མདོ་སྨད་བླ་བྲང་ཡུལ་གྱི་བྲོ་ཡི་དར་ལུགས་དང་ཁྱད་ཆོས་སྐོར་གླེང་བ།

སྒོམ་པ་བཀྲ་ཤིས།        2016-03-22

གླེང་གཞི
སྤྱིར་མི་རིགས་གང་ཞིག་ཡིན་རུང་འཚོ་གནས་ཀྱི་འཕེལ་རྒྱས་ཁྲོད་དུ་མི་རིགས་རང་ལ་ཐུན་མོང་གྱི་རིག་གནས་མ་ལག་དང་།ཡུལ་སྲོལ་གོམས་གཤིས།བསམ་པའི་འཁྱེར་སོ་སོགས་འདྲ་མིན་སྣ་ཚོགས་བྱུང་ཡོད་ལ།ལྷག་པར་དམངས་ཁྲོད་ནས་ཐོན་པའི་སྒྱུ་རྩལ་འདི་དག་ཀྱང་།རང་རེའི་མེས་པོ་རྣམས་ཀྱི་ངལ་རྩོལ་དང་སྐྱིད་སྡུག་གི་ལོ་ཟླའི་གསེང་ནས་ཐོན་པའི་རང་སེམས་ཀྱི་བདེ་སྣང་གསོ་བའི་བདུད་རྩི་བཞིན་མི་རིགས་ཀྱི་བསམ་བློའི་སྙིང་སྟོབས་མཚོན་པའི་སྒྱུ་རྩལ་བརྩམས་ཆོས་དག་དག་རེད།དེ་བས་ངས་འདིར་འདོད་པའི་མདོ་སྨད་བླ་བྲང་ཡུལ་གྱི་ལྷ་སྡེ་ཤོག་ཚན་དུ་དར་བའི་བྲོ་ལ་ཡང་ས་གནས་རང་གི་ལོ་རྒྱུས་རྒྱབ་ཏུ་བརྟེན་ཞིང་། ཐུན་མོང་ཡུལ་གྱི་གནས་བབ་གཞི་ལ་བཅོལ་ནས། བསང་ཆུ་སྔོན་མོ་བཞུར་རྒྱུན་གྱི་རླབས་རིས་དང་བསྡེབས་ཏེ་ཡུལ་འདི་ནས་ལང་ཚོའི་འཚོར་ཉམས་དོད་ཅིང་ད་ལྟའང་མདོ་སྨད་ཀན་ལྷོའི་སྒྱུ་རྩལ་གྱི་གཤིན་ས་འདི་ནི་རྣམ་པར་བཀྲ་ཞིང་ཡིད་ལ་སྨིན་པའི་དམངས་ཁྲོད་ཀྱི་བྲོ་ཡི་རིགས་འདི་ཡུལ་ཕྱོགས་འདིར་ཇི་ལྟར་དར་བ་དང་ཁྱད་ཆོས་ཅི་ཡོད་སྐོར་དེའི།།
དང་པོ།བླ་བྲང་ཡུལ་གྱི་ས་གནས་ལོ་རྒྱུས་དང་འབྲེལ་ནས་བླ་བྲང་བྲོ་ཡི་དར་སྤེལ་སྐོར་བརྗོད་པ
མདོ་སྨད་བླ་བྲང་ཞེས་པ་ནི་ཡོངས་གྲགས་ཀྱི་སྤྱི་ལོ་འདྲེན་སྟངས་མ་བྱུང་བའི་གོང་རོལ་ཏེ་ཀྲོའི་དང་ཆིན་རྒྱལ་རབས་ཀྱི་དུས་སུ་འཇང་ནུབ་་མའི་མངའ་ཁོངས་སུ་འདུ་ཞིང་།ཧན་ནུབ་མའི་དུས་སུ་པེ་ཧྲི(白石)ཞེས་པའི་ཁོངས་སུ་སྦྱར་ཅིང་ཅིན་ཁྲིན་ཞེས་གསེར་མཁར་རྫོང་གི་མངའ་ཁོངས་སུ་བསྒྱུར།རྒྱལ་རབས་ལྷོ་བྱང་ཟུང་གི་དུས་སུ་ཀ་ཇུའི་མངའ་ཁོངས་ཞིག་ཏུ་བསྒྱུར།ཕྱིས་སུ་འ་ཞ་ལ་གཏོགས་པ་དང་སྤྱི་ལོ་དུས་རབས་བདུན་པར་བོད་རྒྱལ་སྲོང་བཙན་སྒམ་པོས་བོད་མཐའ་དབུས་ཀྱི་ཡུལ་ཁམས་གོང་བུ་གཅིག་ཏུ་བསྡུས་ཤིང་།རིམ་གྱིས་ཡུལ་ཤར་ཕྱོགས་སུ་མངའ་ཁོངས་རྒྱ་བསྐྱེད་དེ་ཐུན་མོང་གི་བསམ་བློའི་འདུ་ཤེས་དང་ཡུལ་སྲོལ་གོམས་གཤིས་སོགས་ཆགས་པའི་ཁོངས་སུ་འདུ་བ་དང་།ཀྲུང་ཧྭ་མིང་གོ་ཚུགས་ཁ་མར་ཟི་ལིང་ཡྰ་ཙིའི་ཁོངས་སུ་གཏོགས་པ་དང་།ད་