ཇོ་བོ་སྒྱོག་ཆེན་གདོང་རའམ་སྒ་སྟོད་ཇོ་བའི་གཟི་བྱིན།

དཀོན་མཆོག་སྦྱིན་པས་བསྒྲིགས།        2016-03-23

སྒ་ཇོ་བོ་འདི་ནི་ཁྲི་འདུ་དང་ཆུ་དམར་ལེབ་ཙམ་དུ་མ་ཟད་བོད་གངས་ཅན་གྱི་ལྗོངས་ཀྱི་ཡུལ་ལྷ་རྣམས་ལས་ཆེ་ཤོས་སམ་གཙོ་བོའི་གྲས་སུ་བཞུགས་པ་ཡིན་ཏེ། དེའང་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། རྗེའི་མགུར་ལྷ་བཅུ་གསུམ་གྱི་ནང་ཚན་དང་། སྲིད་པ་ཆགས་པའི་ལྷ་དགུའི་ཡ་གྱལ་དུ་གྲགས་ལ། མགུར་ལྷ་ཞེས་པའི་དོན་ནི། བོད་ཆེན་པོའི་ལྗོངས་འདིར་གནམ་ལྷ་བབས་ཀྱི་བཙན་པོ། ས་ལྷུན་གྲུབ་ཀྱི་མངའ་བདག ཆོས་རྒྱལ་སྐུ་བསོད་ཅན་རྣམས་ཀྱིས་ཁྲོམ་སྡེ་ཟིལ་གྱིས་གནོན་པ་དང་དམ་པའི་མཆོད་གནས་རྣམས་དགྱེས་པ་བསྐྱེད་པར་བྱ་བའི་ཕྱིར་དུ་མགུར་གླུ་བཞེས་པའི་སྐབས་སུ། ཡུལ་ལྷ་བྱང་ཆུབ་སེམས་དཔའ་བཅུ་གསུམ་པོ་འདི་རྣམས་ཀྱི་མཚན་རེ་རེ་བཞིན་དུ་སྨོས་ནས། མཆོད་པ་དང་བསྟོད་པ་དང་བསྔགས་པ་གསུམ་མཛད་པ་དང་། ཁོང་རྣམ་པའི་ཐུགས་རྗེ་དང་ཕྲིན་ལས་ལ་བརྟེན་ནས་བོད་དང་བོད་ཆེན་པོའི་ཡུལ་གྱི་གཙོ་བོ་དབུས་དང་གཞན་མཐའ་འཁོར་ཐམས་ཅད་ལ། ཆར་ཆུ་དུས་སུ་འབབ་པ་དང་། ལོ་ཕྱུག་རྟག་ཏུ་ལེགས་པ། ནད་དང་འཁྲུག་པ་མུ་གེ་ཞི་བ་སོགས་དགེ་ལེགས་ཀྱི་མཚན་མས་ཀུན་ནས་རྒྱན་པ་ཞིག་ད་ལྟའི་བར་དུ་བྱུང་ལ། དེའི་མཐུས་འཛམ་གླིང་ཐ་གྲུ་ཡོངས་ལ། བོད་དང་བོད་ཆེན་པོ་ཞེས་དཔའ་སྲིད་དཔུང་གི་སྙན་པས་ཡངས་པའི་ཁོར་ཡུག་མ་ལུས་པར་འགེངས་པ་དེ་བྱུང་འདུག་ལགས། ཡུལ་ལྷ་ཆེན་པོ་སྒ་སྟོད་ཇོ་བོ་སྲེད་སྤོང་རྡོ་རྗེར་གྲགས་པ་འདི་ནི། མདོ་བོད་སྐྱོང་བའི་གཉེན་ཆེན་སྡེ་བཞིར་གྲགས་པའི་ནང་ཚན་ཡང་ཡིན་ཏེ། དེ་བཞི་ནི་སྒ་ཇོ་བོ་སྒྱོགས་ཆེན་གདོང་ར་དང་། ཤར་གྱི་རྨ་རྒྱལ་སྤོམ་ར། བྱང་གི་གཉན་ཆེན་ཐང་ལྷ། སྟོད་ཀྱི་ཡར་ལྷ་ཤམ་པོ་བཞི་ཡིན། དེ་བཞི་ལས་ཡུལ་ལྷ་ཆེན་པོ་སྒ་སྟོད་ཇོ་