ལྟའི་ཕུ་བོ་ལྡོང་གི་རུས་འདི་མི་ལོ་ཁྲི་གཉིས་ཡར་སྔོན་གྱི་ལྡོང་གི་རུས་ཁོ་ན་དེ་རེད་ཅེས་བཤད་དཀའ་བས། ཕུ་བོ་ལྡོང་གི་རུས་ནི་བོད་མིའུ་རིགས་དྲུག་གི་ནང་ཚན་གྱི་ལྡོང་རུས་དེ་རེད། ལོ་རྒྱུས་ལ་ལར་ལྡོང་སྔ་མ་དང་ཕྱི་མ་ཞེས་བརྗོད་འདུག གང་ལྟར་ཕུ་བོ་ལྡོང་གི་རུས་འདི་ཉིད་གནའ་བོའི་ལོ་རྒྱུས་ཡིག་ཚང་དག་ལས་བོད་མི་ཁྲི་དོ་ཆེན་པོ་ལས་བརྒྱུད་པར་བཤད་ཡོད་ལ། དེ་ཡང་བོད་མི་ཁྲི་དོ་ཆེན་པོའི་ལོ་རྒྱུས་ཡར་དེད་ནས་སོང་ན་ལྷ་སྒྲུང་དང་གཏམ་རྒྱུད་ཀྱི་རྣམ་པ་ཙམ་ལས་ཡིད་འཕྲོག་འགྲོ་བའི་བཤད་སྒྲོས་ཤིག་མ་མཐོང་ཡང་། བོད་རུས་ཆེན་དྲུག་པོ་བོད་མི་ཁྲི་དོ་ཆེན་པོ་ལས་གྱེས་ཚུལ་འདི་ལ་བདེན་དོན་གྱི་ཆ་མང་པོ་སྔོག་ཏུ་ཡོད་པ་སྨོས་མེད་ཡིན་སྙམ། བོད་མིའུ་ལྡོང་དྲུག་པོ་ཁྲི་དོ་ཆེན་པོ་ལས་གྱེས་པ་ཡིན་མིན་དང་དེ་ལས་འགའ་ཞིག་ཁྲི་དོ་ཆེན་པོ་ལས་གྱེས་པ་ཡིན་མིན་གྱི་སྐོར་སྐབས་སུ་མ་བབས་པས་རེ་ཞིག་བསྐྱུར་ཏེ། བོད་ཀྱི་ལོ་རྒྱུས་ཡིག་ཚང་དག་ལས་བཤད་བཞག་པའི་བོད་མིའུ་ལྡོང་དྲུག་ལས་ལྡོང་གི་སྐོར་ནས་མུ་མཐུད་བཤད་ན།
“རི་རྩེ་མོ་གསུམ་དེ་ལྡོང་ལ་ཐོབ།།ལྡོང་ཞ་མགོ་མཐོ་བ་དེ་ཡི་དོན།།”ཞེས་བཀོད་པའི་ཕུ་བོ་ལྡོང་གི་རྒྱུད་པ་འདི་ནི། བོད་གངས་ཅན་གྱི་ཡུལ་གྲུ་ཀུན་ལ་ཆེས་ཁྱབ་ཆེ་ཤོས་ཀྱི་རུས་ཤིག་ཡིན་ལ། ལོ་རྒྱུས་སུའང་བོད་མི་ཕལ་ཆེ་བ་ལྡོང་གི་རྒྱུད་པ་ཡིན་པར་བཤད་ཡོད། ལྡོང་གི་རྒྱུད་པ་འདི་ཡི་ཆེས་ཐོག་མའི་རྩ་བའི་གྱེས་ཚུལ་ནི་། རྒྱ་བོད་ཡིག་ཚང་ཆེན་མོ་སོགས་ལས་སྤ་ཚབ་དང་། འབྲེང་ཡས། རོ་འཛེ། རག་ཤི མི་ཉག གྱི་ཐང་སྟེ་ཡན་ལག་གི་རུས་ཚོ་དྲུག་བྱུང་བར་བཤད་ཅིང་། དེ་དག་ནི་བོད་མདོ་དབུས་ཁམས་གསུམ་གྱི་སྟོད་སྨད་བར་གསུམ་ཀུན་ལ་མཆེད་མྱོང་བས་ཕོ་བོ་ལྡོང་གི་རུས་འདི་ཧ་ཅང་ཁྱབ་ཆེ་བ་ཡིན་ལ། རུས་གཞན་པ་དག་ནི་ཕུ་བོ་ལྡོང་གི་རུས་ལྟ་བུའི་ཁྱབ་ཆེན་པོ་ཞིག་མིན་ནོ།། ད་ལྟའི་མཚོ་སྔོན་དང་། སི་ཁྲོན། ཀན་སུ་སོགས་ནི་ཕུ་བོ་ལྡོང་གི་ཕ་ས་ཡིན་པས་མི་རྒྱུད་དངུལ་དཀར་ཀྱི་ཕྲེང་རྒྱུད་ལྟ་བུའང་ས་འདི་གའི་འབྲོག་སྡེ་དག་གྱེས་སོང་བ་ཡིན་པར་གདོན་མི་ཟ། དུས་ཕྱིས་སུ་ཕུ་བོ་ལྡོང་གི་མི་འདི་ཁམས་དང་ཨ་འདོའི་ཕྱོགས་ནས་དར་འཕེལ་བྱུང་བའི་ལོ་རྒྱུས་ཡོད་པ་མ་ཟད། ལྡོང་གི་རིགས་སུ་གཏོགས་པའི་མི་སྣ་དང་དཔོན་རབས་སོགས་ཀྱང་ངོས་བཟུང་དུ་ཡོད། དེའི་ཕྱིར་མཁས་དབང་མི་དགེ་བསམ་གཏན་གྱིས་ལོ་རྒྱུས་ཀུན་དགའི་མེ་ལོང་ལས་ལྡོང་གི་རུས་འདི་ལས་“དབལ་ཤུལ། རག་ཤུལ། ཕྱག་ཤུལ། ཧོར་ཤུལ། གཉན་ཤུལ། ཐང་ཤུལ། ནག་ཤུལ། དམག་ཤུལ། ཡོན་ཤུལ། སྣ་ཤུལ། རོང་ཤུལ། ཀ་ཤུལ། རྒྱ་ཤུལ། རྒྱོ་ཤུལ། མཁར་ཤུལ། ཡག་ཤུལ། སྔོ་ཤུལ། དྲག་ཤུལ་”ཏེ་ལྡོང་གི་ཤུལ་ཆེན་བཅོ་བརྒྱད་དུ་གྱེས་པར་གསུངས་།