ལྟ་ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་གཏོགས།དེ་ཡང་གནས་འདིར་མདོ་སྨད་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་འདི་གསར་འདེབས་མཛད་པ་ནས་བཟུང་།མདོ་སྨད་ལྷོ་རྒྱུད་ཡུལ་དུ་ཆོས་སྲིད་ལུགས་གཉིས་ཀྱི་ཐད་ནས་མངའ་དབང་རྒྱས་པའི་གནས་ཁྱད་པར་བ་ཞིག་ཏུ་གྱུར་ཡོད།ལྷག་པར་བླ་བྲང་སྐྱབས་མགོན་ཀུན་མཁྱེན་བླ་མའི་སྐུ་རིམ་རེ་རེ་ནས་དགའ་ལྡན་བསྟན་པའི་འཆད་ཉན་གྱི་མཛད་འཕྲིན་རྒྱ་ཆེར་དར་ཞིང་།དད་ལྡན་སེར་སྐྱ་ཀུན་གྱི་སེམས་ཀྱི་དག་ཞིང་དང་སྨོན་པའི་གནས་མཆོག་ཅིག་ཏུ་གྱུར་ཡོད་དེ།དེ་ལ“དབུས་གཙང་གཉིས་པ’’དང“ཉི་མ་བླ་བྲང’’ཞེས་འབོད་སྲོལ་ཡོད།
དེ་བས་བླ་བྲང་དགོན་པར་གཏོགས་པའི་ཚོ་བ་དང་ཤོག་པ་ནང་གསེས་སུ་ཡང་ལྷ་སྡེ་དང་མི་སྡེ།ཆོས་སྡེ་དང་ཚོ་ཤོག་བཅས་བཞི་རུ་ཕྱེས་ཤིང་།མདོ་སྨད་ལོ་རྒྱུས་ཁྲོད་དུ་བརྗོད་རིན་ཡོད་པའི་གནས་ཁྱད་པར་བ་ཞིག་ཏུ་བརྩི་བཞིན་ཡོད།དེ་དང་བསྟུན་ནས་ཡུལ་འདི་ལ་གནས་གཞན་དང་ཐུན་མིན་གྱི་ཆོས་སྲིད་མ་ལག་གྲུབ་ཅིང་སྲིད་འབྱོར་རིག་གསུམ་གྱི་ལྟེ་བ་ཞིག་ཏུ་གྱུར་ཡོད།ཡུལ་བླ་བྲང་དགོན་པ་གཙོ་བྱས་པའི་ཉེ་འཁོར་གྱི་ལྷ་སྡེ་གོང་འགབ་བཅས་སུ་ཡང་ས་བབ་གཞན་དང་མི་འདྲ་བའི་རིག་གནས་ཀྱི་ཤན་ཞུགས་ཐེབས་ཡོད་ལ་ཚོང་ཟོག་གི་འདུ་མགོ་ཅུང་རྒྱས་པས།ད་ལྟའི་བར་དུ་བླ་བྲང་དགོན་པའི་མཐའ་འཁོར་གྱི་ལྷ་སྡེ་ཚོ་ཤོག་དག་གི་ཡུལ་སྲོལ་ཆོ་ག་དང་ཟས་གོས་འགྲོ་འདུག།མི་ཚེའི་ཆོ་སྒྲུབ།དམངས་ཁྲོད་སྒྱུ་རྩལ་བཅས་ལ་གཞན་དང་མི་འདྲ་བའི་རྣམ་པ་སྣ་མང་ཅན་དང་དུས་ད་ལྟའི་བར་དུ་མ་ཉམས་རྒྱུད་འཛིན་བྱེད་བཞིན་ཡོད་པ་དེ།དཔེར་ན།དྲུག་པའི་ཤིང་སློང་དང་།བཞི་པའི་མྱུང་གནས།བཅུ་པའི་ལྔ་མཆོད།དྲུག་པའི་ཆོས་བསྐོར།མ་ཎི་དབྱངས་འཐེན།མདའ་གཏོད་བསང་མཆོད།བཙས་སྟོན་བག་སྟོན།བུ་མོའི་སྐྲ་ཕབ།གྱ་སྟོན་སྟོན་བཤད།བླ་བྲང་གར་དང་གཞས།བྲོ་དང་རྣམ་ཐར་སོགས་ཆོས་ལུགས་ཀྱི་ཆོ་ག་དང་འདྲེས་མ་འདྲེས་གཉིས་ཀྱི་དམངས་ཁྲོད་སྲོལ་རྒྱུན་མང་པོ་ཞིག་བསང་གཞུང་སྔོན་མོའི་འགྲམ་རྒྱུད་དུ་ཆགས་པའི་ཡུལ་བླ་བྲང་དགོན་པའི་ཉེ་འཁོར་འདི་ན་དར་ཞིང་སྤེལ་བའི་རིག་གནས་ཀྱི་མཁའ་དབུགས་ཤིག་གིས་བཏུམས་ཡོད།
ངས་འདིར་གླེང་འདོད་པ་ཡང་ཡུལ་བླ་བྲང་དགོན་པའི་ཉེ་འཁོར་གྱི་ལྷ་སྡེ་ཤོག་ཚན་དུ་དར་བའི་བླ་བྲང་ས་ཆའི་བྲོ་ཡི་བྱུང་འཕེལ་གནས་སྟངས་དང་ཁྱད་ཆོས་སྐོར་ཡིན་ལ།འདིའི་སྐོར་ལ་སྔོན་ཆད་དཔྱད་པ་བཏང་ཡོད་པ་ཤིན་ཏུ་ཉུང་ལ།ལྷག་པར་ད་ལྟའི་བར་དུ་འཁྲབ་སྟངས་བྲོ་ཚིག་མི་འདྲ་ཞིང་།དབྱངས་འགྲོས་ཉམས་འགྱུར་མི་གཅིག་པའི་བླ་བྲང་བྲོ་བདུན་ཅུ་ལྷག་ཡོད་པ་འདི་དག་གི་བྱུང་འཕེལ་ལོ་རྒྱུས་དང་།རྣམ་པ་ཁྱད་ཆོས།དར་སྤེལ་གནས་སྟངས།རྒྱུན་འཛིན་རིན་ཐང་བཅས་ཀྱི་ཐད་ལ་ཉམའ་འཇོག་དང་དོ་སྣང་བྱེད་མཁན་ཧ་ཅང་ཉུང་བས།ངས་འདི་ནས་གཅིག་ཏུ་མི་རིགས་རང་གི་རྩམ་དྲི་འོ་དྲི་མི་ཡལ་བའི་དམངས་ཁྲོད་སྒྱུ་རྩལ་འདི་དག་གི་རིན་ཐང་ཉམས་རྒུད་དུ་སོང་ནས་ལ་མགོའི་ཉི་མ་དང་ལ་གཏིང་གི་གྲུབ་མ་བཞིན་ཡལ་འགྲོ་བའི་སྲོལ་རྒྱུན་རིག་གནས་འདི་ལ་ཕྱི་རབས་པས་བསམ་བློ་རེ་བཏང་བ་དང་།གཉིས་སུ་ས་གནས་མང་ཚོགས་དང་འབྲེལ་ཡོད་ལས་ཁུངས་བཅས་ཀྱིས་རང་གི་ས་ཆའི་རིག་གནས་རྒྱུ་རྩལ་གྱི་རིན་ཐང་ངོས་ཟིན་ཏེ།རང་ས་ཆ་ནས་དར་སྤེལ་དང་རྒྱུན་འཛིན་གཏོང་ཅི་ཐུབ་བྱ་དགོས་པར་དམིགས་ནས།རང་ཉིད་ཀྱིས་ཀྱང་ཉེ་བའི་ལོ་འདི་དག་ལ་བྱ་བའི་ཁོམ་ལོང་བར་ནས་ད་ཡོད་དམངས་ཁྲོད་རྒན་རབས་སྐོར་ལ་བློ་དྲིས།དར་ཡུལ་སྡེ་བ་དངོས་ལ་རྩད་བཅད་ནས།སྔར་ཡོད་ལི་ཐང་སྡེ་བའི་བྲོ་བ་རྒན་པ་སྒྲོལ་མ་ལྷ་མཚོ་དང་རྣམ་མཁྱེན་བཅས་ཀྱི་འཁྲབ་སྟངས་དབྱངས་ཚིག་ཡིག་ཐོག་ཏུ་བཀོད་པ་གཞིར་བཅས་ཤིང་།ད་ཡོད་བླ་བྲང་བྲོ་ཡི་སྒྱུ་རྩལ་རྒྱུན་འཛིན་བྱེད་བཞིན་པའི་བྲོ་བ་འཇིགས་བྱེད་འཚོ་དང་།ཚུལ་ཁྲིམས།ཚེ་དབང་།སྐྱིད་དགའ་བཅས་ཀྱི་ངག་ཐོག་གི་བྲོ་ཚིག་དབྱངས་འགྲོས་ལྡན་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ན་ཕལ་ཆེར་བྲོ་བདུན་ཅུ་ལྷག་ཡོད་པ་རེད།འདི་དག་ལ་གཞི་བྱུང་རབས་ཀྱི་ལོ་རྒྱུས་ལྡན་ཞིང་།བར་རང་ས་ནས་དར་སྤེལ་བཏང་བ།མཐར་བླ་བྲང་གི་རིག་གནས་ཤིག་ཏུ་གྱུར་བར་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པས་ཡུལ་བླ་བྲང་དུ་དར་བའི་དམངས་ཁྲོད་བྲོ་ཡི་སྒྱུ་རྩལ་འདི་གླིང་རིན་ལྡན་པ་ཞིག་ཏུ་གྱུར་ཡོད།དེ་བས་ངས་གཤམ་ནས་བླ་བྲང་བྲོ་ཡི་གྲུབ་ཆ་གལ་ཆེན་ཏུ་གྱུར་ཡོད་པའི་ལི་ཐང་བྲོ་དང་དགོན་པའི་རྣམ་ཐར་བྲོ།ཐང་ནག་དང་དཔོནཚང་ཉེ་འཁོར་སྡེ་བའི་བྲོ་བཅས་ཕྱོགས་ཆེ་ཁག་གསུམ་ནས་བླ་བྲང་ཡི་བྱུང་རབས་དར་སྤེལ་དང་རྣམ་པ་ཁྱད་ཆོས་སྐོར་ནས་བརྗོད་རྒྱུ།