བོ་ཞེས་པའི་གནས་རི་གཡེར་གྲགས་ཅན་འདི་ཉིད་ནི། བླ་མ་ཕལ་གྱིས་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་གསུངས་ལ། དམིགས་བསལ་དུ་དཔལ་ལྡན་བི་ཝ་པ་ཆེན་པོའི་རྣམ་འཕྲུལ། རྒྱལ་བའི་ལུང་གིས་ཟིན་པའི་ངོར་ཆེན་རྡོ་རྗེ་འཆང་ཆེན་པོ་ནས་བརྒྱུད་པའི་ཁྲི་རབས་སོ་གསུམ་པ་མཁན་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་དཔལ་ལྡན་ཆོས་སྐྱོང་རིན་པོ་ཆེས་ནི། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་གསུངས་པས་འདི་ཉིད་ཤིན་ཏུ་ཁུངས་བཙུན་པར་སེམས་ཏེ། དམ་པ་འདི་ཉིད་ཀྱིས་ནི་དུས་གསུམ་སྤྱི་དང་བྱེ་བྲག་ལྐོག་གྱུར་གྱི་ཆོས་ལ་ཐག་ཐོགས་མེད་པར་གཟིགས་པའི་རྣམ་ཐར་ཤིན་ཏུ་ངོ་མཚར་བ། དཔལ་སྤྲུལ་རྡོ་རྗེ་འཆང་སོགས་ཀྱིས་ཁོང་གི་གསུང་ནི་ཚད་མའི་ལུང་འདྲེན་དུ་མཛད་འདུག་པ་སོགས་ཀྱིས། ངོར་མཁན་ཆེན་ཁོང་ནི་བླ་མའི་བླ་མ་དང་གོང་མའི་གོང་མ། གསང་བ་ལྐོག་གྱུར་གྱི་ཆོས་རྣམས་རྗེན་པར་གཟིགས་པ་ཉིད་དུ་གྲུབ་འདུག ཆོས་རྒྱལ་དེ་རྣམས་ལ་དེ་ལྟར་བདམས་གསེས་བྱེད་པ་ལ་མཁྱེན་བརྩེ་ནུས་པའི་སྒོ་ནས་ཐུན་མོང་མ་ཡིན་པའི་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། རི་བོ་དེ་དག་རིགས་གསུམ་མགོན་པོ་མི་རྗེའི་ཚུལ་བཟུང་བ་ཡིན་པར་མཚན་ལྡན་གྱི་བླ་མ་དམ་པ་དུ་མས་གསུངས་ཤིང་དོན་ལའང་དེ་ལྟར་གྲགས། སྒ་ཡུལ་གྱི་ཡུལ་ལྷ་ཆེན་པོ་ཇོ་བོ་སྒྱོགས་ཆེན་གདོང་རར་ཞུ་བ་འདི་པ་ནི་ས་བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབྲོག་གནས་ཀྱི་ཚུལ་དུ་བཞུགས་པ་ཡིན་ཏེ། ཚུལ་དེའང་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་བཟང་པོའི་ཆོས་ཀྱི་ཁྲི་ལ་མངོན་པར་རྟོགས་པའི་ཡོན་ཏན་གྱིས་ཞབས་སེན་བཀོད་པ། ངོར་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་བཟང་པོ་ནས་བརྒྱུད་པའི་ཁྲི་རབས་སོ་བཞི་པ། དཔལ་ལྡན་བི་ཝ་པ་ཆེན་པོའི་རྣམ་རོལ་ངོར་མཁན་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་ཞལ་སྔ་ནས་མཛད་པའི་ཇོ་བོའི་བསང་མཆོད་ལས་འདི་ལྟར་བྱུང་སྟེ། ཀྱཻ། སངས་རྒྱས་རྣམ་གཟིགས་མདུན་ནས་སེམས་བསྐྱེད་ཅིང་། །ས་བཅུའི་དབང་ཕྱུག་འབྲོག་གནས་ཚུལ་བཟུང་བ། །ཐུབ་བསྟན་བསྲུང་བར་ཞལ་གྱིས་བཞེས་ནས་ཀྱང་། །བདག་གི་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །ཞེས་པའི་ལུང་གི་ཚིག་འདིས་གྲུབ་བོ། ། དེས་ན། ས་བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡི། སྤང་བྱ་དག་སྤངས་ཟིན་དང་རྟོགས་བྱའི་ཡོན་ཏན་ཐམས་ཅད་ཡུལ་ལྷ་ཆེན་པོ་སྒྱོགས་ཆེན་གདོང་རའི་རྒྱུད་ལ་རང་དབང་དུ་རྟོགས་པའི་ཚུལ་གྱི་སྒོ་ནས་འབྱོར་བ་ཡིན།
  སྒ་ཡི་ཇོ་བོ་འདི་པ་རྗེ་ཡི་མགུལ་ལྷ་བཅུ་གསུམ་གྱི་ནང་ན་སྒྱོགས་ཆེན་གདོང་རར་ཞུ་ལ། མདོ་བོད་སྐྱོང་བའི་གཉེན་ཆེན་སྡེ་བཞིའི་ནང་ན་འབྲི་ཆེན་རྡོ་རྔུ་ཞེས་དང་། འབྲོག་གནས་མཆེད་ལྔའི་ནང་ན་སྲེད་སྤོང་རྡོ་རྗེ་ཞེས་སུ་གྲགས་ཤིང་། ཡོངས་གྲགས་སུ་སྒ་ཇོ་བོ་དབང་ཆེན་ཀུན་གྲགས་ཞེས་བྱའོ། །
  གནོད་སྦྱིན་འབྲོག་གནས་མཆེད་ལྔ་ནི། བཀའ་འགྱུར་མདོ་མང་གི་འདུས་པ་ཆེན་པོའི་ལེའུ་བཅུ་གཉིས་པ་འབྲོག་གནས་ཀྱི་ལེའུ་ལས། འདི་ལྟར་གསུངས་ཏེ། དེ་ནས་ཡང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་ནི་རི་དྭགས་ཀྱི་གཟུགས་སུ། ཤེས་པའི་སྒྲོན་མེ་ནི་སྤྲེའུའི་གཟུགས་སུ། རྨ་རྒྱལ་སྤོམ་ར་ནི་སྤྱང་ཀིའི་གཟུགས་སུ། རྒྱུན་བཅད་པ་ནི་གླང་པོ་ཆེའི་གཟུགས་སུ། སྲེད་སྤོང་རྡོ་རྗེ་ནི་རའི་གཟུགས་སུ། ཞེས་སོགས་ཀྱིས་འབྲོག་གནས་མཆེད་ལྔར་ཤེས་ལ། ཡང་། སྲིད་པ་ཆགས་པའི་ལྷ་དགུའི་ཡ་གྱལ་དུའང་གྲགས་ཏེ། དེ་ལ་སྲིད་པ་ཆགས་པའི་ལྷ་དགུ་ནི། འོ་དེ་གུང་རྒྱལ་ལ་བུ་བརྒྱད་