༼ རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག ༽ ཅེས་པ་ལས་ཨེར་སུག་བོད་པའི་སྐོར།

གངས་དབང་གིས།        2018-06-20

༼  རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག ༽  ཅེས་པ་ལས་ཨེར་སུག་བོད་པའི་སྐོར།
ཨེར་སུག་བོད་པའི་གྲོང་སྡེ།

    ཧྲེ་མན་རྫོང་ཤེ་ལའོ་ཤང་གི་རི་སྐེད་ཙམ་གྱི་ལུང་པ་ནང་ལམ་ཁ་དབྲག་ཅིག་གི་གཡས་ཕྱོགས་ནི་ཅང་པ་གྲོང་སྡེ་དང་།གཡོན་ཕྱོགས་ནི་མོང་ཀྲོང་གྲོང་སྡེར་འགྲོ་ས་རེད། ཤེ་ལའོ་ཞེས་པ་ནི་ཨེར་སུག་བོད་པའི་སྐད་ནང་ཤུས་ལོ་པ་ཞེས་སྨྱུག་མ་སྐྱེས་པའི་ས་ཆ་ཞེས་པའི་དོན་རེད་འདུག་མོད། ལམ་ཁ་དབྲག་ལ་རྒྱ་ཡིག་གི་ཤེ་ལའོ་ཞེས་པའི་བསྟན་དོན་ལྟར་དུང་འབུའི་གཟུགས་བརྙན་ཆེན་པོ་ཞིག་བཞེངས་འདུག་པ་དེ་ནི་ཡུལ་སྐོར་གྱི་ཆེད་དུ་ཙམ་ལས་ས་མིང་དང་འབྲེལ་བ་གཏན་ནས་མེད་པ་ཞིག་རེད།

     དེ་ཡང་ཨེར་སུག་བོད་པ་ཞེས་པ་ནི་ལན་ཧྲང་ཁུལ་གྱི་ཀང་ལྷོ་རྫོང་དང་། ཡུའེ་ཤིས་རྫོང་། མུ་ལེ་རྫོང་། གཡག་རྔ་གྲོང་ཁྱེར་གྱི་ཧྲེ་མན་རྫོང་གི་ཧན་ཡོན་རྫོང་། དཀར་མཛེས་ཁུལ་གྱི་བརྒྱད་ཟིལ་རྫོང་བཅས་རྒྱལ་མོ་རྔུལ་ཆུ་དང་། ཨན་ལིང་ཆུ་བོ།ཉག་ཆུའི་བརྒྱུད་ལ་ཐར་ཐོར་དུ་གནས་ཤིང་། ཨེར་སུག་ཅེས་པ་ནི་ཁོ་རང་ཚོའི་སྐད་ནང་མདོག་དཀར་པོ་ལ་དད་བཀུར་བྱེད་པའི་མི་ཞེས་པའི་དོན་རེད་ཟེར། ང་ཚོ་ལུང་པ་དོག་པོ་ཞིག་ནང་སོང་སྟེ་མཐར་ཁ་རྒྱ་ཅུང་ཆེ་བ་ཞིག་ན་སླེབས། དེ་ནི་ཅང་པ་གྲོང་སྡེ་རེད་ལ། ཨེར་སུག་བོད་པའི་གྲོང་སྡེ་ཞེས་ཡིག་འབྲུ་ཆེན་པོ་ཞིག་ཀྱང་མཐོང་། གྲོང་པའི་ཁང་པ་ཚང་མ་ནི་གཅིག་གྱུར་བྱས་ཏེ་གཅིག་ལ་བལྟས་པ་འདྲ་མོ་རེད། གྲོང་པའི་དཀྱིལ་དུ་ཡོད་པའི་ཐང་ཆེན་ཐོག་ལ་ཨེར་སུག་བོད་པའི་དུས་ཆེན་དང་བཅས་ངོ་སྤྲོད་ཉུང་ངུ་ཙམ་བྱས་འདུག

༼  རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག ༽  ཅེས་པ་ལས་ཨེར་སུག་བོད་པའི་སྐོར།
སྟག་མོའི་ལོ་རྩིས།