འདིར་བཤད་པའི་ཁམས་ལི་ཐང་གི་ཝ་ཤུལ་འབྲོག་པའི་མི་རྒྱུད་འདི་དག་ནི་ལྡོང་ཤུལ་ཆེན་བཅོ་བརྒྱད་ལས་དབལ་ཤུལ་ལས་མཆེད་འོང་བ་ཡིན་པའི་རྒྱུ་མཚན་ནི་ཅུང་ཙམ་མང་། དེ་མིན་མི་ལོ་སྟོང་གི་བགྲེས་པོ་ཞིག་ལ་དྲིས་ན་མ་གཏོགས་གདེང་ཚོད་བྱས་པ་ཙམ་གྱིས་ཏན་ཏན་ཏིག་ཏིག་གི་འདེང་ཞིག་ཕོག་མི་ཐུབ། བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ཞེས་པའི་དཔེ་ཆ་ལས། “སྔར་ལྡོང་དབལ་སེ་སྐྱབས་མན། ཕུར་བ་ཐར་ཡན་ཙམ་ནས་ཁམས་ལི་ཐང་ཕྱོགས་སུ་འཁྱར་བ་ལ་དབལ་ཤུལ་སྡེ་གཞུང་མའི་རྗེ་རིགས་རྣམས་ཡོད་ལ། བར་སྐབས་སུ་དབལ་ཤུལ་ཚེ་དབང་མགོན་པོ་ཞེས་མི་དཔའ་རྩལ་ཅན་དེ་སོགས་དང་། སྡེ་གཞུང་བླ་མ་འཕྲིན་ལས་རབ་རྒྱས་ཞེས་པའི་མཁས་པ་ཆེན་པོ་དེ་སོགས་བྱུང་བ་དེའི་རིགས་རྣམས་དང་།”ཞེས་དང་། རེབ་གོང་རྡོ་རྗེ་མཁར་གྱི་བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས་ལས་“ལྡོང་མི་ནག་གུག་རུ་ར་སྐད་ཀྱི་མི་རྒྱུད་སྔོན་དུས་མཚོ་སྔོན་དུ་ཧ་ཅང་མང་ཡང་། བར་སྐབས་ཤིག་ལ་འཁྲུག་པ་བྱུང་བས་། ལི་ཐང་དང་ཉེ་བའི་གཡོན་རུ་དང་། སྡེ་གཞུང་སོགས་སུ་སོང་བ་ལས་གཡོན་རུ་མ་དང་། སྡེ་གཞུང་མ་ཟེར་བའི་དཔོན་རིགས་བྱུང་བ་དང་།” ཞེས་དང་། རྗེ་དམུ་དགེ་བསམ་གཏན་གྱིས་ཀྱང“ཆུ་ཡོས་དུས་འཁྲུག་དུས་སླར་སོང་བ་ལི་ཐང་གཡོན་རུ་མ་དང་། སྡེ་གཞུང་མ་ཟེར་བའི་དཔོན་རིགས” ཞེས་སོགས་གསུངས། དེ་དག་ལས་བཤད་པའི་ལྡོང་ཕུར་བ་ཐར་ཟེར་བ་དང་ལྡོང་མི་ནག་གུག་རུ་ར་སྐད་ཟེར་བ་གཉིས་པོ་ནི་མི་གཅིག་གི་མིང་ཐ་དད་གཉིས་ཡིན་ལ། ལུས་མདོག་ནག་ཅིང་ར་སྐད་ལྟ་བུ་ཞིག་སྨྲ་བས་ན་མིང་དེ་ལྟར་ཐོགས་པར་གསུངས། དེ་བཞིན་བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ལས་བཤད་པའི་དབལ་སེ་སྐྱབས་ཀྱང་དབལ་ཆེན་སྐྱབས་དེ་ཉིད་ཡིན་པ་ལགས། དེས་ན་ལོ་རྒྱུས་ཡིག་ཚང་དེ་ཚོས་བཤད་སྒྲོས་ལ་བརྟག་ན་ལི་ཐང་ཕྱོགས་ཀྱི་འབྲོག་སྡེ་དག་ནི་བོད་ཁུལ་གྱི་ས་ཆ་གཞན་ནས་འཁྱར་འོང་བའི་མི་ཚོ་དག་ཡིན་པར་འཁུམས། གནའ་བོའི་རྒན་པོ་དག་གི་བཤད་སྒྲོས་ཀྱང་འདི་དང་ཕལ་ཆེ་མཐུན་སྙམ། འོན་ཀྱང་ས་འདིར་འཁྱར་ནས་ནམ་འོང་གི་དུས་ཚིགས་ནི་ཅུང་ཙམ་རྩོད་གཞི་ཅན་ཞིག་ཏུ་གྱུར་ཡོད་ཀྱང་། གོང་གི་“ཆུ་ཡོས་དུས་འཁྲུག་”ཅེས་པ་ནི་སྤྱི་ལོ(1723)ལོ་ཡིན་པར་མངོན། དེ་ཡང་བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ལས་བཤད་པ་ལྟར་དུ་ལྡོང་ཕུར་བ་ཐར་ཡན་ཙམ་ནས་ལི་ཐང་ཕྱོགས་སུ་འཁྱར་ཡོང་བ་ཡིན་ན་ནི། ལི་ཐང་གི་ཝ་ཤུལ་མི་རྒྱུད་འདི་ཕུར་བ་ཐར་གྱི་མི་རྒྱུད་མ་ཡིན་ལ། འོན་ཀྱང་དབལ་ཤུལ་ལས་མཆེད་པ་ཡིན་མིན་ལ་དོགས་གནས་མེད། བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས་སོགས་ལས་བཤད་པ་ལྟར་ན་ཕུར་བ་ཐར་གྱི་མི་རྒྱུད་ས་འདི་ལ་འཁྱར་འོང་བར་བཤད་པས། ལི་ཐང་གི་ཝ་ཤུལ་འདི་ཚོ་ལྡོང་ཕུར་བ་ཐར་གྱི་མི་རྒྱུད་ཡིན་པར་གྲུབ། སྤྱིར་ཕུར་བ་ཐར་གྱི་མི་རྒྱུད་ནི་མཚོ་སྔོན་དང་། མགོ་ལོག་རྨ་སྟོད་སོགས་སུ་ཧ་ཅང་མང་སྟབས་ལི་ཐང་ཝ་ཤུལ་གྱི་མི་རྒྱུད་འདིའང་ཕུར་བ་མཐར་གྱི་མི་རྒྱུད་ཡིན་བཟོ་འདུག