མདོ་ཁམས་ཨ་ཕྱུག་ཡུལ་གྱི་གཉེན་དར་གྱི་བཤད་པ།

        2018-09-27

མདོ་ཁམས་ཨ་ཕྱུག་ཡུལ་གྱི་གཉེན་དར་གྱི་བཤད་པ།

བག་མའི་རྟ་ཁ་ལེན་དུས་ཀྱི་བཤད་པ་འདི་ལ་དོན་དྲུག་ཡོད་པ་ལས།

དང་པོ་མཚམས་སྦྱར་ནི། ཡ། ཨ་ཅེ་བསམ་དོན་འགྲུབ་རྒྱུ་པོ།། ས་གཞི་སེར་པོའི་ཡང་སྟེང་ནས།། གོམ་གསུམ་གོམ་པ་གྱེན་ལ་སྤོས།། མཐའ་ཡར་ལ་འགྲོ་བའི་རྟེན་འབྲེལ་རེད།། ལས་ཅི་བསམ་འགྲུབ་པའི་སྨོན་ལམ་འདེབས།། ཞེས་སོ།།

གཉིས་པ་ས་བཤད་ནི། ཡ། ས་འདི་ནི་གསེར་ཐང་གྲུ་བཞི་རེད།། ཐང་འདི་ནི་ལྷ་ལུང་སུམ་མདོ་རེད།། རི་འདི་ནི་ནོར་བུ་སུམ་ཚུགས་རེད།། ཆུ་འདི་ནི་བདུད་རྩི་ཟིལ་མ་རེད།། ལུང་པ་ལྷ་ལུང་དཀར་པོ་རེད།། སྡེ་པ་ལྷ་སྡེ་སྨུག་པོ་རེད།། བུ་ང་ལ་ལྷ་བུ་དོན་འགྲུབ་ཟེར།། ས་ལྕི་སོས་ཡག་གི་ཁ་མདོ་རེད།། གླིང་སེང་ཆེན་རྒྱལ་པོ་འཁྲུངས་ས་རེད།། ཆུ་གཉིས་ཆབ་མ་བརྡབས་འདྲ་རེད།། བྲག་གཉིས་མདའ་སྒྲོ་གཤིབས་འདྲ་རེད།།སྤང་གཉིས་བལ་སྟན་བཏིང་འདྲ་རེད།། བྲག་སྦལ་པ་འདྲ་བའི་རྩ་བ་རེད།། ཀླུ་གཙུག་ནའི་གཏེར་སྒོ་ཕྱི་མ་རེད།། ལྷ་པདྨའི་ལུང་བསྟན་ཐོབ་ས་རེད།། འཛམ་བུ་གླིང་གི་ལྟེ་བ་རེད།། འབྲུག་ལྷང་ལྷང་ནོར་བུའི་གདན་སྟེང་རེད།། སྐད་ལྷང་ལྷང་ཁུ་བྱུག་གྲགས་ས་རེད།། ཞེ་ལྷང་ལྷང་ཅོ་ག་འགྱུར་ས་རེད།། དཔལ་བདེ་མཆོག་ནོར་བུའི་ཕོ་བྲང་རེད།། འདི་གྲུ་བཞི་ས་ཡི་ཐིག་ལེ་རེད།། རྒྱབ་རི་རྒྱལ་བ་རིགས་ལྔ་རེད།། ལྷ་བླ་ལུའི་བསྟན་པ་དར་ས་རེད།། མདུན་རི་སྒྲོལ་མ་ཉེར་གཅིག་རེད།། སྨན་བུ་མོའི་སྐྱེ་གཟུགས་ཡག་ས་རེད།། གཡས་རི་སྟག་མོ་རྔམས་འཁྲུགས་རེད།། བུ་དཔའ་བོའི་དཔའ་རྩལ་རྒོད་ས་རེད།། གཡོན་རི་གཡུ་འབྲུག་གནམ་མཆོང་རེད།། རྒྱུ་བསོད་ནམས་ལོངས་སྤྱོད་ཆེ་ས་རེད།། ཅེས་སོ།།