     ཐང་ཆེན་གྱི་ཟུར་ཞིག་ལ་སྟག་མོའི་ལོ་རྩིས་ཞེས་ལོ་རྟགས་བཅུ་གཉིས་ཀྱི་མིང་ནི་ཨེར་སུག་སྐད་དང་རྒྱ་སྐད་གཉིས་ལྷན་སྦྱར་བྱས་ནས་བྲིས་འདུག་མོད། ལོ་རྟགས་བཅུ་གཉིས་ཀྱི་གོ་རིམ་ནི་སྟག་ནས་འགོ་ཚུགས་ཏེ་གླང་ནས་མཇུག་བསྡུས་པ་ལས་བོད་སྤྱིའི་ལུགས་ལྟར་བྱི་བ་ནས་འགོ་ཚུགས་པ་ཞིག་མ་རེད།

     ཁྱིམ་ཚང་སོ་སོའི་སྒོ་ཁར་འགྲོ་དུས་མི་ཚང་མས་ནང་ལ་ཇ་འཐུང་ཤོག་ཅེས་དགའ་བའི་འཛུམ་གྱིས་མགྲོན་བསུ་བྱས།ཚོད་ལྟའི་སྒོ་ནས་ཁྱེད་ཚོ་མི་རིགས་གང་གི་ཡིན་ཞེས་དྲིས་པར་ཚང་མས་མ་བགྲོས་གཅིག་མཐུན་གྱིས་ང་ཚོ་ཨེར་སུག་བོད་པ་ཡིན། ང་ཚོ་ལའང་རང་གི་སྐད་དང་ཆ་ལུགས་ཡོད་ཅེས་སྤོབས་པ་དང་གཟི་བརྗིད་ལྡན་པའི་སྒོ་ནས་བཤད་བྱུང་། ཁོ་ཚོའི་སྐད་ནང་རྡོ་ལ་ལོ་བུ་དང་། མེ་ལ་མེ་བུ། ཁང་པ་ལ་ཡིས་ཝ་བུ། ཕག་ལ་ཨེར་བུ། ཞེས་མིང་མཐར་ཨ་མདོའི་སྒྲ་གདངས་ལྟར་གྱི་བུ་སྒྲ་ཞིག་ཐོན། ལག་པ་ལ་ལག་ཕས་ཀརྐང་པ་ལ་གཟོབ་གཟོབ་ཀག་ལེར་གྱིས་ཞེས་པར་གཟབ་གཟོབ་མོ་ཞེས་ཐ་སྙད་འགའ་རེ་ཁམས་སྐད་དང་ཅུང་ཐག་ཉེ་པོ་འདྲ་སྣང་མོད། དེ་མིན་ནི་ང་ཚོས་ཅི་ཡང་མི་གོ། ཁོ་རང་ཚོ་ལས་ཀྱང་རྒན་པ་ཚོས་མ་གཏོགས་ན་གཞོན་ཚོས་ཉུང་ཉུང་ཙམ་ལས་བཤད་མི་ཐུབ་ལ་བྱིས་པ་རྣམས་ཀྱིས་ཧ་ལམ་གཅིག་ཀྱང་མི་གོ་བའི་ཚད་དུ་སླེབས་འདུག

༼  རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག ༽  ཅེས་པ་ལས་ཨེར་སུག་བོད་པའི་སྐོར།
ཨེར་སུག་སྐད་ལ་བྱང་ཆ་ཡོད་པའི་རྒན་མོ་ལོ་ལོན།

  ཆེད་མཁས་པ་ཚོས་དཔྱད་པ་ལྟར་ན་ཨེར་སུག་བོད་པའི་སྐད་ནི་རྒྱ་བོད་སྐད་ཁོངས་བོད་འབར་སྐད་རིགས་ཀྱི་བོད་སྐད་ཡན་ལག་ཡིན་ལ། ཀང་ལྷོ་དང་ཡུའེ་ཤིས། ཧན་ཡོན་བཅས་རྫོང་གསུམ་ལ་ཤར་ཕྱོགས་ཀྱི་ཡུལ་སྐད་ཁུལ་དང་། མན་ལིང་རྫོང་ནི་དཀྱིལ་དབུས་ཀྱི་ཡུལ་སྐད་ཁུལ། བརྒྱད་ཟིལ་རྫོང་ནི་ནུབ་ཕྱོགས་ཀྱི་ཡུལ་སྐད་ཁུལ་བཅས་གསུམ་དུ་ཕྱེ། ལ་ལས་ཁོ་ཚོའི་སྐད་ནི་མདོ་དབུས་ཁམས་གསུམ་གྱི་ཕལ་སྐད་དང་མི་འདྲ་བས་བོད་རིགས་མ་རེད་ཟེར་སྲིད་མོད། མི་རིགས་ཆེན་པོ་གང་ཡིན་ནའང་ནང་ཁུལ་ལ་བྱེ་བྲག་ཏུ་གྱུར་བའི་ཡུལ་སྐད་མང་པོ་ཡོད་པས་དེ་འདྲའི་གུ་དོག་པོ་བྱེད་དོན་མེད།

༼  རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག ༽  ཅེས་པ་ལས་ཨེར་སུག་བོད་པའི་སྐོར།
༼  རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག ༽  ཅེས་པ་ལས་ཨེར་སུག་བོད་པའི་སྐོར།

རི་མོའི་ཡི་གེ།

     ཨེར་སུག་བོད་པ་ཚོས་གྲོང་པའི་ལམ་ཁ་དང་ཞིང་ཁ་ན་རྡོ་ཐོག་ལ་དུང་དཀར་དང་རྟ། ར། སྦལ་པ་སོགས་སེམས་ཅན་དང་སེམས་མེད་ཀྱི་རི་མོ་བྲིས་ཏེ་བཀྲ་ཤིས་པ་དང་བགེགས་བར་ཆད་སེལ་བའི་རྟགས་སུ་བརྩིས་པ་དེ་ལ་རི་མོའི་ཡི་གེ་ཞེས་འབོད་ཀྱང་། དོན་དུ་བོན་པོའི་མོ་ཆས་ནང་གི་རི་མོ་རེད་འདུག  མཁས་པ་ཚོས་དེའི་རིགས་ཀྱི་རི་མོ་ཁྱོན་བསྡོམས་ཉིས་བརྒྱ་ལྷག་ཙམ་ཡོད་ཟེར། དེ་ཚོའི་ཁྱད་ཆོས་ནི་ཡི་གེའི་གཟུགས་དང་དེས་མཚོན་པའི་དངོས་པོ་གཉིས་གཅིག་ཏུ་གྱུར་པ་དང་། མདོག་དཀར་པོ་དང་། ནག་པོ། དམར་པོ། སྔོན་པོ། ལྗང་ཁུ། སེར་པོ་བསྐུས་པ་ཡིས་དོན་མི་འདྲ་བ་རེ་མཚོན་ཞིང་དུས་ཀྱི་སྔ་ཕྱི་ནི་གཡས་གཡོན་གྱི་གོང་འོག་དང་དཀྱིལ་དུ་བཞག་སྟངས་མི་འདྲ་བས་མཚོན། དེ་ཚོ་ནི་མོ་པ་རྣམས་ཀྱིས་ཤེས་པ་ལས་ང་ཚོས་ཅི་ཡང་གོ་མི་ཐུབ།

༼  རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག ༽  ཅེས་པ་ལས་ཨེར་སུག་བོད་པའི་སྐོར།
ཨེར་སུག་བོད་པའི་སྡོད་ཁང་།

