ཁམས་མི་ཉག་མགར་ཐར་ཡུལ་གྱི་གླུ་གར་སྒྱུ་རྩལ་གྱི་སྐོར་ཅུང་ཙམ་བཤད་པ།

ལ་ཁ་ཐུབ་བསྟན།        2016-07-06

ཁམས་མི་ཉག་མགར་ཐར་ཡུལ་གྱི་གླུ་གར་སྒྱུ་རྩལ་གྱི་སྐོར་ཅུང་ཙམ་བཤད་པ།

སྤྱིར་བོད་ཡུལ་ནི་གླུ་གར་གྱི་ཕ་ས་ཡིན་ཞེས་ཀུན་གྱིས་བསྟོད་པ་དང་། བྱེ་བྲག་མགར་ཐར་ཡུལ་ལུང་གི་རྩེད་རིགས་ནི་དམངས་ཁྲོད་སྒྱུ་རྩལ་ལས་བྱུང་བ་ཡིན་པ་ལས།  དེའི་ནང་ཚན་བྲོ་དང་གླུ་དབྱངས་དེའང་གནའ་སྔ་མོའི་དུས་སུ་མིའི་རྣམ་དཔྱོད་ཡར་རྒྱས་སུ་སོང་སྟེ་ཤེས་རིག་དར་བ་ནས་བཟུང་མེས་པོ་གོང་མ་ཚོས་མཛད་པ་དེ་རིམ་གྱིས་བརྒྱུད་ནས་ཡོང་ཞིང་།  ཚིག་གི་ནང་དོན་ཕུན་སུམ་ཚོགས་པ་སྟེ་ལྷ་དཀོན་མཆོག་གསུམ་ལ་དད་ཅིང་མོས་གུས་བསྐྱེད་པ།འཇིག་རྟེན་མི་ཆོས་ལ་དུངས་བའི་ཡ་རབས་ཀུན་སྤྱོད་གཙང་ཞིང་གཤིས་རྒྱུད་འཇམ་པ་དང་གཞུང་དྲང་བ།རྒན་ལ་བཀུར་ཞིང་ཆུང་ལ་བྱམས་པའི་བསླབ་བྱ་གསེར་ནག་གི་ཐིགས་པ་ལྟ་བུ་དེས་བག་ཆགས་ཟབ་མོ་ཞིག་མང་ཚོགས་ཀྱི་རྒྱུད་ལ་ལྷུན་གྱིས་ཆགས་ཡོད།   གླུ་གཞས་ནི་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་ཏེ་རྟེན་འབྲེལ་གྱི་སྒོ་མོ་ཕྱེ་བའི་གཙིགས་ཆེན་གྱི་རེ་སྨོན་ཞིག་ཡིན་པས། དཔེར་ན།  ལོ་སར་དགའ་སྟོན་དང་དགོན་སྟོན།  སྐྱེས་ཆེན་དམ་པ་ཕེབས་བསུ་དང་། གཉེན་སྒྲིག་དང་ཁྲི་གསོལ།  སྦྲ་སྟོན་དང་ཁང་སྟོན་སོགས་ཀྱི་སྐབས་སུ་ལྷག་ཏུ་བཀྲ་ཤིས་པའི་ལས་དང་བྱ་བ་ལམ་འགྲོ་ཡོང་བ་དང་། རྐྱེན་དང་བར་ཆད་སེལ་བའི་སེམས་ཁོངས་ཀྱི་རེ་སྨོན་འགངས་ཆེན་ཞིག་གོ།   ཞབས་བྲོ་ལ་མཚོན་ན་དགོན་སྡེ་ཡིས་འཁྲབ་པའི་འཆམ་དང་།   མང་ཚོགས་ཀྱིས་འཁྲབ་པའི་བྲོ་དང་རིགས་གཉིས་ཡོད། དགོན་པས་རྣམ་ཐར་ཆ་བརྒྱད་དང་བཀྲ་ཤིས་ཞོལ་པ།  རྔོན་པ། རྒྱ་ལུ།  འབྲས་དཀར། ཨ་ཅེ་ལྷ་མོ། འབྲོང་དང་སེང་གེ།  གླང་ཆེན་དང་སྟག་སོགས་འཁྲབ་སྲོལ་ཡོད།   མང་ཚོགས་ཀྱི་བྲོ་ལ་བྲོ་ཤགས་ཟེར་བ་དང་འཛོམས་བྲོ་དང་འགྲོ་བྲོ་བཅས་རིགས་དུ་མ་འཁྲབ་རྒྱུའི་སྲོལ་དར།  ལྷག་ཏུ་རང་རེའི་ཡུལ་ལུང་དུ༧གོང་ས་རྒྱལ་བའི་དབང་པོ་སྐལ་བཟང་རྒྱ་མཚོ་མཆོག་གནས་འདིར་ཞབས་སོར་བཅགས་པ་ནས་བཟུང་།  ངོ་མཚར་གྱི་ལྟས་དུ་མ་དང་བཅས་རྟགས་དང་རྟེན་འབྲེལ་གྱི་མཛད་སྒོ་རྒྱ་ཇེ་ཆེ་རུ་སྤེལ་བ་སོགས་གནའ་མི་རྒན་པོའི་ངག་ལ་ཆུ་བོ་བཞུར་བའི་རྒྱུན་བཞིན་མཆིས།  ཕྱིས་སུ་སྐྱེས་ཆེན་དམ་པ་རིམ་བྱོན་གྱིས་བྲོ་དང་གླུ་ཡི་ཚིག་མང་དུ་མཛད་ནས་མང་ཚོགས་ཀྱི་བློ་ཁ་ཡངས་པོ་རུ་ཕྱེ་ཞིང་།  ལས་རྒྱུ་འབྲས་ལ་བརྩི་སྲུང་བྱས་ཤིང་ངོ་ཚ་ཁྲེལ་ཡོད་དང་ཁ་མིག་ཡར་ལྟ་ཤེས་པའི་ཡ་རབས་ཀྱི་འབངས་སྡེ་ཞིག་ཏུ་ཆགས།  སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་བ་དང་སྒོས་སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་སྨོན་ལམ་བཟང་པོའི་སྐད་སྙན་དབྱངས་སུ་འཐེན་ཏེ་མཛའ་མཐུན་གྱི་ལག་རྡང་སྦྲེལ་ཞིང་། དེང་དུས་མི་ཉག་སྒུར་བྲོ་ཞེས་གྲགས་པ་དེ་རྨང་གཞིར་བྱས་ནས་གཡས་སྐྱེས་པའི་གྲལ་དང་གཡོན་བུད་མེད་ཀྱི་གྲལ་བསྒྲིགས་ནས་འཁྲབ་པའི་གནའ་སྲོལ་བཟང་པོ་དེ་ལ་ལྷད་མ་ཤོར་བར་རྒྱུན་ཆགས་སུ་གནས།  བྲོ་ར་ཁྲ་མོའི་དབུས་སུ་བྲོ་རྟེན་ཞིག་ངེས་པར་དགོས་ཏེ།  དེ་ནི་ཅོག་ཙེ་གྲུ་བཞི་ཡི་སྟེང་དུ་ཀ་ར་བུ་རམ་གྱི་སྡེར་ཁ་དང་ཨ་འབྲུ་ནས་ཀྱིས་བཙོས་པའི་སྐྱེམས་ཆང་བདུད་རྩི་དང་དཀར་གསུམ་མངར་གསུམ་གྱི་ཟས་རིགས་དང་ཇ་འཁོར་སོགས་ཀྱི་སྐེ་ལ་དར་དཀར་ཉིན་མོ་བདེ་ལེགས་བསྒྲོན་ཏེ་བཤམས་དགོས།  བྲོ་ར་མཐའ་ནས་རྒྱས་ཏེ་གོམ་པ་ལེན་གཅིག་ལེན་གཉིས། གོམ་པ་ལེན་གསུམ་སྤོས་ཡོད་ཟེར་ཞིང་།  གཅིག་བྲོ་དང་གཉིས་བྲོ། ཕྱི་བྲོ་དང་རྡོག་ཐིག་སོགས་རྐང་བའི་སྟངས་སྟབས་དང་ལུས་ཀྱི་སྒེག་ཉམས་དུ་མའི་སྒོ་ནས་བྲོ་ཚིག་གྱེར། དཔེར་མཚོན་ཙམ་གྱི་བྲོ་ཚིག་འགའ་སྨྲས་ན། རྩེ་ཞྭ་སྟོད་གྲགས།  