སྨར་ཁམས་ཀྱི་པི་ཝང་ཞབས་བྲོ།

དཔལ་ཐར་རྒྱལ་གྱིས་བསྡུས།        2017-09-20

སྨར་ཁམས་ཀྱི་པི་ཝང་ཞབས་བྲོ།

སྨར་ཁམས་ཀྱི་འབའ་གཞས་ནི་སྨར་ཁམས་ཀྱི་ས་གནས་དེ་གའི་དམངས་ཁྲོད་ཀྱི་ཞབས་བྲོ་ཞིག་ཡིན་པ་དང་ཕོ་མོ་རྒན་གཞོན་ཚོས་པི་ཝང་གི་སྒྲ་གྲགས་པ་དང་ཆབས་ཅིག་མཉམ་དུ་གླུ་ལེན་གར་འཁྲབ་བྱེད་ཀྱི་ཡོད།

སྨར་ཁམས་རྫོང་གི་འབའ་གཞས་ཀྱི་ལོ་རྒྱུས་ཧ་ཅང་རིང་པོ་ཡོད།ལོ་རྒྱུས་དེབ་ཐེར་ལ་གཞིགས་ན། ཐང་རྒྱལ་རབས་ཀྱི་དུས་ནས་སྨར་ཁམས་ཀྱི་འབའ་གཞས་དར་ཡོད་པ་རེད།

འབའ་གཞས་ནི་སྨར་ཁམས་ཀྱི་ས་གནས་དེ་གའི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཞབས་བྲོ་ཞིག་ཡིན་ཞིང་། ལོ་གསར་དང་དུས་ཆེན་འཆར་སྐབས་རིམ་བཞིན་མི་རྣམས་མཉམ་དུ་འཛོམས་ཏེ་པི་ཝང་གཏོང་མཁན་སྐྱེས་པའི་རྗེས་སུ་འབྲངས་ནས་ཞབས་བྲོ་འཁྲབ་ཀྱི་ཡོད། སྨར་ཁམས་འབའ་གཞས་ཀྱི་གར་སྟབས་ལེགས་པ་དང་སྲོག་ཆགས་ཀྱི་འགུལ་སྐྱོད་ལྟར་རྨ་བྱ་ཆུ་འཐུང་དང་རི་བོང་འཕར་མཆོང་ཟེར་བ་སོགས་སྣ་ཚོགས་ཡོད། ད་ལྟ་སྨར་ཁམས་ཀྱི་འབའ་གཞས་ནང་ས་གནས་སོ་སོའི་ཁྱད་ཆོས་ལྡན་པའི་འཁྲབ་སྟངས་ཆགས་ཡོད་པ་དཔེར་ན། ཚྭ་ཁ་ལྷོའི་འབའ་གཞས་དང་།ཟུར་སྡེ་ཤོད་ཀྱི་འབའ་གཞས།མཆོད་རྟེན་འབའ་གཞས་སོགས་སྣ་ཚོགས་ཡོད།

སྙན་ཞིང་འཇེབས་པའི་པི་ཝང་གི་སྒྲ་གྲགས་པ་དང་ཆབས་ཅིག་འབའ་གཞས་འཁྲབ་པ་དེ་ཐོག་ནས་ཕུན་སུམ་ཚོགས་པའི་རིག་གནས་དང་མཛེས་དཔྱོད་ཀྱི་ནང་དོན་མངོན་ཐུབ།

ཐང་རྒྱལ་རབས་དུས་སུ་ཇ་རྟ་གནའ་ལམ་བཏོད་ནས་སྨར་ཁམས་འབའ་གཞས་ལ་གསར་གཏོད་དང་གོང་འཕེལ་གསར་པ་བྱུང་ཡོད། མི་རིགས་གཞན་དག་དང་མཐའ་འཁོར་ས་ཁུལ་དང་སྤེལ་རེས་བྱེད་རིང་བློ་གྲོས་ལྡན་པའི་སྨར་ཁམས་མང་ཚོགས་ཀྱིས་ས་ཁུལ་དང་མི་རིགས་གཞན་དག་གི་རིག་གནས་རྒྱུན་ཆད་མེད་པར་བསྡུ་ལེན་བྱས་ཏེ་སྨར་ཁམས་འབའ་གཞས་གོང་དུ་སྤེལ་བ་དང་གསར་གཏོད་བྱས་པས་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྒྱུ་རྩལ་ཞིག་ཆགས་ཡོད། འབའ་གཞས་ནི་མང་ཚོགས་རང་བཞིན་གྱི་གླུ་ལེན་གར་འཁྲབ་བྱ་ཚུལ་ཞིག་ཡིན་པས་བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཁྲོད་གལ་ཆེའི་གནས་བབ་བཟུང་ནས་ཇ་རྟ་གནའ་ལམ་ཐོག་གི་གནའ་ཉམས་དོད་པའི་གླུ་གར་ཞེས་བརྗོད་ཀྱི་ཡོད།


  • ལེ་ཚན་སྔོན་མ།:ཁམས་མི་ཉག་མགར་ཐར་ཡུལ་གྱི་གླུ་གར་སྒྱུ་རྩལ་གྱི་སྐོར་ཅུང་ཙམ་བཤད་པ།
  • ལེ་ཚན་རྗེས་མ།:ཆབ་མདོའི་སྐོར་བྲོ།