གསུམ་པ་གཉེན་བཤད་ནི། ཡ། སྔོན་གྱི་བསྐལ་པ་དང་པོ་ལ།། གནམ་ས་གཉིས་པོ་གཉེན་སྒྲིག་བྱས།། སྨིན་དྲུག་ཁྲ་མོ་བག་མ་འོངས།། ནམ་ལངས་སྐར་ཆེན་བག་རོགས་བྱུང་།། སྐར་ཚོགས་མང་པོ་མགྲོན་དུ་བོས།། མགྲོན་པོ་ཟེར་བ་དེ་ནས་ཐོགས།། ཡང་བསྐལ་པ་གཅིག་གི་དུས་ཚོད་ལ།། ལྷ་ཀླུ་གཉིས་པོ་གཉེན་སྒྲིག་བྱས།། ལྷ་ཆེན་ཚངས་པའི་བུ་མོ་དེ།། ཀླུ་ཕྲུག་འོད་ཆུང་བཙུན་མོར་བྱིན།། ཀླུ་ཡིས་ཡིད་བཞིན་ནོར་བུ་ལྷ་ལ་བྱིན།། ལྷ་ཡིས་དགོས་འདོད་ཆར་པ་ཀླུ་ལ་བྱིན།། སྦྱིན་པ་ཟེར་བ་དེ་ནས་དར།། ཡང་བསྐལ་པ་གཅིག་གི་དུས་ཚོད་ལ།། བོད་རྒྱ་གཉིས་པོ་གཉེན་སྒྲིག་བྱས།། རྒྱ་བཟའ་ཀོང་ཇོ་བག་མ་ཡོང་།། སྲོང་བཙན་སྒམ་པོའི་བཙུན་མོར་བྱས།། ཤཱཀྱ་མུ་ནེ་གདན་འདྲེན་བྱས།། ཡང་བསྐལ་པ་གཅིག་གི་དུས་ཚོད་ལ།། སེང་ཆེན་རྒྱལ་པོའི་སྟོན་མོ་བྱས།། སེང་ལྕམ་འབྲུག་མོ་བག་མར་ཡོང་།། དཀར་པོ་དར་གྱིས་རྟ་ཁ་བླངས།། དཀར་པོ་དུང་གིས་བསུ་མ་བཟོས།། ཆོས་དཀར་པོའི་བསྟན་པ་དགུང་དང་མཉམ།། དབུ་ནག་བོད་ལ་བདེ་སྐྱིད་དར།། ཞེས་སོ།།

བཞི་པ་དར་བཤད་ནི། ཡ། ངའི་དར་དཀར་འདི་ལ་འདོམ་གང་ཡོད།། ཁ་ཚར་འདི་ལ་ཁྲུ་གང་ཡོད།། མི་ལས་དབང་ཅན་གྱིས་བཟོས་པ་རེད།། བོད་དབང་ཐང་ཅན་ལ་འཕེན་རྒྱུ་རེད།། དར་མགོ་འདི་ལ་གསེར་གཅིག་ཡོད།། གསེར་གྱི་ཤཱཀྱ་ཐུབ་པ་ཡོད།། དར་སྐེད་འདི་ལ་དངུལ་ཞིག་ཡོད།། དངུལ་གྱི་སྤྱན་རས་གཟིགས་དབང་ཡོད།། དར་མཐའ་འདི་ལ་གཡུ་གཅིག་ཡོད།། གཡུ་ཡི་སྒྲོལ་མ་རང་བྱོན་ཡོད།། དར་དཀར་པོ་འདི་ཡི་ལོ་རྒྱུས་ཤིག་བཤད་ན། གླིང་བཟའ་གཡུ་ཆུང་སྒྲོལ་མ་དེས།། གསེར་ཐུར་མགོ་ནས་ཐུར་ལ་བསླས།། དངུལ་ཐུར་མགོ་ནས་གྱེན་ལ་བསླས།། དུང་ཐུར་མགོ་ནས་འཕྲེད་ལ་བསླས།། ངས་དར་མགོ་ཨ་སྔོན་གནམ་ལ་གཏད།། མགོ་འཕང་གནམ་ལས་མཐོ་བར་ཤོག། དར་སྐེད་རྡོ་རྗེའི་བྲག་ལས་སྲ། སྐུ་སྲོག་བྲག་ལས་སྲ་བར་ཤོག། དར་མཐའ་གཙང་ཆབ་ཆུ་ལས་རིང་།། ཚེ་ཐག་ཆུ་ལས་རིང་བར་ཤོག། ཅེས་སོ།།