སྟོད་ལ་གྲགས། ལྷ་སའི་པོ་ཏ་རྩེ་ལ་གྲགས།  རྩེ་ཞྭ་ཅན་གྱིས་ནམ་མཁའ་གང་།  བཀྲ་ཤིས་ལྷ་ཡི་ཉི་མ་ཤར། ཞྭ་སེར་བར་གྲགས། བར་ལ་གྲགས། གནས་ཆེན་མི་ཉག་ཡུལ་ལ་གྲགས། ཞྭ་སེར་ཅན་གྱིས་ནམ་མཁའ་གང་། བཀྲ་ཤིས་ལྷ་ཡི་ཉི་མ་ཤར།  ཐང་ཞྭ་སྨད་གྲགས།  སྨད་ལ་གྲགས། རྒྱ་ནག་རི་བོ་རྩེ་ལྔར་གྲགས། ཐང་ཞྭ་ཅན་གྱིས་ནམ་མཁའ་གང་། བཀྲ་ཤིས་ལྷ་ཡི་ཉི་མ་ཤར། ཞེས་དང་། སྔ་མོ་ཉི་མ་རི་ལ་ཤར། རི་སེར་ཡག་ཆོས་གོས་བཤམས་འདྲ་རེད། ཉིན་གཞུང་ཉི་མ་བྲག་ལ་ཤར། བྲག་དཀར་ཡག་པོ་ཏི་བརྩིགས་འདྲ་རེད། ཕྱི་དྲོ་ཉི་མ་ཆུ་ལ་ཤར། ཆུ་གཙང་ཆུ་མཆོད་པ་འབུལ་འབུལ་རེད། ཅེས་དང་། ཤར་བཞག་བྲག་མགོ་ལ་བསང་ཞིག་བཏང་། ། འབོ་གངས་དཀར་མགོ་ལ་དུང་ཞིག་འབུད། །ལོ་ན་ནིང་དུང་བསང་ཁ་ཁ་རེད།། ལོ་ད་ལོ་དུང་བསང་དུས་འཛོམས་རེད། །ཤར་བཞག་བྲག་སྐེད་ལ་སྨུག་པས་བསྐོར། །འབོ་གངས་དཀར་སྐེད་ལ་རླུང་ཞིག་གཡུག །ལོ་ན་ནིང་སྨུག་རླུང་ཁ་ཁ་རེད། །ལོ་ད་ལོ་སྨུག་རླུང་དུས་འཛོམས་རེད། །ཤར་བཞག་བྲག་འདབས་ན་མཚོ་ཡིས་བསྐོར། །འབོ་གངས་དཀར་འདབས་ནས་ཉ་ཞིག་འོང་། །ལོ་ན་ནིང་ཉ་མཚོ་ཁ་ཁ་རེད། །ལོ་ད་ལོ་ཉ་མཚོ་དུས་འཛོམས་རེད། །ངས་ཨེ་སྐྱིད་བསམ་ནས་སྐྱིད་གླུ་ལེན། །ངས་ཨེ་འཛོམས་བསམ་ནས་འཛོམས་གླུ་ལེན། །སེམས་སྐྱིད་པ་དགེ་བའི་འབྲས་བུ་རེད། །ཁྱིམ་འཛོམས་པ་བདེ་བའི་གཞི་མ་རེད། །ཅེས་སོགས་བཀྲ་ཤིས་ཁྲིད་པའི་བྲོ་དང་སྨོན་ལམ་བཏབ་པའི་བྲོ།  ད་དུང་ཆོས་བྲོ་ཟེར་བ་ཞིག་ཡོད་ལ་དེ་ནི་མི་ཉག་སྒུར་བྲོ་དང་མི་འདྲ་བར་ཡན་ལག་གི་ལྡེམ་འཁྱུག་མྱུར་ཞིང་། བྲོ་ཚིག་གི་ནང་དོན་ཡང་ཆོས་དང་འབྲེལ་ཞིང་སྐྱབས་གསུམ་ལ་མཆོད་པ་དང་འདི་ཕྱི་ལེགས་ཚོགས་འགྲིག་པའི་རྟེན་འབྲེལ་ཁྱད་པར་ཅན་ཡོད་དེ།  བླ་མ་མཇལ་ན་མཇལ་ཆོག །མཇལ་དར་དཀར་པོ་འབུལ་ཆོག ། ཟེར་བ་ལྟ་བུ་དང་། བསྐལ་བཟང་བསྟན་པའི་ཆོས་བྲོ། །བྲོ་ར་འདབ་བརྒྱད་དབུས་ན།།རང་སེམས་དག་པས་འཁྲབ་ན། །བསོད་ནམས་ལུས་ལ་འཁོར་ཡོང་། །ཟེར་བ་སོགས་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བཟང་པོ་བསྒྲིགས། ཕྱིས་སུ་ཡུལ་ཕྱོགས་གཞན་ནས་དར་བའི་འབའ་བྲོ (འབའ་ཐང་ནས་ནང་འདྲེན་བྱས་པ) དཀར་མཛེས་བེ་རི་དགོན་པའི་བསྟན་བདག་དགེ་རྟག་སྤྲུལ་སྐུས་བརྩམས་པའི་དགེ་རྟག་ཆོས་བྲོ་ཟེར་བ་རྩ་བ་དཀར་མཛེས་ནས་ཚུགས་ཀྱང་རྩེ་མོ་མགར་ཐར་དུ་རྒྱས་པས་ལོ་མང་པོ་རིང་མི་ཉམས་རྒྱུན་སྐྱོང་བྱས་ཤིང་།  དཀར་མཛེས་ཕྱོགས་སུ་དགེ་རྟག་གཞས་ཚིག་ཀྱང་ཆ་མ་ཚང་བ་ལ་འདི་ནས་ཁ་སྐོང་བྱས་པ་ལྟ་བུ་ཡོད་དོ། །

ཁམས་མི་ཉག་མགར་ཐར་ཡུལ་གྱི་གླུ་གར་སྒྱུ་རྩལ་གྱི་སྐོར་ཅུང་ཙམ་བཤད་པ།

གསར་དར་གྱི་བྲོ་ནི་བགྲངས་ཀྱིས་མི་ལང་ལ་ལོ་རྒྱུས་ཀྱི་རྒྱུན་ཐུང་བས་འདིར་ངོ་སྤྲོད་མི་བྱའོ།། གླུ་ལའང་གླིང་བུ་དང་། ཁ་སྦྲེང་། སྒྲ་སྙན། རོལ་མོ་སྣ་ཚོགས་ཀྱིས་རམ་འདེགས་དང་རང་སྐྱ་བའི་སྒོ་ནས་ལ་གླུ་དང་།  བརྩེ་དུང་གི་གླུ།  གླུ་ཤགས་དང་གཞས་མོ་འདེབས་པའི་གླུ།  བཞོ་མས་བཞོ་གླུ་དང་།  རྫི་གླུ་དང་།  སྟོན་བཅད་པའི་གླུ།  ནས་རྡུང་ཞོར་གྱི་གླུ།  གྱང་རྡུང་བའི་གླུ་དང་།  ལྷག་ཏུ་མ་ཎི་མགུར་དབྱངས་དང་བཛྲ་གུ་རུའི་རྒྱང་འབོད་བཅས་དབྱངས་སུ་གྱེར་ནས་ལེན་སྲོལ་བཟང་པོ་དེས་དཀའ་ཁག་ལ་འཕྲད་སྐབས་སེམས་ཤུགས་མི་ཉམས་པའི་སླད་དུ་མུན་པ་ལ་ཉི་ཟེར་ཕོག་པ་ལྟར་ནུས་པ་ཆེན་པོ་མཁོ་འདོན་སྤྲོད་པ་ནི་སྨོས་མ་དགོས་པ་རེད། དེ་རྣམས་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་དུ་བྱས་ཏེ་མགར་ཐར་ལྷ་སྡེས་རྒྱུན་བསྐྱངས་སོ། །
 

  • ལེ་ཚན་སྔོན་མ།:རྣམ་པ་སྣ་མང་ལྡན་པའི་འབའ་གཞས།
  • ལེ་ཚན་རྗེས་མ།:སྨར་ཁམས་ཀྱི་པི་ཝང་ཞབས་བྲོ།