པད་མའི་མགུར་དང་གཞས་མ་གཡང་སྐྱིད་མ།

རྣམ་དཀར་ལྷ་མོ།        2018-01-02

པད་མའི་མགུར་དང་གཞས་མ་གཡང་སྐྱིད་མ།

སྤྱི་ལོ2013ལོའི་སྟོན་ཀར་གྲོགས་པོ་འགའ་དང་མཉམ་དུ་ཀྲུང་གོའི་ཕུགས་འདུན་གྱི་རང་སྒྲ་ཞེས་པའི་རྒྱལ་ཡོངས་གླུ་གཞས་འགྲན་བསྡུར་ཞིག་ལ་དོ་སྣང་བྱེད་འགོ་བརྩམས། སྔོན་ཆད་ཀྱང་འདིའི་རིགས་ཀྱི་འགྲན་བསྡུར་གང་མང་ཞིག་ལ་བལྟས་མོད། བག་ཆགས་ཆེན་པོ་ཞིག་ཐེབས་མ་མྱོང་། ཡིན་ན་ཡང་ཐེངས་འདིའི་འགྲན་བསྡུར་ཁྲོད་བོད་ལྗོངས་མེ་ཏོག་རྫོང་ནས་ཐོན་པའི་གཡང་སྐྱིད་མ་ཟེར་བའི་མོན་གྱི་གཞས་མ་ཞིག་གི་ཁུ་བྱུག་གདངས་ལ་འགྲན་པའི་སྐད་ངག་དང་བབ་ཆགས་ལྷོད་ལ་བཀོད་པའི་ཉམས་འགྱུར་དེ་སྟོན་རླུང་འཇམ་པོ་ཞིག་དང་འདྲ་བར་ཐེངས་འདིའི་འགྲན་བསྡུར་ལ་ཁ་དོག་གསར་པ་ཞིག་བསྩལ་བྱུང་། ཟླ་ངོ་གཉིས་ལྷག་གི་འགྲན་བསྡུར་བརྒྱུད་རྟིང་རྩོད་འགྲན་བསྡུར་ཁྲོད་གངས་ལྗོངས་མཐོ་སྒང་ནས་ཐོན་པའི་གླུ་མ་འདིས་བྱ་དགའ་ཨང་གཉིས་པ་བླངས། རེ་ཞིག་ཁོ་མོའི་ལྷ་ལ་འགྲན་པའི་གཟུགས་བྱད་དང་། བབ་ཆགས་ཀྱི་རྣམ་འགྱུར། སྙན་འཇེབས་ཀྱི་སྐད་ངག ལྷོད་ཡངས་བག་ཕེབས་ཀྱི་གཞས་གདངས་དག་ཀུན་གྱི་བརྗོད་བྱར་གྱུར།

གཡང་སྐྱིད་མ་ནི་སྤྱི་ལོ1986ལོར་བོད་ཤར་སྐྱིད་པའི་ཞིང་ཁམས་ཉིང་ཁྲི་ས་ཆར་སྐྱེས་ཤིང་ཆུང་དུས་ནས་ཨ་ཕྱི་དང་ཨ་མྱེའི་གཅེས་སྐྱོང་འོག་འཚར་ལོངས་བྱུང་། ཁོ་མོའི་དངོས་མིང་ལ་ཚེ་རིང་གཡང་སྐྱིད་ཟེར་ཞིང་ད་ལྟ་ཀུན་གྱིས་གཡང་སྐྱིད་མ་ཞེས་འབོད་བཞིན་ཡོད་ལ། ཆུང་ནས་སློབ་གྲྭའི་སྒོ་ཐེམ་རྡོག་པས་མནན་པས་ཀྲུང་གོའི་འཕྲིན་སྦྱོར་སློབ་ཆེན་གྱི་འཁྲབ་སྟོན་སྡེ་ཁག་ནས་སློབ་མཐར་ཕྱིན། སློབ་མཐར་ཕྱིན་རྗེས་ཁོ་མོའི་ཕ་མའི་རེ་བ་ལྟར་ན། མཐོ་སྒང་གི་གཞོན་སྐྱེས་དག་གིས་ནམ་རྒྱུན་གདམས་ཀ་བྱེད་སྲིད་པའི་མདུན་ལམ་སྟེ། གཞུང་ཞབས་པར་རྒྱུགས་སྤྲད་ནས་འཇིག་རྟེན་འཁོར་བར་ཞུགས་རྒྱུ་དེ་ཡིན། ཡིན་ཡང་ཁོ་མོར་མཚོན་ན་རྨི་ལམ་དང་ཕུགས་འདུན་ཡོད་ལ་འོས་འགན་ཡང་དེ་བས་ལོས་ཡོད། སྤྱི་ལོ2009ལོ་ནས་བཟུང་དངོས་སུ་གླུ་ལེན་པར་བརྩམས་ཤིང་། ལོ་ངོ་དུ་མའི་ནང་འགྲན་བསྡུར་གང་མང་བརྒྱུད་ཅིང་ལྷག་པར་ཀྲུང་གོའི་ཕུགས་འདུན་གྱི་རང་སྒྲ་ཞེས་པའི་གར་སྟེགས་ཁོ་མོར་སྐད་གྲགས་ཆོད་པ་དང་ཆབས་ཅིག་མེ་ཏོག་རྫོང་དང་མོན་གྱི་གདོད་མའི་གདངས་དབྱངས་སྙན་མོ་དེ་སླར་ཡང་ཀུན་གྱི་རྣ་བའི་བཅུད་དུ་གྱུར།