     ཨེར་སུག་བོད་པའི་སྡོད་ཁང་ལ་ཆ་བཞག་ན། སྔོན་མར་རང་བྱུང་ཁོར་ཡུག་དང་བསྟུན་མཁས་ཀྱིས་ཤིང་ཁམས་དང་སྨྱུག་ཁམས་སོགས་ཅི་རིགས་ཡོད་སྲིད་ཀྱང་། དེང་སང་ཅང་པ་གྲོང་སྡེ་ནང་གི་ཁང་པ་ཚང་མ་ནི་རྡོ་ཁང་རྐྱང་རྐྱང་རེད། ཁང་པ་དེ་ཚོ་ནི་རྒྱ་ཁང་དང་མི་འདྲ་ལ་བོད་ཁུལ་གཞན་གྱི་ཁང་པ་སོགས་དང་ཡང་མི་གཅིག་པར་གྲུ་བཞི་ནར་གཟུགས་མ་རྩེག་གཉིས་ཅན་ལ་གྲུ་བཞི་ལྷམ་པ་བ་རྩེག་གཅིག་ཅན་ཞིག་སྦྲེལ་འདུག  སྔོན་མ་ཡིན་ན་བོད་ཁུལ་གཞན་དང་འདྲ་བར་ཇ་ཁང་ནང་སྒྱེད་བུ་ཐབ་ཀ་ཞིག་མེད་དུ་མི་རུང་བ་ཡིན་ཟེར་མོད། དེང་སང་རྒྱ་ལུགས་ལྟར་དུ་བྱས་ཏེ་མཐོང་རྒྱུ་མི་སྣང་།

༼  རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག ༽  ཅེས་པ་ལས་ཨེར་སུག་བོད་པའི་སྐོར།
ཨེར་སུག་བོད་པའི་ཆ་ལུགས་སྤྲས་པའི་བུད་མེད།

     ཨེར་སུག་བོད་པའི་ཆ་ལུགས་ཇི་འདྲ་ཞིག་ཡིན་པ་རྒྱུས་ལོན་བྱེད་པའི་ཆེད་དུ་བུད་མེད་གཉིས་དང་སྐྱེས་པ་ཞིག་ལ་ཁོ་ཚོའི་རྒྱན་གོས་གྱོན་རོགས་ཞེས་ཞུས་པས། ཚང་མས་ཁྱིམ་ནང་ནས་དུས་ཆེན་གྱི་སྐབས་སུ་གྱོན་པའི་རྒྱན་གོས་ཆ་ཚང་ཞིག་སྤྲས་ཏེ་ཕྱི་ལ་བུད་བྱུང་། ས་མཐོ་སའི་བོད་རིགས་ནང་བཞིན་སྣམ་བུ་དང་ཕྲུག  དར་དང་གོས་ཅན་སོགས་རིན་གོང་ཆེ་ལ་གཟི་མདངས་བཀྲ་བ་ཞིག་མ་ཡིན་མོད། ཨེར་སུག་བོད་པའི་ཆ་ལུགས་ལའང་ཁྱད་ཆོས་མི་འདྲ་བ་ཡོད་དེ། སྐྱེས་པ་དང་བུད་མེད་ཚང་མས་མགོ་རས་དཀྲིས་པ་ལས་ལོ་ཆུང་ཚོའི་མགོ་རས་ནི་དཀར་པོ་དང་རྒན་པ་ཚོའི་མགོ་རས་ནི་ནག་པོ་རེད། སྐྱེས་པའི་མགོ་རས་ལ་རིང་ཚད་སྨི་ལྔ་ཙམ་དང་བུད་མེད་ཚོའི་མགོ་རས་ལ་རིང་ཚད་སྨི་བརྒྱད་ལྷག་ཙམ་ཡོད་ཟེར། བུད་མེད་ཚོའི་རྒྱན་གོས་ལས་སྟོད་གོས་གསུམ་ཞེས་པ་ནི་ནང་ལ་ཕུ་རུང་གི་ཁ་ལ་རི་མོ་སྣ་ཚོགས་གཙགས་ཡོད་པའི་ཕུ་རིང་ཅན་ཞིག་དང་། དེའི་ཕྱི་ལ་ངོས་ཐུང་ལ་རྒྱབ་རིང་བའི་ཕུ་ཐུང་ཅན་ཞིག དེའི་ཐོག་ལ་ཕུ་མེད་གོང་མེད་ཁམས་སྐད་དུ་ཁེ་འཇའ་ཞེས་པ་ཞིག་གྱོན་སྲོལ་འདུག  སྨད་གོས་གསུམ་ཞེས་པ་ནི་དོར་མ་རིང་པོ་ཞིག་དང་། དར་སྐུད་ལས་བཏགས་པའི་སྐེ་རགས་དང་སྦྲེལ་བའི་རས་ཀྱི་པང་ཁེབས། སྐེ་རགས་ལ་བཏགས་པའི་རས་ལས་དྲུབས་པའི་ཁུག་མ་རི་མོ་ཅན་ཞིག་བཅས་སོ།། དེ་མིན་དགུན་དུས་སུ་བོད་མེད་ཚོས་ཆགས་སྡེབ་མང་པོ་ཡོད་པའི་སྨད་གཡོགས་གྱོན་སྲོལ་ཡང་ཡོད་པར་གྲགས།  སྐྱེས་པ་ཚོས་མགོ་རས་དཀྲིས་པ་དང་ཁོག་སྟོད་ལ་རྔུལ་ལེན་དཀར་པོ་ཞིག་གི་ཐོག་ཏུ་ཕུ་མེད་གོང་མེད་ཀྱི་ཁེ་འཇའ་ཞིག་གྱོན། ཁོག་སྨད་ལ་དོར་མ་རིང་པོ་ཞིག་གྱོན་པས་མ་ཚད་འགའ་ཞིག་གིས་རྐང་དཀྲིས་བཅིངས་པ་དང་། གཡོན་གྱི་རྣ་བར་རྣ་ལུང་འདོགས་སྲོལ་ཡང་འདུག

    མདོར་ན་ཨེར་སུག་བོད་པ་ཚོས་མགོ་རས་དཀྲིས་པ་དང་སྐྱེས་པ་ཚོས་ཁོག་སྟོད་ལ་ཁེ་འཇའ་གྱོན་ཞིང་རྣ་ལུང་བཏགས་པ། བུད་མེད་ཚོས་སྨད་གཡོགས་གྱོན་ལ་སྤང་ཁེངས་བཅིངས་པ་སོགས་ནི་བོད་ཀྱི་རོང་སའི་ཆ་ལུགས་དང་ཧ་ཅང་འདྲ་མོ་རེད།

༼  རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག ༽  ཅེས་པ་ལས་ཨེར་སུག་བོད་པའི་སྐོར།
༼  རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག ༽  ཅེས་པ་ལས་ཨེར་སུག་བོད་པའི་སྐོར།

ཁང་རྙིང་།

     ཅང་པ་གྲོང་སྡེའི་གྲོང་འགོའི་གཡོན་ཕྱོགས་སུ་ཁང་རྙིང་ཆེན་པོ་ཞིག་ཡོད་པ་དེ་ནི་གནའ་དུས་སུ་ས་ཆ་འདི་དབང་བསྒྱུར་མཁན་གྱི་ཁང་པ་རེད། ད་བར་ཧ་ལམ་ལོ་ངོ་སུམ་བརྒྱ་འདས་ཟིན་ཞེས་པའང་བདེན་ཁ་ཆེ་སྟེ། གནས་འདི་ནས་ཕྱོགས་བཞི་མཚམས་བརྒྱད་གསལ་པོར་མཐོང་ཐུབ་པ་དང་། རྩིག་པའི་ངོས་ལ་བོའུ་ཁུང་ངམ་མདའ་ཁུང་ཡང་མང་པོ་འདུག ཁང་རྙིང་ནང་བོའུ་སོགས་དེ་སྔོན་གྱི་མཚོན་ཆ་དང་སྤྱོད་ཆས་རྙིང་པ་ཉར་ཚགས་བྱས་ཡོད་ཟེར་ཡང་ཉིན་དེར་སྒོ་བརྒྱབ་ཡོད་པས་ནང་དུ་མ་ཐར། ཁང་པའི་གཡོན་ཕྱོགས་ན་ཡོད་པའི་ཐང་ཆེན་དེ་ནི་ཨེར་སུག་བོད་པ་ཚོས་དུས་ཆེན་གཏོང་བའི་སྐབས་སུ་གླུ་ལེན་བྲོ་འཁྲབ་བྱེད་ས་དེ་རེད་འདུག  ཐང་ཆེན་གྱི་དཀྱིལ་དུ་ཐང་ཤིང་ཞིག་ཡོད་པ་དེ་ནི་བུད་མེད་ཀྱི་ལྷ་ཤིང་རེད་ཟེར། ཐང་ཤིང་དེ་ཧ་ལས་དགོས་པའི་སྦོམ་པོ་དང་མཐོན་པོ་མ་རེད་མོད། རྒྱང་ནས་བལྟས་ན་དངོས་གནས་བུད་མེད་ཅིག་དང་ཧ་ཅང་འདྲ་སྟེ། མགོ་རྒྱབ་ཀྱི་སྐྲ་དང་བྲང་གཞུང་གི་ནུ་མ། ཁོག་སྨད་བཅས་དངོས་སུ་བརྐོས་པ་ལྟར་དུ་སྣང་། ཐང་ཆེན་གྱི་གཡས་ཕྱོགས་ཀྱི་ལུང་པ་ནང་གཞུང་རྟ་སྦོམ་ལ་ཡལ་ག་རྒྱས་པའི་ཤིང་སྡོང་ཞིག་ཡོད་པ་དེ་ནི་སྐྱེས་པའི་ལྷ་ཤིང་རེད་ཟེར་ཡང་ངས་མིའི་བཟོ་ལྟ་དང་འདྲ་བའི་རྣམ་པ་ཞིག་མ་མཐོང་།

༼  རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག ༽  ཅེས་པ་ལས་ཨེར་སུག་བོད་པའི་སྐོར།
བུད་མེད་ཚོའི་ལྷ་ཤིང་།

༼  རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག ༽  ཅེས་པ་ལས་ཨེར་སུག་བོད་པའི་སྐོར།
སྐྱེས་པ་ཚོའི་ལྷ་ཤིང་།

     ཨེར་སུག་བོད་པའི་དུས་ཆེན་ནང་ལས་ཁོ་རང་ཚོའི་སྐད་ནང་བཀྲ་བྲོ་ཞེས་པ་ནི་དེང་སང་ལུགས་རྙིང་གི་ལོ་ཐོ་ལྟར་བརྩིས་པའི་དཔྱིད་གསར་དང་གཅིག་པ་རེད་འདུག  ལོ་སར་གནམ་གང་ཉིན་གྱི་སྔ་མོ་ནས་དགོང་མོ་བར་ཁྱིམ་ནང་གཙང་ཕྱགས་དང་ཤུག་བདུག་བྱས་ཏེ། མེས་པོ་རྣམས་ཀྱིས་ལོ་གཅིག་གི་རིང་ལ་མགོན་སྐྱབས་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་། ཚེས་གཅིག་ཉིན་གྱི་སྔ་དྲོར་སྐྱེས་པ་རྣམས་ཀྱིས་མུ་མཐུད་དེ་གཙང་ཕྱགས་དང་ཤུག་བདུག་བྱས་པས་མ་ཚད་ཞིང་ཁ་དང་ཆུ་འཁོར། ཟམ་པ། སྒོ་ར་སོགས་ལ་འབྲུ་རིགས་མཆོད་དེ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་། བུད་མེད་ཚོས་ནམ་གསལ་མ་ཐག་ཆུ་འགོ་བླངས་ཏེ་ཆུ་དེས་ཟ་མ་གཡོ་སྐོལ་བྱས་ན། ཁྱིམ་མི་ཚང་མ་ལོ་གསར་པ་ནང་ཚེ་རིང་ནད་མེད་ཡོང་བའི་རྟེན་འབྲེལ་དུ་བརྩིས་པ་ནི་ཁམས་ཀྱི་བོད་མི་ཚོའི་ཡུལ་སྲོལ་དང་གཅིག་པ་རེད།

      དེ་མིན་མདའ་རྩེ་དུས་ཆེན་སོགས་དུས་ཆེན་མང་པོ་ཡོད་ལ། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་སྲིད་གཞུང་གིས་དུས་ཆེན་འགའ་ཆེད་དུ་དར་སྤེལ་བཏང་འདུག་པ་དཔེར་ན། ཨེར་སུག་བོད་པའི་སྐད་ནང་ལང་ཀང་པིས་ཞེས་པ་ནི་གཞི་བདག་ལ་བྱ་དེ་ཕོ་དམར་མཆོད་བྱེད་པའི་དུས་ཆེན་ཞིག་སྟེ་ད་ལྟར་ཧ་ཅང་སྐད་གྲགས་ཆེ། དུས་ཆེན་དེའི་དུས་ཚོད་ནི་ཟླ་བ་བརྒྱད་པ་དང་དགུ་པའི་ཡས་མས་ཙམ་རེད། ཉིན་དེར་གྲོང་མི་རྣམས་མཉམ་དུ་འཛོམས་རྗེས་སྲིད་པ་རྒན་པོས་མེ་ནང་དམར་པོར་བསྲེགས་པའི་རྡོ་དང་། མཁན་པའི་ལོ་མ་གཉིས་ལྷན་དུ་ཆུ་སྐྱོགས་གང་ནང་བཞག་སྟེ་ཁ་ནས་གསོལ་བ་འདེབས་ཀྱིན་ཆུའི་རླངས་པ་ཡིས་གྲ་སྒྲིག་བྱས་ཟིན་པའི་མཆོད་རྫས་རྣམས་གཙང་མར་བདུག་རྗེས། དུ་བ་འཕྱུར་བའི་མེའི་ཐོག་ལ་སྐོར་བ་གསུམ་བསྐོར། དེ་ནས་སོ་སོས་མཆོད་རྫས་ཁྱེར་ཏེ་གཞི་བདག་གི་ཕྱོགས་ལ་འགྲོ་འགོ་ཚུགས། དམར་མཆོད་བྱེད་སའི་རི་ལ་མ་སླེབ་གོང་། བུད་མེད་ཚོས་རི་སྐེད་ལ་སྒུག་པ་ལས་མཆོད་པ་འབུལ་སར་འགྲོ་མི་ཆོག དམར་མཆོད་བྱེད་ས་ལ་སླེབས་དུས་ཚང་མས་བསང་གཏོང་སའི་སྣོད་མདུན་དུ་བཞག་རྗེས་དེའི་ཐོག་ལ་ཤུག་པ་བསྣན་ཏེ་དུ་བ་སྔོ་ལྷོག་ལྷོག་འཕྱུར་བ་དང་སྦྲགས་དུང་བུས། དྲིལ་བུ་དཀྲོལ། དེ་ནས་ས་འོག་ས་སྟེང་ས་བླ་གསུམ་ལ་བདུད་རྩི་ཆང་གིས་མཆོད་པ་ཕུལ་ཏེ་ད་བར་དུ་ཐུགས་ཀྱིས་བཟུང་བའི་བཀའ་དྲིན་ཆེ་བ་དང་། མ་འོངས་པར་མུ་མཐུད་དེ་དཔུང་རོགས་མཛད་པའི་རེ་བ་ཞུས། ཆང་མཆོད་ཚར་རྗེས་བྱ་དཀར་པོ་བསད་དེ་བྱ་ཁྲག་རྡོ་ཐོག་ལ་བསྐུས། བྱ་སྤུ་ཁྲག་ཐོག་ལ་སྦྱར། བྱ་རྐང་དང་བྱ་སྒྲོ་སོགས་བྲ་བོའི་ཡོས་དང་བསྲེས་ཏེ་ཕྱོགས་བཞིའི་གཞི་བདག་དང་བཅས་པ་ལ་ཕུལ། དེ་ལྟར་དམར་མཆོད་བྱས་ཚར་རྗེས་བུད་མེད་ཚོ་དང་མཉམ་དུ་ཆང་འཐུང་། གླུ་ལེན། གར་འཁྲབ་སྟེ་རྟེན་འབྲེལ་བསྒྲིགས།

༼  རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག ༽  ཅེས་པ་ལས་ཨེར་སུག་བོད་པའི་སྐོར།
ཨེར་སུག་བོད་པ་ཚོས་དམར་མཆོད་བྱེད་ཚུལ།