སྡེ་གཞུང་ཨ་འཇམ་གྱི་རྣམ་ཐར་ལས་ལི་ཐང་སྡེ་གཞུང་མའི་མི་རྒྱུད་“གེ་སར་རྒྱལ་པོའི་ཟུར་སྲས་གེལ་པ་ཁ་ཤོ་བྱ་བའི་རིགས་ལས་མཆེད་པ་ཡིན་”ཞེས་གསུངས། སྤྱིར་གླིང་གེ་སར་གྱི་མི་རྒྱུད་ནི་སྨུག་པོ་ལྡོང་གི་རུས་ཡིན་ཞིང་། རྫ་ཆུ་ཁ་སྐྱིད་སོས་ཡག་གི་ཁ་མདོ་ནི་གླིང་གི་མི་རྒྱུད་ཀྱི་ཐོག་མའི་མཆེད་ཡུལ་ཡིན་པར་བཤད། དེ་དང་ལྡོང་དབལ་ཆེན་སྐྱབས་ཀྱི་མི་རྒྱུད་གཉིས་ལ་འབྲེལ་བ་འདི་ལྟ་བུ་འདུག་ཅེས་ད་སྔོན་ལོ་རྒྱུས་གང་ནས་ཀྱང་མཐོང་མ་སོང་། ཕལ་ཆེར་ཚོད་འཇོག་བྱེད་ཐུབ་པ་ནི་གླིང་གི་བྱུང་བ་འདི་སྔ་བ་ཡིན་པ་དང་། ལྡོང་དབལ་གྱི་རྒྱུད་པ་འདི་ཕྱི་བའི་སྣང་ཚུལ་ཡོད། དེ་ལྟར་ཡིན་པའི་དབང་དུ་བཏང་རུང་དབལ་ཆེན་སྐྱབས་ཀྱི་མི་རྒྱུད་འདི་གླིང་གི་མི་རྒྱུད་ཡིན་པའི་སྒྲུབ་བྱེད་འགོད་མི་ནུས།
འགའ་ཞིག་གིས་ཝ་ཤུལ་སྡེ་གཞུང་མའི་དཔོན་རིགས་ཀྱི་མི་རྒྱུད་འདི་གླིང་གི་མི་རྒྱུད་དང་ཁུངས་གཏུགས་ཁུལ་གྱིས་དབལ་གྱི་རྒྱུད་ལ་ཁྱིམ་སྔགས་པ་ཞིག་ཡོད་ལ་དེས་གཉན་གཟའ་ཞིག་བླངས་ནས། བུ་ཨ་འབུམ་རྒྱལ་ཟེར་བ་སྐྱེས། དེ་གླིང་དང་མ་འཆམ་ནས་ད་ལྟའི་ཝ་ཤུལ་སྡེ་གཞུང་མའི་ས་འདིར་འོང་བར་བཤད་ཅིང་དེའང་མཁས་དབང་དམུ་དགེ་བསམ་གཏན་སོགས་ལ་ཁུངས་གཏུག་ཁུལ་བྱས། འོན་ཀྱང་དེ་དག་གིས་ནི་གོང་གི་ཁྱིམ་སྔགས་པ་དེ་ལ་མཚན་དུ་འབྲི་ལྷ་རྒྱལ་ཞེས་བཀོད་ཡོད། དེའི་རྒྱུ་མཚན་ཡང་སྔོན་ཆད་མགོ་ལོག་གི་མི་རྒྱུད་མང་དག་ཅིག་ཨ་ལྕགས་འབྲི་ཡི་རིགས་ཡིན་པར་གསུངས་པས་འབྲི་ལྷ་རྒྱལ་འདི་ཉིད་ལྡོང་གི་རུས་ཀྱང་མ་ཡིན། དེས་ན་བུ་ཨ་འབུམ་ཡང་རྗེས་མ་གླིང་རྗེ་རིགས་ཀྱི་བུ་མོ་ཞིག་གནའ་མར་བླངས་བར་བཤད་ཡོད་པ་ལས་ཁོ་རང་ལྡོང་གི་རུས་རྩར་ནས་མ་ཡིན། ཨ་འབུམ་གླིང་དང་མ་མཐུན་རྗེས་ཝ་ཤུལ་སྡེ་གཞུང་མའི་ས་འདིར་འོང་བ་ཡིན་མིན་ཡང་བཤད་དཀའ་སྟེ། རྗེ་དམུ་དགེ་བསམ་གཏན་ཉིད་ཀྱིས་“གླིང་རྗེས་བཀའ་བཀྱོན་དང་ཐུགས་གནག་པའི་ཚེ་ན། བྲན་མི་ཁྱིམ་ལྔ་བཅུ་དང་བཅས་ཡུལ་བུད་ནས་རྡོ་རོལ་དགོངས་པ་དང་པོ་དང་། མ་སྲིན་ལྟེ་ཐང་། སྐྱིད་ཡག་དང་། གོས་ཀྱི་མ་མོ་བཞི་མདོ་རྣམས་སུ་བསྡད་”ཅེས་གསུངས། ཡུལ་འདི་དག་གང་རུང་ལི་ཐང་སྡེ་གཞུང་མའི་ས་ཡིན་པར་བཤད་མི་ཐུབ་པར་མ་ཟད། རྗེས་ཀྱི་ཨ་འབུམ་གྱི་མི་རྒྱུད་མཆེད་ཡུལ་གྱི་ས་དེ་ཚོའི་ཁྲོད་ནའང་ལི་ཐང་ཕྱོགས་ཀྱི་ས་གཅིག་གི་མིང་གིས་བཟུང་མེད། ཕལ་ཆེ་བ་མགོ་ལོག་གི་ཉེ་ས་རྐྱང་རྐྱང་ཡིན་པར་འཁུམས། མ་གཞི་ལི་ཐང་ཝ་ཤུལ་གྱི་མི་རྒྱུད་འདི་ཚོའི་མཆེད་ཁུངས་དེ་གོང་གི་མགོ་ལོག་ཨ་འབུམ་ཟེར་བ་དེ་ལ་གཏུགས་ཚེ་བོད་མི་བུ་གདོང་དྲུག་ལས་ལྡོང་རུས་ཡིན་མིན་བཤད་དཀའ་བའི་རྒྱུ་མཚན་གོང་ཞུས་ལྟར་རེད། གཅིག་བྱས་ན་གོང་གི་ལོ་རྒྱུས་རྣམས་སུ་ལི་ཐང་གཡོན་རུ་མ་དང་སྡེ་གཞུང་མ་མཚོ་སྔོན་ཞིག་ནས་འཁྱར་འོང་བར་བཤད་པ་ནི། སྡེ་གཞུང་མ་གཡོན་རུ་མ་དང་མཉམ་དུ་སྨོས་པ་ཙམ་ཞིག་ཡིན་ཀྱང་སྲིད་དེ། སྡེ་གཞུང་མའི་མི་དག་གི་སྐད་དང་སྲོལ་ལུགས་སོགས་མང་པོ་ཞིག་གཡོན་རུ་མ་དང་མི་འདྲ་ཞིང་། ཝ་ཤུལ་ཁྲོམ་ཐར་མའི་མི་རྣམས་ཀྱི་འགྲོ་ལུགས་འདུག་སྟངས་དང་སྐད་ཆ་སོགས་སྡེ་གཞུང་མའི་མི་དང་ཧ་ཅང་འདྲ་ཆེན་པོ་ཡོད། དེར་ང་རང་ལའང་ཕྱོགས་གཉིས་ཀར་རྒྱུས་ལོན་ཅུང་ཙམ་ཡོད། གལ་ཏེ་འདི་གཉིས་ཀ་ཆེས་གནའ་བོ་ནས་མི་རྒྱུད་ཕྱོགས་གཅིག་ཡིན་ན་ཁྲོམ་ཐར་དང་སྡེ་གཞུང་མ་ལྟ་བུའི་སྡེ་རྒྱ་ཆེན་པོ་ཞིག་ཡོད་ཚད་གཞན་ནས་འཁྱར་འོངས་བ་ཨེ་ཡིན་ན་སྙམ་པ་འདུག སྡེ་གཞུང་མའི་མིའི་ཁྲོད་ལ་མི་རྒྱུད་གཞན་པ་འདྲེས་མི་ཆོག་པ་ག་ལ་ཡིན། འོན་ཀྱང་ཁོང་ཚོའི་འདབས་འབྲེལ་གྱི་ཡུལ་གྲུ་དག་ནི་ཁོང་ཚོའི་མིའི་སྐད་ལུགས་གོམ་སྲོལ་སོགས་དང་མ་གཅིག་པ་རྐྱང་རྐྱང་ཡིན་པས་འཁྱར་འོང་བར་བཤད་ནའང་འདྲ་ཆགས་པོ་ཞིག་ཡོད། སྡེ་གཞུང་མ་དང་ཁྲོམ་ཐར་གྱི་མི་རྒྱུད་འདི་དག་ལྡོང་གི་རུས་ཡིན་པ་ལ་གནོད་མི་ཐུབ་པར་མ་ཟད། ས་འདི་ཕྱོགས་ཀྱི་མི་རྒྱུད་མང་ཆེ་བ་ལྡོང་རུས་ཡིན་པའང་ལོ་རྒྱུས་དང་རྣམ་ཐར་དག་ཏུ་བཀོད་ཡོད་པས་ཀྱང་ཤེས་ཐུབ་ཅིང་། ལྡོང་ཤུལ་ཆེན་བཅོ་བརྒྱད་ཀྱི་ནང་གསེས་དབལ་ཤུལ་གྱི་རྒྱུད་པ་ཡིན། སྡེ་གཞུང་མ་དང་། ཁྲོམ་ཐར། གཡོན་རུ་མ་སོགས་ལ་ལོ་རྒྱུས་ལ་ལར་དབལ་ཤུལ་ལམ་ཝ་ཤུལ་ཞེས་དེ་གཉིས་མིང་གི་རྣམ་གྲངས་སུ་གསུངས་ཀྱང་། དབལ་ཤུལ་གྱི་ནང་གསེས་ཀྱི་ཤུལ་ཕྲན་ཡིན་པ་ལ་རྒྱུ་མཚན་ཆེན་པོ་ཡོད་སྙམ། ལྷག་པར་དུ(ད་ལྟའི་སི་ཁྲོན་གྱི་ཁོངས་གཏོགས)རྫ་སེར་ཤུལ་ཡས་མས་ན་སྡེ་གཞུང་མ་ཟེར་བའི་ཝ་ཤུལ་གྱི་རུ་སྡེ་ཞིག་ཡོད་པ་དེ་དང་། ལི་ཐང་སྡེ་གཞུང་མ་གཉིས་ལ་མི་རྒྱུད་ཀྱི་འབྲེལ་བ་ཞིག་ཡོད་ཀྱང་སྲིད། འོན་ཀྱང་བོད་ཀྱི་ལོ་རྒྱུས་ཡག་ཤོས་སུ་བགྲངས་བ་དེ་ཚོ་ལས་བཤད་པ་ལྟར་ན། ལི་ཐང་གི་འབྲོག་སྡེ་འདི་དག་རྨ་སྟོད་དང་མཚོ་སྔོན་ནས་གྱེས་པར་གསུངས།
ཝ་ཤུལ་གཡོན་རུ་མ་ནི་ལོ་རྒྱུས་འགའ་ཞིག་ལས་ལྡོང་དབལ་གྱི་མི་རྒྱུད་ཅིག་མཚོ་སྔོན་ནས་འཁྱར་འོང་བར་གསུངས་པ་དང་མཐུན་པར། ལི་ཐང་བ་འབའ་ཤེར་བློ་ཟླ་ཟེར་བ་ཞིག་གིས་མགོ་ལོག་རྨ་སྟོད་ཀྱི་སྡེ་བ་ཞིག་འཕོ་འགྱུར་གྱི་རྐྱེན་དབང་གཞན་ཞིག་གིས་མཚོ་སྔོན་དུ་གནས་ཤིང་། ཕྱིས་ཆུ་ཡོས་དུས་འཁྲུག་སྐབས་ཡུལ་བྱོལ་དུ་འོངས་ནས་ལི་ཐང་དུ་གནས་ཆགས་ཞེས་བཤད། རྗེས་མུ་དགེ་བསམ་གཏན་གྱིས་ཀྱང་འདི་གཞིན་གསུངས་ཡོད་ལ། དོན་ལའང་འདི་ཕལ་ཆེར་ཡིན་ཚོད་མཆིས་ཏེ་བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་ཤོས་དང་། གནའ་བོའི་བཤད་སྲོལ་དག་ལ་གཞིགས་ན་ས་མིང་དང་དུས་ཚིགས་ཀྱི་གསལ་ཁ་ཡོད་མེད་ཅིག་མ་གཏོགས་ཀུན་གྱི་བཤད་སྒྲོས་ཧ་ལམ་གཅིག་མཐུན་དུ་བབས་འདུག