སྤྱི་ལོ2013ལོའི་འགྲན་བསྡུར་ཚར་རྗེས་ཀུན་གྱིས་ཁོ་མོའི་དེ་ལས་ལྷག་པའི་བརྩམས་ཆོས་དང་སྐད་ངག་ལ་རེ་སྒུག་བྱས་མོད། གློ་བུར་ཁོ་མོའི་གསར་རྩོམ་དང་འཕེལ་རྒྱས་སྐོར་གྱི་གཏམ་ཞིག་ཐོས་རྒྱུ་མི་འདུག ལོ་ངོ་གཅིག་དང་གཉིས། ལོ་ངོ་གསུམ་སོང་རྗེས། སྟེས་དབང་གིས་པོད་འཕྲིན་ཁྲོད་ནས《པད་མ་བཀོད་པའི་གསང་ཁམས།》ཞེས་པའི་དངོས་ཟིན་གློག་བརྙན་ཞིག་མཐོང་བྱུང་། དངོས་ཟིན་གློག་བརྙན་དེ་ནི་གཡང་སྐྱིད་མའི་ད་ལྟའི་གནས་བབ་བརྗོད་པར་བརྒྱུད་འདས་པའི་ལོ་ངོ་དག་གི་ཁྲོད་ཅི་ཞིག་བསྒྲུབས་དང་སྒྲུབ་བཞིན་པ་དང་། དེ་མིན་རིམ་བཞིན་བོད་ལྗོངས་སུ་ལོག་ནས། བོད་ཤར་མེ་ཏོག་རྫོང་དུ་རང་ཉིད་དགའ་ཞེན་ཆེ་བའི་མོན་གྱི་གླུ་གཞས་དག་ཉམས་ལེན་བྱས་ཤིང་། གླུ་གཞས་བརྒྱུད་ནས་ཁོ་མོའི་མ་འོངས་འཕེལ་རྒྱས་གཏོང་ཕྱོགས་དང་གླུ་གཞས་ལ་བཅངས་པའི་བརྩེ་བ་བཀོད་འདུག ཁོ་མོས་འདས་ཟིན་པའི་ཁྲོད་ནས་བློ་བསྐྱེད་འགའ་རེ་བརྗོད་དུས། མོ་རང་གཞས་གཏོང་རྒྱུར་ཤིན་ཏུ་དགའ་པོ་ཡོད་ལ། ཡིན་ཡང་གཞས་གཏོང་རྒྱུར་དགའ་བའི་གྲངས་ཉུང་མི་རིགས་གཞན་ལྟ་བུའི་སྤོབས་པ་ཆེ་ཞིང་ཅི་ཡང་སྒྲུབ་ཐུབ་པ་ཞིག་མིན་ལ། མོན་པའི་རྒྱུད་དུ་གྲུབ་པའི་ལྷུན་ཆགས་ཀྱི་གཤིས་རྒྱུད་དེ་རང་གཤིས་སུ་གྱུར་ཡོད་ལ། ལྷག་པར་རང་བྱུང་ཁམས་ཆེན་མོ་དང་རང་ཉིད་ཀྱི་དད་མོས། དེ་མིན་ཉེ་འཁོར་གྱི་བདེ་ལྡན་ཁོར་ཡུག་འདི་ལ་སྨོན་འདུན་དང་བསྟོད་གླུ་ལེན་རྒྱུར་ཤིན་ཏུ་དགའ་པོ་ཡོད་ཅེས་ཟེར་བཞིན་འདུག