     དུད་ཁ་སོ་སོས་དམར་མཆོད་བྱེད་སར་བྱ་དང་བྱིའུ་སོགས་མང་པོ་འཁོར་ན་རྟེན་འབྲེལ་དུ་བརྩིས་པས་ཚང་མས་ས་དེ་ནའི་ཤིང་སྡོང་ལ་གསོ་སྐྱོང་ཡག་པོ་བྱེད་དགོས་ཟེར། གང་ལྟར་དུས་ཆེན་དེ་ནི་གཞི་བདག་གིས་ཉིན་གྱི་བྱ་ར་དང་མཚན་གྱི་སྲུང་མ་མཛད་པར་བཀའ་དྲིན་ཆེ་ཞུ་བ་དང་། མེས་པོ་གོང་མ་རྣམས་ཀྱིས་དེ་འདྲའི་རི་ཆུ་ཡག་པོ་ཤུལ་དུ་བཞག་པའི་སྐུ་དྲིན་རྗེས་སུ་དྲན་པའི་ཆོ་ག་ཞིག་ཡིན་པས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་མི་སེམས་གཅིག་ཏུ་བསྒྲིལ་བ་ལ་ཕན་ཆེན་པོ་ཐོགས་ཡོད་དོ།།

     གཞན་ཡང་། འཛེམ་བྱ་ནི་མིའི་རིགས་ཀྱི་གནའ་བོའི་སྤྱི་ཚོགས་ཀྱི་སྒྲིག་གཞི་ཞིག་སྟེ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། རྙོག་འཛིང་ཅན་གྱི་སྤྱི་ཚོགས་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པས། མི་རིགས་སོ་སོ་ལ་ཐུན་མོང་མ་ཡིན་པའི་འཛེམ་བྱ་དང་བསྲུང་བྱ་ཡོད་པ་ལྟར་ཨེར་སུག་བོད་པ་ལའང་བོད་ཁུལ་གཞན་དང་འདྲ་བའི་འཛེམ་བྱ་མང་པོ་ཡོད་དེ། དཔེར་ན། ལོ་སར་ཚེས་གཅིག་ཉིན་ཁྱིམ་ནང་འདུག་པ་ལས་གཞན་སར་འགྲོ་མི་ཆོག་པ་དང་། ཟ་མའི་རིགས་དང་སྣོད་ཆས་འགོམ་ཡུག་བྱེད་མི་རུང་བ། བུད་མེད་ཚོའི་གྱོན་གོས་གང་སར་ལྡེ་མི་ཆོག་པ། མི་རྒན་འདས་སོང་ན་ཤི་མི་ཟེར་བར་རྒས་ཐལ་ཟེར་བ། ལོ་ཆུང་ཡིན་ན་མེད་ཐལ་ཟེར་བ། བྱིས་པ་ཡིན་ན་བོར་སོང་ཟེར་བ། ལུས་པོ་ཕྱིར་ལ་མངོན་པའི་གོས་སྲབ་སྲབ་མི་གྱོན་པ། ལག་གཡོན་པས་ཇ་ཆང་བླུག་མི་རུང་བ། བུད་མེད་ཚོས་ཐབ་ཀའི་འགྲམ་དུ་སྐྱིལ་ཀྲུང་བཅས་ཏེ་འདུག་མི་ཆོག་པ། མི་མང་འཛོམས་སར་གཅིན་སྐྱག་གཏོང་དང་ཕྲུ་གུ་སྐྱེས་ཞེས་ཐད་ཀར་མི་བརྗོད་པ། བྱི་ལ་དང་རྟ་དྲེལ། ཁྱི། སྤྲེའུ། སྦྲུལ་བཅས་ཀྱི་ཤ་ཟ་སྲོལ་མེད་པ། སུ་ཞིག་གིས་རི་དྭགས་ཤིག་བསད་ན་དེ་རིག་མཁན་ཚང་མར་བགོ་སྐལ་ཡོད་པ་སོགས་ནི་བོད་སྤྱིའི་ལུགས་སྲོལ་དང་གཅིག་པ་རེད་འདུག


  • ལེ་ཚན་སྔོན་མ།:ཚ་ཁོག་བོད་རིགས་ཤང་དུ་སོང་བའི་ཟིན་བྲིས་ཉུང་བསྡུས།
  • ལེ་ཚན་རྗེས་མ།:འདི་ནའང་མི་ཉག་པའི་ཚོ་པ་ཞིག་འདུག
  • དོ་སྣང་ཆེ་བའི་རྩོམ།