ལྔ་པ་རྟ་བཏགས་ཕུར་པའི་བཤད་པ་ནི། ཡ་་་ཨ་ཞང་བསམ་དོན་འགྲུབ་རྒྱུ་པོ།། སེར་པོ་གསེར་སྒོང་བཏགས་ས་ལ།། གསེར་གྱི་ཕུར་པ་ཁྲུ་གང་ཡོད།། ཁྲུ་གང་མི་ཚད་འདོམ་གང་ཡོད།། ཕུར་མགོས་ཨ་སྔོན་ཁྱོག་ས་ཡོད།། ཕུར་རྟིང་དོག་མོ་ནོན་ས་ཡོད།། ཕུར་སྐེར་འདོ་བ་བཏགས་ས་ཡོད།། ཡང་སྔོན་པོ་གཡུ་སྒོང་བཏགས་ས་ལ།། གཡུ་ཡི་ཕུར་པ་ཁྲུ་གང་ཡོད།། ཁྲུ་གང་མི་ཚད་འདོམ་གང་ཡོད།། ཕུར་མགོས་ཨ་སྔོན་ཁྱོག་ས་ཡོད།། ཕུར་རྟིང་དོག་མོ་ནོན་ས་ཡོད།། ཕུར་སྐེར་འདོ་བ་བཏགས་ས་ཡོད།། ཡང་དཀར་པོ་དུང་སྒོང་བཏགས་ས་ལ།། དུང་གི་ཕུར་པ་ཁྲུ་གང་ཡོད།། ཁྲུ་གང་མི་ཚད་འདོམ་གང་ཡོད།། ཕུར་མགོས་ཨ་སྔོན་ཁྱོག་ས་ཡོད།། ཕུར་རྟིང་དོག་མོ་ནོན་ས་ཡོད།། ཕུར་སྐེར་འདོ་བ་བཏགས་ས་ཡོད།། ད་སྐྱེལ་མ་བསམ་དོན་འགྲུབ་རྒྱུ་པོ།། བཀྲ་ཤིས་པའི་དར་དཀར་ཁྱོད་ལ་སྦྱིན།། དོན་འགྲུབ་པའི་ཁ་མདའ་ང་ལ་གཏོད།། ཅེས་སོ།།

དྲུག་པ་བཀྲ་ཤིས་བརྗོད་པ་ནི། བཀྲ་ཤིས་དང་པོ་ཨ་སྔོན་གནམ་ལ་འཇོག། ཉི་ཟླ་སྐར་གསུམ་འཛོམ་པའི་བཀྲ་ཤིས་ཤོག། བཀྲ་ཤིས་གཉིས་པ་བར་སྣང་ཁམས་ལ་ཁྱབ།། སྦྲང་ཆར་སིལ་མ་འབབ་པའི་བཀྲ་ཤིས་ཤོག། བཀྲ་ཤིས་གསུམ་པ་དོག་མོ་ས་ལ་འཇོག། ས་གཞིར་རྩི་ཐོག་རྒྱས་པའི་བཀྲ་ཤིས་ཤོག། བཀྲ་ཤིས་བཞི་པ་གངས་ཅན་བོད་ལ་འཇོག། བོད་མི་མཐུན་འབྲེལ་ཡོང་བའི་བཀྲ་ཤིས་ཤོག། བཀྲ་ཤིས་ལྔ་པ་དྲིན་ཆེན་ཕ་མར་འཇོག། བདེ་སྐྱིད་ཆོས་གསུམ་འཛོམ་པའི་བཀྲ་ཤིས་ཤོག། ཅེས་སོ།། ཞེས་རབ་བརྟན་དགེ་ལེགས་ཕུན་ཚོགས་པས་ཆུ་འབྲུག་ཐ་སྐར་ཟླ་བའི་ཚེས་ཉེར་ལྔ་ལ་མདོ་ཁམས་ཨ་ཕྱུག་གི་ཡུལ་ནས་བསྡུས་པ་དགེའོ།།


  • ལེ་ཚན་སྔོན་མ།:གཉེན་སྟོན་དང་འབྲེལ་པའི་དར་བཤད་མེས་པོའི་ཞལ་རྒྱུན་བཞུགས།
  • ལེ་ཚན་རྗེས་མ།:ལི་ཐང་ས་ཆའི་སྲོལ་རྒྱུན་གཉེན་སྟོན་སྐོར་རགས་ཙམ་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།