ཆུ་ཡོས་དུས་འཁྲུག་ཅེས་པ་ནི་གོང་མ་ཡུང་ཊིང་ཁྲིར་འཁོད་པའི་ལོ་དེར་མཚོ་སྔོན་སོགས་ནས་གོང་མར་ངོ་རྒོལ་དམག་འཁྲུག་བསླངས་བར་ལོ་རྒྱུས་སུ་བཀོད་ཡོད་པ་དེ་ཡིན་བཟོ་ཡོད། དུས་སྐབས་དེར་མཚོ་སྔོན་དང་རྨ་སྟོད་ཡས་མས་སུ་གནས་ཆགས་པའི་ལྡོང་དབལ་ཤུགས་ཀྱི་མི་རྒྱུད་གཅིག་ཡུལ་གྱར་དུ་ཕྱིན་ནས་གནས་འདིར་གཞིས་ཆགས་པར་སྐད། སྤྱིར་བོད་གཅིག་འགྱུར་དུས་ཀྱི་བོད་ཆེན་པོའི་སྟོབས་ཤུགས་ལ་རྫོགས་ཚིག་བཀོད་དེ་བོད་སིལ་འཐོར་བ་ནས་བཟུང་སྟེ། བོད་ནང་ཁུལ་གྱི་དཔོན་ཁག་རིམ་པའི་དུས་སུ་གཅིག་འགྱུར་དང་གཅིག་སྒྲིལ་རང་བཞིན་ཅན་གྱི་སྲིད་ཇུས་རིག་པ་རྒྱང་དུ་བོར་ནས། གྲུབ་མཐའ་དང་དབང་རིས་ཕྱོགས་འཛིན་གྱི་འདུ་ཤེས་ཆེས་ཆེར་རྒྱས་ཏེ་ནང་ཁུལ་ཕར་འཐོར་ཚུར་འདུས་ཀྱི་དུས་འདས་ནས་བསྡད་སྟབས། ཡུལ་སྡེ་དང་གྲོང་ཚོ་ཕྱོགས་ཁག་གྱེས་བཞིན་གཞན་ནས་གཞན་དུ་གནས་སྤོས་ཏེ་འགྲོ་བ་འདིའང་ཆོས་ཉིད་དུ་འཁུམས། གཡོན་རུ་མ་ཞེས་པའི་མིང་འདི་ཡང་ལོ་རྒྱུས་འགའ་ཞིག་ལས་བཤད་པ་ལྟར་ན། ལི་ཐང་དུ་གཞིས་སྡོད་བྱས་རྗེས་སུ་མིང་དེ་ལྟར་ཐོགས་པ་མ་ཡིན་པར། ཆེས་ཐོག་མར་མཚོ་ཁ་གཡོན་རུ་ཞེས་པ་རུ་གནས་ཆགས་པར་བཤད་པས་དུས་དེ་ག་ཙམ་ནས་མི་སྡེ་དེ་ཚོ་ལ་གཡོན་རུ་མ་ཟེར་ཞེས་སྨྲས། སྤྱིར་གྲོང་སྡེ་དང་ཡུལ་རིས་ཀྱི་མིང་འདོགས་ཚུལ་མང་ཤོས་ཤིག་འདྲ་འབྲེལ་དང་བཤད་དུ་ཡོད་པ་མང་ཞིང་། ད་ལྟ་བརྡ་རྙིང་དུ་ཕྱིན་བའི་མིང་ཕལ་ཆེར་བརྡ་སྐད་གྱི་འགྱུར་ལྡོག་སྣ་ཚོགས་པའི་དབང་གིས་འདོད་རྒྱལ་ལྟར་སྣང་ཡང་དོན་ལ་དེ་ལྟར་མིན་པ་ཧ་ཅང་མོད། དེས་ན་གཡོན་རུ་མ་ཞེས་པའང་ཕྱོགས་གང་ནས་བལྟས་ནའང་མིང་འདོགས་ཀྱི་རྒྱུ་མཚན་ཞིག་ཡོད་ལས་ཆེ། དེ་ཡང་ས་ཁུལ་དང་ཡུལ་གྲུའི་ཁྱད་པར་ལ་ལྟོས་ཏེ་གཡས་གཡོན་གྱིས་ཟླས་ཕྱེས་ནས་བཏགས་པར་སྙམ། གལ་ཏེ་ཕྱིས་སུ་ལི་ཐང་ས་གནས་ཀྱི་མི་དག་གིས་གཡོན་རུ་མ་བཏགས་པའི་དབང་དུ་བཏང་ན། དེ་ལ་གཡས་དང་གཡོན་གྱི་དབྱེ་འབྱེད་དམ་ཡང་ན་རྒྱུ་མཚན་གཞན་ཡོད་དགོས་རུང་སུ་ཞིག་ལའང་དེ་བཤད་རྒྱུ་མི་འདུག ད་དུང་གཡོན་རུ་མ་ཟེར་དོན་སྔོན་བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ་རུ་དཔུང་བཞིའི་ནང་གི་གཡོན་རུའི་དམག་མི་དག་མདོ་སྨད་དུ་གནས་ཆགས་ནས་བསྡད་པའི་མི་རྒྱུད་ཡིན་པས་རེད་ཅེས་བཤད་ཚུལ་ཡོད། དེ་ལྟར་ཆེས་སྔ་མོ་ནས་གཡོན་རུ་མ་ཞེས་འབོད་པའི་མི་རྒྱུད་འདི་ཐོག་མར་རྨ་སྟོད་ནས་འཁྱར་འོང་བར་བཤད་པ་ལ་གོང་ཞུས་ལྟར་ལོ་རྒྱུས་མང་པོ་དང་མཐུན་པར་མ་ཟད། ད་ལྟའི་ཁོང་ཚོའི་ཡུལ་མིའི་སྐད་ཆ་ལ་བརྟག་ནའང་ཡུལ་གཞན་པ་དག་དང་མི་མཚུངས་པར་རྨ་སྟོད་དང་མཚོ་སྔོན་སོགས་ཀྱི་སྐད་དང་ཧ་ཅང་འདྲ་ས་མང་ཞིང་། ཡང་ཨ་མདོ་རེབ་གོང་སོགས་ཀྱི་མི་ཚོས་སྐད་ཆ་བཤད་སྲོལ་དང་བསྡུར་ན། རྨ་སྟོད་ཀྱི་མིའི་སྐད་ལུགས་དང་འདྲ་མཚུངས་ཆེ་འདུག འོ་ན། གཡོན་རུ་མ་ལྡོང་དབལ་ཆེན་སྐྱབས་ཀྱི་མི་རྒྱུད་ཡིན་པར་བཤད་པ་དང་རྨ་སྟོད་ཀྱི་མི་རྒྱུད་ཡིན་པར་འཆད་པ་གཉིས་མི་འགལ་ལམ་བསམ་ན། ལོ་རྒྱུས་རྣམས་སུ་ལྡོང་དབལ་ཆེན་སྐྱབས་ཀྱི་མི་རྒྱུད་མཚོ་སྔོན་དུ་མང་ཟེར་བ་ཙམ་ལས་གཞན་པ་ན་མེད་པར་བཤད་མེད་ཅིང་། ཕྱིས་ལྡོང་ཤུལ་བཅོ་བརྒྱད་ཀྱི་ནང་གི་དབལ་ཤུལ་གྱི་ཡན་ལག་གི་ཤུལ་ཕྲན་མང་པོ་ཞིག་རྨ་སྟོད་སོགས་སུ་ཡོད་སྟབས། ལོ་རྒྱུས་རྣམས་སུ་བཀོད་པ་ལྟར་གཡོན་རུ་མ་ལྡོང་དབལ་ཆེན་སྐྱབས་ཀྱི་མི་རྒྱུད་ཡིན་པར་ཚོད་འཇོག་བྱེད་ཐུབ།
ཨོ་ཐོག་ནི་དེང་སང་ཨོ་ཐོག་གསུམ་པོའི་དཔོན་རབས་ལོ་རྒྱུས་སུ་བེ་རི་ཨོ་ཐོག་ཅེས་རྒྱུ་མཚན་དང་བཅས་པའི་སྒོ་ནས་བཀོད་འདུག་མོད། ཡིན་ཡང་ཨོ་ཐོག་ཏུ་བེ་རི་རྒྱལ་པོའི་དམག་མི་འགའ་ཞིག་འོངས་ནས་ཡུལ་དེར་གཞིས་སྡོད་བྱས་པ་ཙམ་གྱིས་བེ་རི་ཨོ་ཐོག་ཅེས་འདོགས་དགོས་དོན་མེད། སྤྱིར་བི་རི་དང་བེ་རི་རྒྱལ་པོ་ཞེས་པའི་སྐོར་ནས་མདོ་སྨད་ཆོས་འབྱུང་དུ་གླང་དར་མས་བསྟན་པ་བསྣུབས་དུས་དམར་གཡོ་གཙང་གསུམ་“མདོ་སྨད་ལྷོ་ངོས་ཀྱི་བེ་རིའི་ཚྭ་མཚོ་ནས་ཚུར་བྱོན་ཏེ་”ཞེས་མདོ་སྨད་ས་ཆ་ན་བེ་རི་ཟེར་བའི་མི་སྡེ་དག་ཡོད་པར་བཤད་ཡོད། གཞན་ཆབ་མདོ་ལྷ་ཐོག་དང་སྨར་ཁམས་སོགས་ཡུལ་གྲུ་གང་མང་ཞིག་ནའང་བེ་རིའི་མི་རྒྱུད་ཡོད་ཚོད་རེད། འོན་ཀྱང་ཨོ་ཐོག་གི་མི་སྡེ་འགའ་ཞིག་བེ་རིའི་རྒྱུད་པ་ཡིན་ཟེར་རྒྱུའི་བེ་རི་དེ་ནི་ས་པཎ་གྱི་ཕྱག་རོགས་ཁྲི་མྱོང་བའི་བེ་རི་སྟེ་མདོ་སྨད་ཀྱི་ཡུལ་དུ་འཚོ་བའི་བེ་རི་ཡིན། དེ་ཉིད་སོག་དམག་དང་འཁྲུག་པའི་རྗེས་ཁམས་ཕྱོགས་སུ་ཡུལ་གྱར་བྱུང་བ་མང་ཞིང་། དེ་ཚོ་གང་རུང་ཞིག་གི་ཁྲོད་ཀྱི་བེ་རིའི་མི་འགའ་ཞིག་ཕྱིས་ཨོ་ཐོག་ཏུ་འོང་བ་ཡིན་སྙམ། ཡང་བེ་རིའི་མི་རྒྱུད་ནི་ལྷ་ལྡོང་དཀར་པོ་མི་རྒྱུད་ཡིན་པར་ལོ་རྒྱུས་མང་པོ་ལས་བཤད་པར་བརྟག་ན་མཚོ་སྔོན་དང་རྨ་སྟོད་ཡས་མས་ཀྱི་ལྡོང་ཤུལ་ཆེན་བཅོ་བརྒྱད་ལས་ལོགས་སུ་ཡོད་པ་ཞིག་མིན་པ་འདྲ། ཡིན་ཡང་ཨོ་ཐོག་གི་མི་དང་གཡོན་རུ་མའི་མི་གཉིས་ཀྱི་བར་ན་སྐད་ལུགས་གོམས་སྲོལ་གང་ཅིའི་ཐད་ནས་མི་འདྲ་ས་ཧ་ཅང་ཉུང་ཕྱིར། ཨོ་ཐོག་གི་མི་སྡེ་སྤྱི་དང་ལི་ཐང་ལ་རྩ་སྡེ་བའི་མི་ཁྱིམ་འདི་རིགས་རུས་དང་མཆེད་ཁུངས་གཡོན་རུ་མ་ལས་ཐ་དད་ཅིག་མིན་པར་འདོད། ཨོ་ཐོག་ཕྱོགས་ཀྱི་ཐང་དཀར་མ་ཡང་དེ་དང་གཅིག་ན་ཡང་སོག་པོའི་མི་རྒྱུད་ཡིན་ཟེར་བ་ནི། ཨོ་ཐོག་བེ་རིའི་མི་རྒྱུད་ཡིན་ལབ་པ་དང་གཅིག་མཚུངས་ཡིན་སྙམ།
བདག་གི་སྐྱེ་ཡུལ་ལི་ཐང་སྐྱ་ཤུལ་སྡེ་བ་ནི་ལི་ཐང་སྟོད་ཕྱོགས་ཀྱི་འབྲོག་སྡེ་དེ་ཚོ་དང་བར་ཐག་གིས་བཅད་དེ། ལི་ཐང་རྫོང་ཐོག་ནས་སྤྱི་ལེ་བདུན་བཅུ་ལྷག་ཙམ་འགྲོ་དགོས་སའི་འདབ་པའི་ས་མཚམས་དང་འདབས་འབྲེལ་དུ་གནས་ཡོད། སྐྱ་ཤུལ་སྡེ་བ་ནི་རང་གི་གཡས་གཡོན་གྱི་ཆེས་འདྲིས་ཆེ་སའི་མི་སྡེ་དག་གི་སྐད་ལུགས་གོམས་སྲོལ་སོགས་ལ་རྩར་ནས་མི་མཚུངས་ལ། ཐ་ན་གཡས་གཡོན་གྱི་མི་སྡེ་ཡོད་ཚད་ཆེས་སྔ་མོ་ནས་རོང་བའི་གོམས་གཤིས་རང་ཆས་སུ་ཡོད་ཅིང་ཞིང་ལས་གཉེར་ཏེ་དེའི་འཚོ་ཐབས་ལ་བརྟེན་མཁན་ཤ་སྟག་ཡིན་མོད། སྐྱ་ཤུལ་སྡེ་བའི་མི་སྡེ་རེ་རེའི་གཤིས་ལུགས་དང་བྱ་སྤྱོད་མཐའ་དག་ཀྱང་གཡས་གཡོན་གྱི་མི་སྡེ་ཚོ་དང་ཁྱོན་ནས་མི་འདྲ་བར། ཡུལ་སྲོལ་དང་སྐད་ལུགས་སོགས་སྔར་གྱི་ཝ་ཤུལ་གྱི་མི་རྒྱུད་དེ་ཚོ་དང་ཆུ་ལ་ཆུ་བཞག་པ་ལྟ་བུའི་འབྲོག་ལས་གཉེར་མཁན་རྐྱང་རྐྱང་ཡིན། དེའི་ཕྱིར་སྐྱ་ཤུལ་སྡེ་བ་ནི་གཡས་གཡོན་གྱི་མི་སྡེ་དེ་ཚོ་དང་བསྡུར་ན་མི་སྡེ་ལྷག་མ་ཞིག་དང་། མི་སྡེ་དམིགས་བསལ་བ་ཞིག་ཡིན་པ་བལྟས་ཚོད་ཙམ་གྱིས་ཤེས་ཐུབ། འོ་ན། སྐྱ་ཤུལ་སྡེ་བའི་མི་སྡེ་འདི་དག་གང་ཞིག་ནས་མཆེད་འོངས་བ་རེད་ཟེར་ན། རྒན་པོའི་ངག་སྒྲོས་ལས་སྔོན་གྱི་དུས་སུ་སྒ་སྐྱ་ལོའི་ཤུལ་གྱི་མི་རྒྱུད་ཅིག་བྱང་རྫ་ཆུ་ཁ་ནས་ས་གྱོད་ཀྱིས་དབང་གིས་བྲོས་བྱོལ་བྱས་ནས་འཁྱར་འོངས་བ་དང་། དེ་ནས་སྡེ་གཞུང་མའི་དཔོན་པོ་ལ་མགོ་བཏགས་ཏེ་དེར་གནས་གཞིས་འཆགས་ཀྱང་སླར་ཡང་མ་འཆམ་ནས་ད་ལྟའི་སྐྱ་ཤུལ་སྡེ་བ་གནས་སའི་ས་འདིར་བསྡད་པ་རེད་ཟེར། འོན་ཀྱང་རྫ་ཆུ་ཁ་ནས་ས་གྱོད་དབང་གིས་ཟེར་བ་དེ་མ་ཡིན་པར་སྐྱ་ཤུལ་དང་གཡོན་རུ་མ་སོགས་ཆུ་ཡོས་དུས་འཁྲུག་སྐབས་གྲོས་བྱོལ་དུ་འོངས་བ་ཡིན་ན་ཐང་། རྒན་པོ་དག་གི་ངག་སྒྲོས་ལ་ས་རྒྱུས་ཀྱི་ཞིབ་ཆ་ཅུང་ཙམ་ཕྱེས་ན་སྐྱ་ཤུལ་ནི་སྒ་སྐྱ་ལོའི་ཤུལ་དང་རྫ་ཆུ་ཁའི་མི་རྒྱུད་ཡིན་ཞེས་པ་དེ་ལ་བརྟག་གཞི་འདི་སྣང་སྟེ། སྒ་སྐྱ་ལོའི་ཤུལ་ནི་རྫ་སྟོད་ཀྱི་ས་ཆ་དང་། དེ་ཡང་སྒ་སྐྱ་ལོའི་བསྟན་པ་རྒྱལ་མཚན་གླིང་སེང་ལྕམ་འབྲུག་མོའི་ཨ་ཕ་ཡིན་ཞིང་དེའི་ཁྱིམ་རྒྱུད་ལ་སྒ་སྐྱ་ལོའི་ཁྱིམ་རྒྱུད་ཅེས་ཟེར་ཞིང་། ཁྱིམ་རྒྱུད་འདི་གཞིས་ཆགས་མྱོང་བའི་ས་ཆ་ནི་རྫ་སྟོད་ཀྱི་ཕྱོགས(ད་ལྟའི་འབྲི་སྟོད་རྫོང་ཁུངས)ཡིན་ཞེས་བརྗོད་པས། ས་དེའི་མི་ཕལ་ཆེ་བའི་སྐད་ལུགས་སོགས་ལ་བརྟག་ན་ཁམས་པ་ཤ་སྟག་ཡིན་ལ། སྐྱ་ཤུལ་དང་གཡོན་རུ་མའི་མིའི་སྐད་ལུགས་དེ་དང་མི་མཚུངས་པ་འབའ་ཞིག་ཡིན་ནོ།།སྒ་སྐྱེ་རྒུ་མདོ་སོགས་ཡུལ་ཤུལ་གྱི་ས་ཕྱོགས་དེ་ཚོ་ན་སྒ་ཟེར་བ་འདི་མང་རབ་ཡོད། དེས་ན་གོང་ཞུས་ལྟར་ལོ་རྒྱུས་ལ་ལར་ལི་ཐང་གཡོན་རུ་མ་སོགས་རྨ་སྟོད་ཀྱི་ཕྱོགས་ནས་མཆེད་པར་བཤད་པ་དེ་དང་། སྐྱ་ཤུལ་སྡེ་བ་ས་གཞན་ཞིག་ནས་ཡོང་བར་ལབ་པ་དང་། ལི་ཐང་གཡོན་རུ་མ་དང་སྐྱ་ཤུལ་སྡེ་བ་གཉིས་པོ་སྐད་ལུགས་གོམས་སྲོལ་སོགས་ཕྱོགས་གང་ཐད་ནས་ཧ་ཅང་མཚུངས་པའི་ཕྱིར། སྔོན་དུས་ཧ་ལམ་གནས་ཡུལ་གཅིག་ཡིན་མིན་ལ་དོགས་པ་སྐྱེ་ཆོག