བྱུང་སྟེ། སྒྱོགས་ཆེན་གདོང་ར། ཡར་ལྷ་ཤམ་པོ། གཉན་ཆེན་ཐང་ལྷ། རྨ་ཆེན་སྤོམ་ར། སྒམ་པོ་ལྷ་རྗེ། ཞོགས་ལྷ་རྒྱུག་པོ། ཇོ་བོ་གཡུལ་རྒྱལ། ཤེའུ་ཁ་རག་དང་བཅས་ཏེ་བུ་བརྒྱད་ཡབ་དང་བཅས་པ་ལ་སྲིད་པ་ཆགས་པའི་ལྷ་དགུ་ཞེས་སུ་གསོལ་བ་ཡིན་ནོ །། མདོ་བོད་སྐྱོང་བའི་གཉེན་ཆེན་སྡེ་བཞི་ནི། ཤར་གྱི་ཨ་མྱེ་རྨ་ཆེན་སྤོམ་ར་དང་། སྒ་པ་ཡི་སྒ་སྟོད་ཇོ་བོ་དབང་ཆེན་ཀུན་གྲགས། བྱང་གི་གཉན་ཆེན་ཐང་ལྷ། ཡར་ལུང་གི་ཡར་ལྷ་ཤམ་པོ་བཅས་ཡིན། སྒ་ཇོ་བོ་སྲེད་སྤོང་རྡོ་རྗེ་ནི། ཆེན་པོ་བོད་ཀྱི་མདོ་ཆེན་གསུམ་གྱི་ཡ་གྱལ། ( མདོ་ཆེན་གསུམ་ནི། ཡུལ་མཚོ་སྔོན་གྱི་སྐྱེ་དགུ་མདོ། གནས་བོད་ལྗོངས་ཀྱི་ཆབ་མདོ། སྡེ་ཟི་ཁྲོན་གྱི་དར་རྩེ་མདོ་གསུམ་ཡིན་ལ།) སྒ་སྐྱེ་དགུ་མདོ་པ་ལ་རྫོང་ཁག་དྲུག་དང་ཞང་ཁག་སྟེ་ཡུལ་ཚོ་བཞི་བཅུ་ཞེ་བདུན་ཡོད་པའི་ཁྱབ་ཁོངས་ལ། ཡུལ་ལྷ་དང་གཞི་བདག་གི་གྲངས་ནམ་མཁའི་སྐར་མ་ཙམ་ཞིག་ཡོད་པ་ལས་གཙོ་བོའི་ཚུལ་དུ་བཞུགས་པ་ནི་སྒ་ཇོ་བོ་འདི་པ་ཡིན་ཏེ། སྔོན་དུས་ཀྱི་དཔོན་ཉི་ཤུ་རྩ་ལྔའི་མངའ་ཁོངས་ཙམ་དུ་མ་ཟད་བོད་གངས་ཅན་གྱི་ལྗོངས་ཀྱི་ཕྱོགས་སུ་གཏོགས་ཚད་ཀྱི་ཡུལ་ལྷ་གཞི་བདག་ཐམས་ཅད་ཀྱི་གཙོ་གྲས་ཡིན་པའི་ཚུལ་ནི་གོང་དུ་ཞུས་པ་བཞིན་དུ་ལགས།
  སྒ་ཇོ་བོ་སྒྱོགས་ཆེན་གདོང་ར་ཞུ་བ་དེ་ནི། མདོ་ཁམས་སྨན་གྱི་ཡུལ་ལྗོངས་སྒ་ཁྲི་འདུ་རྫོང་མཁར་ལས་ལེ་དབར་སྤྱི་ལེ ༡༤༠ མཚམས་དང་། སྒ་སྟོད་ཤང་ལས་སྤྱི་ལེ ༡༥ ཡི་མཚམས་སུ་བཞུགས། སྒ་ཇོ་བོའི་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་སྨི ༥༣༩༥ ཙམ་ཡོད། གནས་རི་དེའི་ཕྱིའི་རྣམ་པ་ནི། རྫ་ཡི་རི་བོ་ཤིན་ཏུ་མཐོ་ཞིང་བརྗིད་ཉམས་ཆེ་བ། དབྱར་ཚ་བའི་དུས་སུའང་བཞུ་བར་མི་ནུས་པའི་སྲིད་པའི་གངས་རྒན་གཏན་དུ་ཆགས་པ། འདབས་རོལ་ཏུ་སྤང་ལྗོངས་ཤིན་ཏུ་སྣུམ་པར་རི་དྭགས་དང་ནོར་ལུག་གིས་ཁེངས་པ། བར་བར་ནས་རྫ་ཆུ་དྭངས་མ་ལྷུང་ལྷུང་དུ་འབབ་པ། ཨུཏྤལ་དམར་པོ་དང་སེར་པོ་སོགས་མེ་ཏོག་ཚོགས་དུ་མས་ཉེ་བར་མཛེས། གནས་རི་ཁྱད་པར་བ་འདི་ཉིད་ལ་བསྐོར་ན་མཐའ་བསྐོར་དང་བར་བསྐོར་དང་རྩེ་བསྐོར་དང་བཅས་ཏེ་གསུམ་ཡོད། མཐའ་བསྐོར་ལ་ཕལ་ཆེར་ཉིན་བཞི་ལྔ་ཙམ་དགོས། བར་བསྐོར་ཉིན་གཉིས། རྩེ་བསྐོར་ཉིན་གཅིག་དགོས། གནས་རི་འདི་དང་གོར་མ་རི་བོ་ཆེའང་ལྷན་དུ་བསྐོར་སྲོལ་ཡོད་ལ་དེ་ཉིད་བསྐོར་ཐུབ་ན་བཛྲ་གུ་རུ་འབུམ་བཏོན་པའི་ཕན་ཡོན་ཡོད། མཐའ་བསྐོར་གྱི་ནང་དུ་གཞི་བདག་སྤ་བླའང་ཚུད་ཡོད། དེ་ཉིད་བསྐོར་ནའང་བཛྲ་གུ་རུ་འབུམ་བཏོན་པའི་ཕན་ཡོན་ཡོད་ཅེས་རྒན་རབས་ཚོས་བཤད། སྒ་ཇོ་བོའི་སྲིང་མོ་སྨན་ཆུང་རྫོང་ཡག་མ་དང་སྐུའི་སྲས་ཨུ་ཆུ་རའི་སུམ་རང་སྟག་རྩེ། དེའི་ཆུང་མ་ག་ཆུ་ར་གསེར་རྫོང་ཁྲ་མོ། ཇོ་བོའི་སྐུ་སྲས་ཆུང་བ་ཟེ་དཀར་སྟག་རྩེ་སོགས་བསྐོར་བའི་ནང་དུ་ཚུད་ཡོད། ཆུ་བོའི་རྒྱུད་ནས་བྱས་ན་གཤིས་ཆུའི་ཆུ་རྒྱུད་དང་འབྲི་ཆུའི་ཆུ་རྒྱུད། གཏེར་ཆུའི་ཆུ་རྒྱུད། ལྷ་སྒྱོགས་ཁོག་གི་ཆུ་རྒྱུད། མ་འཛོང་ཁོག་གི་ཆུ་རྒྱུད་དག་ལག་གཡོན་དུ་བཟུང་ནས་ཕྱིན་ན་འཁོར་འགྲོ། ཇོ་བོ་ཉེ་འཁོར་གྱི་ནང་འཁོད་ལ་བཙུན་མོ་འོད་དཀར་འོད་དམར་ཞེས་པ་སྒ་ཇོ་བོའི་བཙུན་མོ་གང་དང་། ཇོ་བོའི་བེའུ་རྡང་ཞེས་པ་བྲག་རི་རྒྱང་རིང་ནས་བལྟས་ན་བེའུ་མང་པོ་རྡང་ལ་བཏགས་པ་དང་འདྲ་བོ་ཡོད་པ་དེ་ནི་སྒ་ཇོ་བོ་ཚང་གི་བེའུ་བཏགས་ས་ཡིན་ཟེར་སྲོལ་ཡོད། དམར་ཁྲོག་ལ་ལ་ཡོད་པའི་གཏེར་རྡོ་དེ་ཚོ་ནི་བཞུས་ན་རིན་པོ་ཆེ་འབའ་ཞིག་ཡིན། ནམ་དུས་ཀྱི་འགྱུར་བ་ལ་བརྟེན་ནས་རྡོ་དེ་དག་གི་དབྱིབས་མི་འགྱུར་ནའང་ཁ་དོག་འགྱུར་སྲིད། འགའ་རེ་ནི་རིན་ཆེན་བཻཌཱུ་རྱའི་མདོག་དང་འགའ་རེ་ནི་རིན་ཆེན་ཨིན་དྲ་ནཱི་ལའི་མདོག་ཏུ་སྣང་བ་སོགས་མི་འདྲ་བར་ཡོད། ཡང་ལྷ་སྒྱོགས་ཁོག་ནས་ཕར་བལྟས་ན་སྒ་ཇོ་བོའི་དམག་དཔོན་འབྲི་ནེ་རི་ཁྱིམ་ཞེས་པ་དེ་མཇལ་རྒྱུ་ཡོད་པ་ནི་ཇོ་བོ་ཁོང་གི་སྤྱི་ཁྱབ་དམག་དཔོན་ཆེན་མོ་ཡིན། ཇོ་བོའི་སྐུ་མདུན་དུ་སླེབས་སྐབས་སྒ་ཇོ་བོ་སྒྱོགས་ཆེན་གདོང་རའི་གསེར་ཞལ་དངོས་སུ་མཇལ་ཐུབ། དེ་དག་ནི་གནས་རི་འདིའི་ཕྱིའི་དབྱིབས་ཀྱི་རྣམ་པ་དང་འབྲེལ་བའི་རི་ཚོགས་གཞན་པ་ཚོ་ཡིན། ནང་གི་རྣམ་པ་ནི་ས་ཆེན་པོ་དག་ས་ལ་གནས་པའི་སེམས་དཔའ་ཆེན་པོ་ཞིག་སྟེ་སྔོན་གྱི་དུས་སུ་བྱོན་པའི་སྐྱེས་བུ་རྣམས་ཀྱིས་ནི་ས་བརྒྱད་པ་ལ་དྲི་མ་དེ་དག་རྩར་བཅས་ཉེ་བར་ཞི་བའི་ས་མཚམས་ལ་ཡོད་པར་བཞེད།
  དེས་ན་སྒ་སྟོད་ཇོ་བོའི་ལོ་རྒྱུས་དཀར་ཆག་ལས་ནི་འདི་ལྟར་བྱུང་སྟེ།  ཨོཾ་སྭ་སྟི།ས་བརྒྱད་སེམས་པ་ཡུལ་ལྷའི་ཚུལ་འཛིན་པ། །འབྲོག་གནས་ལྔ་ལས་སྲེད་སྤོང་རྡོ་རྗེར་གྲགས། །གནས་ཆེན་དང་ནི་གངས་རྭ་ཉེར་ལྔ་ཡི། །ཡ་གྱལ་གང་དེའི་དག་པའི་ཞིང་ཉིད་ཀྱི། །བཀོད་པའི་ཁྱད་པར་གྲུབ་དབང་པདྨ་ཡི། ། ཇི་སྙེད་མཁྱེན་པའི་གཟིགས་པ་གསལ་བ་གང་། །འདི་ན་བཅོས་སླད་མེད་པར་སྔོན་བྱུང་གི། ། རྡོ་བརྐོས་རི་མོ་སྣང་བཞིན་འདི་རུ་བཤུ། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །
  སྒ་སྟོད་ཇོ་བོའི་དཀར་ཆག་དང་བསྐོར་ཚད་མདོར་བསྡུས་ནི། ཕྱི་རྡོ་རྗེའི་བྲག་གི་རྣམ་པ་ལ། ནང་དུ་ཡི་དམ་ལྷ་ཡི་དཀྱིལ་འཁོར། ལས་དག་པ་རྣམས་ཀྱིས་མངོན་སུམ་དུ་མཐོང་རྒྱུ་ཡོད་པ་ནི། དབུ་རྩེའི་བང་རིམ་དང་པོ་ལ། རྡོ་རྗེ་འཆང་ལ་གྲུབ་ཆེན་བརྒྱད་ཅུས་བསྐོར་བ། བང་རིམ་གཉིས་པ་ལ། ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས། བང་རིམ་གསུམ་པ་ལ། ཐུབ་དབང་ལ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྐོར་བ། བང་རིམ་བཞི་པ་ལ། བྱམས་པ་ལ་བསྐལ་བཟང་སངས་རྒྱས་སྟོང་གིས་བསྐོར་བ། བང་རིམ་ལྔ་པ་ལ། བྱང་སེམས་ཉེ་བའི་སྲས་བརྒྱད་དང་འཕགས་པའི་གནས་བརྟན་བཅུ་དྲུག་ལ་བྱང་སེམས་དང་ཉན་ཐོས་རང་རྒྱལ་རྣམས་ཀྱིས་བསྐོར་བ། བང་རིམ་དྲུག་པ་ལ། རྡོ་རྗེ་ཕག་མོ། མཁའ་འགྲོ་སེང་གེའི་གདོང་ཅན་མ་དང་ཨེ་ཀ་ཛ་ཊི་སོགས་མཁའ་འགྲོ་ཆོས་སྐྱོང་གིས་བསྐོར་བ། བང་རིམ་བདུན་པ་ལ། རིན་པོ་ཆེ་སྣ་ལྔའི་བང་མཛོད་ལ་འདོད་ཡོན་ལྔ། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། བཀྲ་ཤིས་རྫས་བརྒྱད། མ་རྨོས་པའི་ལོ་ཏོག འདོད་འཇོའི་བ་ལ་སོགས་པས་བསྐོར་བ། བང་རིམ་བརྒྱད་པ་ལ། ཡུལ་ཉི་ཤུ་རྩ་བཞི་དང་། གནས་སུམ་ཅུ་རྩ་གཉིས་ཀྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་བསྐོར་བ། བང་རིམ་དགུ་པ་ལ། བསིལ་བའི་ཚལ་སོགས་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ། རྩ་བ་ས་འཛིན་གྱི་མཚམས་སུ། མཚོ་དང་ནེའུ་གསིང་སྣ་ཚོགས་ཀྱི་ནང་དུ་ཀླུ་ཆེན་པོ་བརྒྱད་ལ་སོགས་པ་གནས་ཤིང་། འོག་མར་ཀླུའི་བང་མཛོད་ཡོད། སྐུ་དང་ཕྱག་མཚན་ཡིག་འབྲུ་སོགས་བསམ་གྱིས་མི་ཁྱབ་པ་དང་བརྗོད་ཀྱིས་མི་ལང་བར་བཞུགས། རྒྱ་གར་རྡོ་རྗེ་གདན་དང་། གླང་ཆེན་འགྱིང་རི། ཙཱ་རི་ཏྲ། གངས་རི་ཏི་སེ། གནས་པདྨ་བཀོད། འཕགས་པ་ཤིང་ཀུན། པོ་ཏ་ལ། ཁ་བ་དཀར་པོ་ལ་སོགས་པ་སྲི་ཞིའི་ཡུལ། གནས་ཆེན་ཐམས་ཅད་ཀྱི་འོད་ཟེར་རྒྱུན་མི་ཆད་པར་བསྡུས་པའི་སའི་སྙིང་པོ་དེ་རྣམས་ཡོད། དུས་རྟག་ཏུ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་རྣམས་སྤྲིན་ལྟར་འདུ་ཞིང་འཐིབས་ནས་ཡོད། དེ་ལྟ་བུའི་གནས་རི་རིན་པོ་ཆེ་ལ་བསྐོར་བ་བར་བསྐོར་གཅིག་གི་ཕན་ཡོན་ནི། གོང་གི་གནས་ཆེན་དགུ་བསྐོར་བ་བྱས་པ་དང་མཉམ། དུང་འགྱུར་གྱི་སྐོར་ཚད་ནི། རྩེ་བསྐོར་ཉི་ཤུ་རྩ་གཅིག བར་བསྐོར་བཅུ། མཐའ་བསྐོར་བདུན་བཅས་ལ་བསྐོར་བ་དུང་གཅིག་ཡིན།
  • ལེ་ཚན་སྔོན་མ།:༄༅། །དཔལ་ཆེན་ཆུ་བོ་རི།
  • ལེ་ཚན་རྗེས་མ།:ཙ་རིའི་གནས་སྐོར་དུས་ཆེན།