           གཅིག    བླ་བྲང་ལི་ཐང་སྡེ་བའི་བྲོ་ཡི་དར་སྤེལ་དང་ཁྱད་ཆོས།
ས་ཆ་ཞིག་གི་ཐུན་མིན་རིག་གནས་ཀྱི་བྱུང་འཕེལ་དར་ལུགས་ལ་ངེས་པར་དུ་རྒྱུ་རྐྱེན་ངེས་ཅན་རེ་ཡོད་དེ།དེ་ལ་ཡང་ན་ས་གནས་ལོ་རྒྱུས་ཀྱི་བྱུང་བ་ངེས་ཅན་རེ་དང་ཡང་ན་སྐྱེས་ཆེན་དམ་པའི་མཛད་པ་ངོ་མཚར་རེ་ལའབྲེལ་བ་ཡོད།འདིར་གླིངབའི་ཡུལ་བླ་བྲང་ལྷ་སྡེ་ཤོག་ཚན་དུ་དར་བའི་བྲོ་ཡི་བྱུང་འཕེལ་དར་ལུགས་ལ་ཡང་དེ་དང་འབྲེལ་ཡོད་ཀྱི་སྡེ་བ་དང་སྐྱེས་ཆེན་འགའི་ལོ་རྒྱུས་དང་འདྲེས་ནས་གླེང་དགོས་ཏེ།ཐོག་མར་ལི་ཐང་སྡེ་བ་དང་འབྲེལ་བའི་བླ་བྲང་བྲོ་ཡི་དར་སྤེལ་སྐོརབརྗོད་ན།བླ་བྲང་དགོན་པའི་ཉེ་འཁོར་གྱི་སའི་ཆར་གཏོགས་པའི་ལི་ཐང་སྡེ་བ་འདིའི་མིང་ཐོགས་ཚུལ་ཐད་ནས་བཤད་ཚུལ་མི་འདྲ་བ་གཉིས་ཡོད་དེ།གཅིག་ནི་སྡེ་བ་འདི་མ་ཚགས་པའི་སྔོན་དུ་ཐང་འདི་ཆུ་མིག་སོགས་ཀླུ་མང་སའི་ཐང་ཞིག་ཡིན་པས་དེ་ལ་ཀླུ་ཚང་དང་ཀླི་ལྡིང་དུ་ཐོགས་པ་དང་།གཅིག་ནི་བླ་བྲང་སྐྱབས་མགོན་སྐུ་ཕྲེང་ལྔ་བ་བསྟན་པའི་རྒྱལ་མཚན་མཆོག༼༡༩༡༦ལོའི་ཧོར་ཟླ་༣པར་འཁྲུངས༽༡༩༢༠ལོར་འབའ་ལི་ཐང་ནས་སྐུའི་ཞབས་ཀྱི་པདྨོ་མདོ་སྨད་ཆོས་སྡེ་ཆེན་མོ་དགའ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་འདིར་བཀོད་པ་དང་།སྐབས་དེར་བླ་བྲང་ས་ཆའི་ཆོས་སྲིད་གཉིས་ཐད་ལ་མཱ་ཇག་སོགས་ཉེ་ཧེའི་དམག་གིས་ཕྱིའི་བཙན་གནོད་ཀྱི་ཕུང་དཀྲུག་གི་གནས་བབས་ཛ་དྲག་ཅན་དུ་སོང་ཡོད་རྐྱེན།སྐུ་ཉིད་ཀྱི་ཡབ་གཞིས་མགོན་པོ་དོན་འགྲུབ་དང་གཅེན་ཨ་བློ་སོགས་ཁྱིམ་མི་ཉེ་འབྲེལ་གཙོ་བྱས་པའི་ཞབས་ཞུ་ཡུལ་མི་སྐོར་ཞིག་ཀྱང་སྐུ་ཉིད་དང་ལྷན་དུ་བླ་བྲང་ཡུལ་དུ་གཞིས་ཆགས་ཤིང་བསྟན་སྲིད་ལ་ཕན་པའི་ལས་དོན་མཛད།དེ་བས་གཅེན་ཨ་བློ་གཙོ་བྱས་པའི་ཉེ་འཁོར་རྣམས་གསོ་པོའོ་ཆིང་ཝང་སྐྱེ་རབས་དགུ་བ་ཀུན་དགའ་དཔལ་འབྱོར༼བླ་བྲང་ས་ཆའི་ཁ་སྐད་ལ་རྒྱལ་པོ་ཝང་ཚང༽དཔོན་ཚང་དང་ཐག་ཉེ་སའི་ད་ལྟའི་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་གི་གནས་དེར་གཞི་ཆགས་པ་དང་།དེའི་ཉེ་འཁོར་གྱི་སྡེ་བ་ལ་ལི་ཐང་ཞེས་འབོད་པ་རེད།གང་ལྟར་སྡེ་བ་འདིའི་མིང་ཀླུ་ཚང་ཐང་དུ་འགྱུར་བའི་སྒྲ་འགྱུར་དང་ཀླུ་ཐང་ལི་ཐང་དུ་འགྱུར་བའི་དོན་འགྱུར་གང་འདེད་ན་བླ་བྲང་སྐྱབས་མགོན་སྐུ་ཕྲེང་ལྔ་བ་འབའ་ལི་ཐང་ནས་བླ་བྲང་དུ་ཕེབས་སྐབས་ཉེ་འཁོར་རྣམས་སྡེ་བ་འདིར་གཞི་ཆགས་པ་ནས་ལི་ཐང་ཞེས་འབོད་པ་རྩོད་མེད་ཡིན་ལ།ད་ལྟའི་བར་དུ་ལི་ཐང་སྡེ་བའི་མིང་ཡི་གེར་ཡང་“ལི་ཐང”ཞེས་འབྲི་བཞིན་ཡོད།དེ་བས་ངས་བླ་བྲང་གི་བྲོ་འདི་གླེང་ན་་ལི་ཐང་སྡེ་བ་གླེང་དགོས་པའི་རྒྱུ་མཚན་གཙོ་བོཡང་ད་ལྟའི་བར་དུ་བླ་བྲང་བྲོ་ཡི་གཞས་ཚིག་མང་ཆེ་ཤོས་ཤིག་སྡེ་བ་འདི་ན་མ་ཉམས་པར་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་ཡོད་ལ།དཔེར་ན་བྲོ་བ་རྣམ་མཁྱེན་དང་སྒྲོལ་མ་ལྷ་མཚོ།སྐྱེད་དགའ་བཅས་ཀྱིས་འཆམ་པའི་བླ་བྲང་བྲོ“ཆ་ལ་ཡེ་སང་རོ།”“འཛོམས་པའི་རི་ལ།”“ཞང་ང་ཡ་མོ་ལ”ལ་སོགས་པའི་བྲོ༥༠ལྷག་ད་ལྟའི་བར་དུ་སྡེ་བ་འདིས་རྒྱུན་འཛིན་དང་དར་སྤེལ་བྱེད་བཞིན་ཡོད་ལ་གཙོ་བོ་ལོ་གསར་དང་སྟོན་མོ་ཤིང་སློང་སོགས་སུ་སྐྱེས་ཕོ་མོ་ཚང་མས་མཉམ་དུ་འཁྲབ་སྟོན་བྱེད་པའི་སྲོལ་ཡོད།
དེས་ན་སྡེ་བ་འདིར་འདི་འདྲའི་དབྱངས་ཚིག་སྙན་ཆ་ལྡན་ཞིང་འཁྲབ་སྟངས་ཉམས་ཀྱིས་ཕྱུག་པའི་བྲོ་འདི་དག་ཇི་ལྟར་དར་ཞེ་ན།སྤྱིར་བླ་བྲང་ས་ཆའི་གོམས་སྲོལ་རིག་གནས་མང་པོ་ཞིག་ཀྱང་རང་ས་རང་ཡུལ་ནས་དར་ཡོད་མོད།ཡིན་ན་ཡང་ད་ལྟའི་བར་རྒྱུན་བཟུང་ཡོད་པའི་བླ་བྲང་བྲོ་ལྟ་བུར་མཚོན་ན་ས་ཆ་འདིར་དམངས་ཁྲོད་དུ་སྔར་ནས་ཡོད་པ་ཞིག་མ་རེད།དེ་ནི་གཙོ་བོ་བླ་བྲང་སྐྱབས་མགོན་སྐུ་ཕྲེང་བཞི་བ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་ཚང༼ཁམས་སྡེ་དགེ་ནས་སྤྱི་ལོ༡༨༥༦ལ་འཁྲུངས༽བླ་བྲང་གདན་སར་འབྱོར་བ་དང་།ཁོང་གི་ཉེ་འཁོར་ཞབས་ཞུ་མི་བརྒྱ་ལྷག་ཀྱང་གནས་འདིར་ཕེབས་པ་དང་མཉམ་དུ་ཁོ་ཚོས་ཁམས་ཕྱོགས་ཀྱི་གཞས་བྲོ་སྐོར་ཞིག་ཡུལ་བླ་བྲང་ནས་དར་སྤེལ་བཏང་བས་བླ་བྲང་བྲོ་ཡི་ས་བོན་ཀྱང་སྐབས་དེ་ནས་བྱུང་།བླ་བྲང་གི་སྔར་ཡོད་གར་དང་བསྡུར་ན་ཁམས་ཕྱོགས་ཀྱི་གཞས་བྲོ་ལ་སྟངས་སྟབས་ཉམས་འགྱུར་གང་གི་ཐད་ནས་སྒྱུ་རྩལ་གྱི་རྣམ་པས་ཕྱུག་པས།རིམ་གྱིས་བླ་བྲང་གར་གྱི་རྨང་གཞིའི་སྟེང་ནས་ཁམས་པའི་གཞས་བྲོ་འདི་དམངས་