ལི་ཐང་གཡོན་རུ་མ་དང་སྐྱ་ཤུལ་སྡེ་བ་གཙོས་པའི་ལི་ཐང་ཝ་ཤུལ་གྱི་མི་རྒྱུད་འདི་དག་ཀྱང་སྟོད་ཕྱོགས་ཀྱི་ས་ཆ་དེ་དག་དང་ལྡོང་དབལ་ཤུལ་གྱི་རྒྱུད་པ་ཡིན་བཟོ་འདུག་སྙམ་པ་ཞིག་བྱུང་སོང་། ཡིན་ཡང་གཡོན་རུ་དང་དང་ཝ་ཤུལ་སྡེ་གཞུང་མ་གཉིས་མི་འདྲ་ས་ཞིག་ཡོད་པ་ནི་ཡུལ་སྐད་རེ་ཟུང་མི་འདྲ་བ་དེ་རེད། དེ་མིན་ལི་ཐང་ཕྱོགས་ཀྱི་ཝ་ཤུལ་མང་ཆེ་ཤོས་གཡོན་རུ་མ་དང་ཧ་ཅང་མཚུངས་འདུག གོང་དུ་ཞུས་པ་བཞིན་སྡེ་གཞུང་མ་དང་ཝ་ཤུལ་ཁྲོམ་ཐར་གཉིས་ཡུལ་སྐད་མཚུངས་པས་རུ་སྡེ་དེ་གཉིས་པོ་མཆེད་ཁུངས་གཅིག་ཡིན་པ་ཕལ་ཆེར་ཐག་གིས་གཅོད་ཐུབ། གཡོན་རུ་མ་དང་ཨོ་ཐོག་སྐྱ་ཤུལ་སོགས་ནི་དེ་གཉིས་ཀྱི་སྐད་ལུགས་དང་མི་གཅིག་པ་གང་མང་མང་ཡོད། གང་ལྟར་ལི་ཐང་ཝ་ཤུལ་གྱི་མི་རྒྱུད་ནི་ས་གཞན་ནས་འཁྱར་འོང་བ་ཡིན་པ་དང་། དེ་ཚོ་ལྡོང་རུས་ཡིན་ཚུལ་གྱི་སྐོར་ནི་གོང་དུ་ཅུང་ཙམ་བཤད་ཡོད་པ་དེ་ཚོ་ཡིན་པ་ལགས། དེ་མིན་ལི་ཐང་གི་རོང་སྡེ་འདི་དག་ནི། སྤྱིར་བོད་ཀྱི་ལོ་རྒྱུས་ལས་ཁམས་ཀྱི་ས་འདི་རུ་ལྡོང་རུས་ཧ་ཅང་ཁྱབ་ཆེ་ཡང་ཨ་ལྕགས་འབྲི་ཡི་མི་རྒྱུད་ཀྱང་ཡོད་པར་གྲགས། མདོ་སྨད་ཆོས་འབྱུང་ལས་ཨ་ལྕགས་འབྲུ་ཡི་རིགས་ཀྱི་མི་རྣམས་ཀྱིས་“ལས་སུ་ཞིང་རྨོ་ཞིང་རི་དྭགས་རྔོན། ཟས་སུ་ཤ་དང་འབྲུ་རིགས་སྤྱོད་”ཅེས་གསུངས་པས་རིགས་འདི་ལ་འཚོ་ཐབས་ཞིང་ལས་དང་འབྲུ་རིགས་གཉེར་མཁན་ཧ་ཅང་མང་བར་སྣང་། ད་དུང་ཨ་ལྕགས་འབྲི་རིགས་ནི་རི་ལུང་དོག་ས་སོགས་ན་གནས་པར་བཤད། ཡིན་ཡང་ལི་ཐང་རོང་སྡེ་ཡི་རིགས་ཨ་ལྕགས་འབྲི་རིགས་ཡིན་པའི་རྒྱུ་མཚན་ནི་བདག་ལ་གང་ཡང་མེད། ལྷག་ཏུ་ལི་ཐང་མོ་ལའི་ཡུལ་སྡེ་ནི་ཆོས་རྒྱལ་བུ་ཡུང་དཀའ་བཅུའི་རྣམ་ཐར་ལས་ལྡོང་རིགས་ཡིན་པར་གསུངས་ཡོད། དེ་ཡང་མི་བདེན་པ་མེད་དེ་ལོ་རྒྱུས་ལས་བཤད་ཚུལ་ལྟར་ན་མི་ཉག་དང་ཁད་ཐག་ཉེ་བའི་ད་ལྟའི་སི་ཁྲོན་ཕྱོགས་ཀྱི་ཡུལ་སྡེ་ཕལ་ཆེ་བ་ཞིག་ན་ལྡོང་གི་རུས་འདི་ཡོད་རབས་ཡོད། མ་གཞི་བོད་ཀྱི་ས་ཐོག་གི་མི་སྡེ་ཆེ་ཕྲ་དུ་མར་བོད་མི་བུ་ལྡོང་དྲུག་གི་རུས་འདི་མཆེད་མྱོང་བར་གྲགས་ཀྱང་། ས་གནས་རང་ས་ནས་མི་ཡི་རིགས་དར་འཕེལ་བྱུང་མི་ཆོག་པའི་རྒྱུ་མཚན་ཆེས་ཆེར་མེད་སྙམ། བོད་མི་ཞིག་ཡིན་ནས་བཟུང་སྟེ“རྩེད་ཐང་མགོན་པོའི་རི་ཡི་སྤྲ་སྤྲེ”ཡི་བརྒྱུད་པ་ཡིན་དགོས་པའི་ངེས་པ་མེད་དོ།། །།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10