པད་མའི་མགུར་དང་གཞས་མ་གཡང་སྐྱིད་མ།

མོན་གྱི་གཞས་ནི་དུས་རབས་ཉི་ཤུ་པའི་སྐབས་ནས་བཟུང་བོད་ལྗོངས་ལྷ་སའི་ཕྱོགས་སུ་དར་འགོ་བརྩམས་ཤིང་། དུས་རབས་དེའི་ཁྲོད་ལྷ་སའི་བྱིངས་ལ་སྟོད་གཞས་དང་ནང་མ་རྒྱུགས་ཆེ་ལ། ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་ལ། དེ་དུས་མོན་གྱི་དམངས་གཞས་འགའ་ཤས་ཀྱང་ལྷ་སའི་ནང་མ་ཁང་ནས་རིམ་བཞིན་བོད་ཀྱི་ས་ཆ་ཀུན་ལ་ཁྱབ། ཁོ་མོའི་དྲན་པའི་ནང་། རང་གི་མི་རིགས་དེ་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་སྲོག་ལྡན་སྐྱེ་དངོས་ལ་མི་རབས་ནས་མི་རབས་བར་ལུས་ངག་ཡིད་གསུམ་གྱིས་དད་པའི་སྒོས་ངག་ཏུ་གྱེར་བཞིན་ཡོད། ཡིན་ཡང་དུས་སྐབས་འདིར་སླེབས་པ་ན་རྒྱུད་འཛིན་པ་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྐབས། ཨ་ཕྱིའི་ཤུགས་རྐྱེན་འོག་ཁོ་མོ་མི་རབས་བདུན་པའི་རྒྱུན་འཛིན་པར་གྱུར། དེ་ཡང་ད་ལྟའི་གྲུབ་འབྲས་ལ་གཞལ་ན་ཁོ་མོའི་འབད་བརྩོན་དང་དགའ་མོས་གླེང་མ་དགོས་པར་གཞན་དུ་རང་ངོས་ཀྱི་འགན་ཁུར་ཞིག་དང་ཡུལ་དེའི་རང་བྱུང་ཁོར་ཡུག་གིས་ཀྱང་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད་པ་གདོན་མི་ཟ། མོན་གྱི་གླུ་གཞས་དང་། ཨ་ཅེ་ལྷ་མོའི་རྣམ་ཐར་གྱི་སྒྲ་དབྱངས། དེ་མིན་ནང་ཆོས་ཀྱི་དབྱངས་རྟ་བཅས་གཞི་གཅིག་ཏུ་བསྡོམས་ནས་ངོ་མཚར་ཁྱད་འཕགས་ཀྱི་གླུ་གཞས་གང་མང་ཞིག་ཉན་མཁན་དག་གི་རྣ་ལམ་དུ་བཀོད་ཡོད་ལ། ཉེ་བའི་རིང་ཁོ་མོས་རིམ་བཞིན་བྱིན་ཆགས་དང་སྙན་འཇེབས་ཀྱིས་ཁེངས་པའི་གླུ་སྐད་དེ་ཁྱེར་ནས་ཧྲང་ཧེ་དང་ཁྲུང་ཆིང་། ཁྲེང་ཏུའུ་སོགས་ནང་ལོགས་ཀྱི་གྲོང་ཁྱེར་ཆེ་ཁག་དུ་མ་ནས་རང་ཉིད་ཀྱི་གླུ་གཞས་ཆེད་ཚོགས་འཚོགས་ཤིང་། སླར་ཡང་ཀུན་གྱི་མིག་མདུན་དུ་མི་ལོ་གསུམ་གྱི་ཡར་སྔོན་དུ་གར་སྟེགས་སྟེང་གི་གཞས་ཀྱི་བུ་མོ་འདི་ཉིད་མངོན་བྱུང་། ད་ལྟའི་ཁོ་མོ་ལ་མཚོན་ན་སྔོན་ལས་ལྷག་པའི་བབ་ཆགས་དང་བརྗིད་ཉམས་ལྡན་ལ། ཁོ་མོའི་སྐད་ངག་གིས་ཉན་མཁན་ཁྲི་སྟོང་མང་པོར་བོད་ཤར་མོན་གྱི་ཡུལ་ལ་བློ་སེམས་འཁོར་ཏུ་འཇུག་པར་མ་ཟད་ཟང་ཟིང་གི་སྤྱི་ཚོགས་འདི་ནས་ལྷིང་འཇགས་ཀྱི་ངལ་གསོའི་བབ་སྟེགས་གསར་པ་རེའང་བསྩལ་བྱུང་།

པད་མའི་མགུར་དང་གཞས་མ་གཡང་སྐྱིད་མ།

ད་ལྟའི་བར་ཁོ་མོའི་ཚབ་མཚོན་གྱི་གླུ་གཞས་ལ《སྐྱོ་གཞས།》དང《འདི་ཡུན་དུ་བརྟན་པའི་སྨོན་ལམ་ཤོག》《པདྨའི་བཞིན་རས།》《གཉིད་ལས་སད་པར་གྱུར་ཅིག》《རི་བོ་ནག་པོ》སོགས་ཁྱེར་ནས་ཀྲུང་གོའི་ཕུགས་འདུན་གྱི་རང་སྒྲ་དང་། སྤྱི་ལོ2015ལོའི་ཀྲུང་གོའི་སྐར་ཆེན་སོགས་སུ་ཞུགས་མྱོང་ལ། ད་དུང《སྤུན་གྲོགས》ཞེས་པའི་གློག་བརྙན་དང《གྲོང་ཁྱེར་གྱི་འཆར་སྣང་ལས་ཨ་བྷོ།》དང《མི་རེར་ཕྱེད་རེ》སོགས་གློག་བརྙན་ཆུང་གྲས་མང་པོ་ཕབ་སྐྲུན་བྱས་མྱོང་།

སྔོན་ཆད་མཚན་སྙན་གྱི་བ་དན་དགུང་ལ་འཕྱོ་དུས་ཁོ་མོ་ལྷོད་ཡངས་སུ་དབེན་པའི་དབྱིངས་ལ་འཐིམ་ནས་རྩེ་གཅིག་གིས་རང་སར་བསྡད། ཕལ་ཆེར་མི་རྣམས་ཀྱིས་ཁོ་མོའི་གླུ་གཞས་མ་གཏོགས་ཡིད་ལ་བག་ཆགས་ཡལ་བཞིན་པའི་སྒང་དུ་ཁོ་མོ་སླར་ཡང་ལྷོད་ཡངས་སྒོས་ཕྱིར་སླེབས་ཤིང་། ལྷིང་འཇགས་ཀྱི་ཉམས་མི་འདྲ་བ་ཞིག་གི་སྒོ་ནས་རང་གི་ཆེད་བསྒྲིགས་ཐོག་མ་བསྲེགས་བཅད་བརྡར་གསུམ་བྱས་ཤིང་མི་འགྱངས་པར་སྒོར་འབུད་རྒྱུ་རེད། དེ་ཡང་ཁོ་མོས་བཤད་པ་བཞིན་དུ། ཆུང་དུས་ནས་ཨ་ཕྱི་དང་ཨ་མྱེ་ཡི་རིང་ལ་ཆད་མ་མྱོང་པའི་མེས་པོའི་དབྱངས་རྟ་དེ་རང་བྱུང་ཁམས་དང་ཚེ་སྲོག་བར་གྱི་འཆམ་མཐུན་དང་ཞི་བས་སྦྲེལ་བའི་གཏམ་རྒྱུད་དེ་དག་ང་རང་གི་ཤ་གསེང་རུས་པའི་གཏིང་ལ་ཟུག་འདུག ང་རང་གིས་གྱེར་བའི་གཞས་གདངས་རེ་རེ་ནི་རང་ས་རང་ཡུལ་ལ་བཅོལ་བའི་བརྩེ་སེམས་དྲོན་མོ་ཞིག་ཀྱང་ཡིན་ཞེས་ཡང་ཡང་བརྗོད་བཞིན་འདུག །


  • ལེ་ཚན་སྔོན་མ།:བོད་ཀྱི་རི་མོ་བ་ན་འབན་སྟག་ལྷ་ཚེ་བརྟན་གྱི་རི་མོ་བདམས་བཀོད།
  • ལེ་ཚན་རྗེས་མ།:འཁྲབ་སྟོན་པ་གྲགས་ཅན་སྟོབས་རྒྱལ།
  • དོ་སྣང་ཆེ་བའི་རྩོམ།