ཁྲོད་དུ་དར་ཁྱབ་བྱུང་བ་དང་།བླ་བྲང་སྐྱབས་མགོན་སྐུ་ཕྲེང་བཞི་བ་ཁོང་ཉིད་ཀྱང་གཞས་བྲོ་སྒྱུ་རྩལ་འདི་ལ་དུང་ཞེན་ཡོད་པས་།སྐབས་དེར་ལྷ་སྡེ་ཤོག་ཚན་ཁག་གི་སྐྱེས་གཞོན་ཕོ་མོ་བདུན་ཅུ་ལྷག་རྩ་འཛུགས་ཀྱིས་ཁམས་པའི་གཞས་བྲོ་ལ་སྦྱང་མགོ་བརྩམས་པའི་ལོ་རྒྱུས་ཡོད།དེ་མིན་ཁོང་ཉིད་རྒྱ་ནག་དང་སོག་པོའི་ཡུལ་དུ་ཕེབས་པ་ལ།སོག་པོའི་མེ་ལོང་དགུ་རྡུང་སོགས་རོལ་དབྱངས་དང་རོལ་ཆས་སྐོར་ཞིག་ཕུལ་བ་རྨང་གཞི་བྱས་ཏེ་བླ་བྲང་དགོན་པར་མདོ་དར་བའི་རོལ་མོ་ཚན་ཆུང་བཙུགས་པ་རེད།ལྷག་པར་དུ་སྐུ་ཕྲེང་ལྔ་བ་བསྟན་པའི་རྒྱལ་མཚན་རིང་ལ་བླ་བྲང་དགོན་པའི་མདོ་སྔགས་ཀྱི་འཆད་ཉན་དབྱར་མཚོ་རྒྱས་པ་ལྟར་གྱུར་བར་མ་ཟད།སྐབས་དེར་བླ་བྲང་ས་ཆར་རིག་གནས་གསར་དར་གྱི་ཚ་རླབས་ཞིག་འཕྱུར་བ་དང་མཉམ་དུ་རིག་གནས་ཡར་སྐུལ་ཚོགས་པ་དང་རྣམ་པ་གསར་བའི་སློབ་གསོའི་རྩ་འཛུགས་གནང་བ་རེད།དེ་ལ་བརྟེན་ནས་ཟློས་གར་སོགས་རིག་གནས་ཆུང་བ་ལྔའང་ཆེས་ཆེར་དར་བྱུང་ལ།ཁོང་གི་ཡབ་གཞེས་མགོན་པོ་དོན་འགྲུབ་གཙོ་བྱས་པའི་ཨ་བློ་་སྤུན་མཆེད་རིང་ལ་ཕྱིའི་བཙན་གནོན་གྱི་དགྲ་ཡའི་དཔུང་བཅོམ་ཞིང་ནང་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ།རང་ས་རང་བདག་གི་མིག་རྒྱང་རིང་དུ་གཏད་ཡོད་པས་སྐབས་དེར་བླ་བྲང་ཆིན་ཝང༼སོག་པོའི་དཔོན་ཚང༽ལས་དབང་ཐང་དར་ཞིང་མངའ་ཐང་རྒྱས།དེ་བས་ཕྱི་ཡོང་དཔོན་ཆེན་མགྲོན་བསུ་ཇེ་མང་དུ་སོང་བ་དང་།སྔར་ཡོད་ཀྱི་བྲོའི་རྨང་གཞིའི་སྟེང་བྲོ་བ་སྒྲོལ་མ་ལྷ་མཚོ་དང་འབའ་ལི་ཐང་ནས་ཡོང་བའི་རྣམ་མཁྱེན་སོགས་གཙོ་བྱས་པའི་བྲོ་བ་སྐོར་ཞིག་ལི་ཐང༼བླ་བྲང༽སྡེ་བར་གཞི་ཆགས་ནས།ཁོང་ཚོས་ཁམས་སྡེ་དགེ་དང་འབའ་ལི་ཐང་གི་གཞས་བྲོའི་རྨང་གཞིའི་སྟེང་ནས་འཆམ་པའི་གཞས་བྲོ“ཆ་ལ་ཡེ་སོང་ར།’’“རེས་བཟའ་བ།”“འཛོམས་པའི་རི་ལ།”“གསེར་རི་ལུང་པ།”“ཆོས་ལ་བཟང་པ།”“རི་བོ་དུང་གི་ཕོ་བྲང”སོགས་གོང་ནས་བཤད་པ་ལྟར་བྲོ་ལྔ་བཅུ་ལྷག་ཡུལ་བླ་བྲང་ནས་དར་སྤེལ་བཏང་བ་དང་མཉམ་དུ་ཉེ་འཁོར་གྱི་སྡེ་བ་དང་ལྷ་སྡེ་ཤོག་ཚན་ཁག་ལ་ཡང་དམངས་ཁྲོད་བྲོད་ཡི་ཤན་ཞུགས་ཟབ་མོ་ཐེབས་ཡོད།དུས་ད་ལྟའི་བར་དུ་བླ་བྲང་ལི་ཐང་སྡེ་བའི་སྐྱིད་དགའ་དང་ཐར་མོ་སོགས་ཀྱིས་སྔར་ཡོད་ཀྱི་གཞས་བྲོ་སྒྱུ་རྩལ་རིགས་འདི་མ་ཉམས་གོང་སྤེལ་གྱིས་རྒྱུན་འཛིན་བྱེད་བཞིན་ཡོད།
དེས་ན་ལི་ཐང་སྡེ་བ་ན་དར་སྤེལ་བྱེད་བཞིན་པའི་དམངས་ཁྲོད་བྲོ་ལ་རྣམ་པ་དང་ཁྱད་ཆོས་གང་དག་ལྡན་ཞེ་ན།བྲོ་ཚིག་གི་ཆ་ནས་ལི་ཐང་སྡེ་བ་ན་དར་བའི་བྲོ་ཡི་བྲོ་ཚིག་ནང་དོན་གྱི་ཆ་ནས་ཐད་ཀར་འབའ་ལི་ཐང་གི་བྲོ་ཚིག་མ་ཉམས་པར་དར་ཁྱབ་བྱུང་བའི་བླ་བྲང་རང་གི་བླ་མ་དཔོན་ཆེན་ལ་བསྟོད་པའི་རིགས་ཆེ་ཁག་གཉིས་སུ་གྱེས་ཡོད།དེ་ལ་དང་པོའི་ཚབ་མཚོན་རང་བཞིན་ལྡན་པའི་བྲོ།“རྣ་ལུང་ཡག་མ”དང“ཚེ་རིང་མཚོ་མོ་”ལྟ་བུའི་བྲོ་ཚིག་གི་ཆ་ནས།“མགོ་རས་ཡག་མོ་ཨོ།།བྱང་ཆུབ་གླིང་གི་མགོ་རས།།བུ་མོ་ཚེ་རིང་མཚོ་མོ།།བསམ་པ་སྡུག་ཡང་མི་དགོས།།’’ལྟ་བུ་འབའ་ལི་ཐང་གི་གཞས་བྲོ་ཐད་ཀར་དར་ཁྱབ་བྱུང་བ་གསར་བོ་ཤེས་ཏེ་མགོ་རས་ཡག་མོ་ཞེས་པ་བྲོ་ཚིག་གི་ནང་དོན་ལས་རོང་མ་འབྲོག་གི་བུ་མོའི་ཁྱད་ཆོས་མངོན་ཞིང་འབྲི་ཆུའི་འགྲམ་རྒྱུད་དུ་དར་བའི་གཞས་བྲོ་ཡི་རྣམ་པ་ཡོད་དེ་བྲོ་ཚིག་ལེན་སྟངས་ཀྱི་ཆ་ནས་ད་ལྟའི་བར་དུ་བླ་བྲང་བྲོ་བས་ཀྱང་མགོ་རས་ཡག་མོ་མི་ཟེར་བར་མགོ་རས་ཡ(ཡག)མོ་ཟེར་བ་དང་།བུ་མོ་ཚེ་རིང་མཚོ་མོ་ལ་བུ་མོ་ཚེ་རིས(རིང)མཚོ་མོ།ཁང་བ་རྡོ་ཁང་གྲུ་བཞི་ལ༲ཁང་པལྟ་བུ་ཁམས་སྐད་ཀྱི་ཁྱད་ཆོས་ཐོན་ཡོད་པའི་བྲོ་ཚིག་སྐོར་ཞིག་ཀྱང་ད་ལྟའི་བར་དུ་ཡོད་པ་རེད།ཡང་བྲོ་ཚིག་ནང་དོན་གྱི་ཆ་ལ་འགྱུར་བ་བྱུང་ནས་བླ་བྲང་ས་གནས་རང་གི་བླ་མ་དཔོན་ཆེན་ལ་བསྟོད་པ་དང་།བྱུང་རབས་གནས་བསྟོད་ཀྱི་ནང་དོན་འདྲེས་པའི་ཆ་ཡང་མང་ཙམ་ཡོད་དེ།དཔེར་ན་“བསོད་ནམས་ལྷ་མོ་ཡང་སེ་ཡང’’ཞེས་པའི་བྲོ་ཚིག་ལྟར་ན”“ཕྱི་ན་ལྕགས་རི་ཡོད་པ།།ཨ་མདོ་བཀྲ་ཤིས་སྒོ་མང་།།ནང་ན་ནོར་བུ་ཡོད་པ།།ཨ་མདོ་འཇམ་དབྱངས་བཞད་པ།།’’ལྟ་བུ།མདོ་སྨད་ཡུལ་གྱི་དག་ཞིང་བཀྲ་ཤིས་འཁྱིལ་བར་བཞུགས་པའི་ཀུན་མཁྱེན་བླ་མ་ལ་བཅང་བའི་དད་སེམས་མཚོན་པ་དང་།དེ་མིན་ད་དུང“ཡ་ལང་དྲེ་སང་རོ’’ཞེས་པའི་བྲོ་ཚིག་ལྟར་ན“བྲག་དཀར་གནས་རི་མཐོ་པོ།།ཁམས་ཆེན་མཁའ་འགྲོའི་གནས་ས།།མཁའ་འགྲོའི་གནས་ཁང་ནང་ནས།།མ་དག་སྡིག་གྲིབ་དག་སོང་།།’’ལྟ་བུ་བླ་བྲང་རྒན་གྱའི་བྲག་དཀར་གནས་ཁུང་ལ་བསྟོད་པའི་བྲོ་ཚིག་ཀྱང་མང་པོ་ཡོད།
འཆམ་སྟངས་ཐད་ནས་ཁམས་པའི་གཞས་བྲོ་དང་བླ་བྲང་གཉིས་ནི་སྡོང་བོ་དང་ཡལ་གའི་ཚུལ་དུ་བླ་བྲང་ཡུལ་དུ་དར་སྤེལ་བྱུང་ན་ཡང་།བླ་བྲང་ཡི་འཆམ་སྟངས་དང་རྣམ་པའི་ཐད་ནས་ཁམས་པའི་གཞས་བྲོ་དང་བསྡུར་ན་རང་རང་ས་ཁོངས་ཀྱི་ཁྱད་ཆོས་དང་།དེ་ལ་ཆད་ལྷག་བཅོས་བཟོ་ཡི་རྣམ་པ་ཡང་ལྡན།དཔེར་ན།ཁམས་པའི་གཞས་བྲོ་ལྟ་བུ་ལ་མཚོན་ན་འདར་འགུལ།བརྐྱངས་བསྟུན་སོགས་ཀྱི་སྟངས་སྟབས་མྱུར་ཞིང་།ཕ་རུང་གཡུག་ཚད་མཐོ་ལ།དགྱེ་སྒུར་ཚད་བཀག་མེད་པ།གྲུང་ཤ་དོད་ཅིང་དཔའ་ཉམས་ལྡན་པ།འཆམ་སྟངས་དལ་བ་ནས་མགྱོགས་པ།མགྱོགས་པ་ནས་ཇེ་མགྱོགས་སུ་འགྲོ་བའི་ཁྱད་ཆོས་དེ་དག་བླ་བྲང་དུ་དར་བའི་བྲོ་ལ་མེད་པ་རེད།དེ་ཡང་གཙོ་བོ་བྲོ་འཁྲབ་སའི་ཁོར་ཡུག་དང་འཁྲབ་སྟོན་བྱེད་ཡུལ་ལ་རག་ལས་ཡོད་དེ།སྐབས་དེའི་བླ་བྲང་ལི་ཐང་གི་བྲོ་ལྟ་བུ་ལ་མཚོན་ན་འཆམ་ཡུལ་གཙོ་བོ་ཕོ་བྲང་ནང་དང་བླ་མའི་དྲུང་།དཔོན་པོའི་མདུན་ཡིན་པས་ཁམས་པའི་གཞས་བྲོ་ལྟ་བུའི་བརྗིད་ཉམས་དང་བློ་སྤོབས་ཀྱི་ཁྱད་ཆོས་ལས་ཆུང་དུ་ཕྱིན་ནས་བྲོ་བའི་སྟངས་སྟབས་གུས་ལུགས་ཚུལ་ལྡན་དང་།བབ་ཆགས་ལྷོད་ཆ་དོད་པ།གཞས་ཚིག་དལ་ཞིང་སྟངས་སྟབས་མགོ་ནས་མཇུག་བར་དུ་འགྱུར་བ་མི་གསལ་ཞིང་།གཙོ་བོ་འཁྲབ་སྟོན་རང་བཞིན་ཅན་གྱི་རྣམ་པས་འཆམ་པའི་ཁྱད་ཆོས་ཤིག་ལྡན་ནོ།
གཉིས  བླ་བྲང་དགོན་པའི་རྣམ་ཐར་བྲོ་ཡི་དར་སྤེལ་དང་ཁྱད་ཆོག
བླ་བྲང་རྣམ་ཐར་ཟློས་གར་གྱི་ཐོག་མ་ནི་སྤྱི་ལོ་༡༧༤༠ལོ་ནས་༡༧༩༤ལོའི་བར་ལ་དར་བའི་ལོ་རྒྱུས་ཡོད་དེ་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོས་དགོན་སྡེ་འདིའི་རིག་གནས་མ་ལག་གི་འཐུས་སྒོ་ཇེ་ཚང་དུ་གཏོང་བར་བདུན་པའི་རིགས་གྲྭ་ཞེས་པའི་ཆོས་ལུགས་ཀྱི་བྱེད་སྒོ་གསར་དུ་སྤེལ།དེ་ལ་ཤ་འཆམ་འཁྲབ་ཅིང་རྗེས་སུ་གུང་ཐང་བསྟན་པའི་སྒྲོན་མེ་༼༡༧༦༢ནས་༡༨༢༣༽ལ་ཀུན་མཁྱེན་འཇིགས་མེད་དབང་པོས་བཀས་བསྐུལ་ལྟར་《རྗེ་བཙུན་མི་ལའི་ཞལ་གདམས་ཀྱི་འགྲེལ་བ་གྲུབ་པའི་རྒྱན་ཞེས་བྱ་བ》ལས་༼ཞལ་གདམས་ཀྱི་འགྲེལ་བའི༽་སྐོར་དེ་ཤྭ་འཆམ་གྱི་རྣམ་པས་འཁྲབ་ཆོག་པའི་གཞུང་དུ་བསྒྱུར།དེ་ནི་བོད་སྤྱིའི་འཆམ་ལས་ཡོངས་སུ་བརྒལ་ཏེ་དེ་ལ་བྱུང་རིམ་དོན་རྐྱེན་དང་མི་སྣའི་གཤིས་ཀ།བྲོ་གར་གྱི་གྲུབ་ཆ་མང་དུ་འཛོམས་ལ་གླུ་དང་བྲོ་ཟློས་པའི་ཉམས་ཀྱང་ཕུན་སུམ་ཚོགས་པ་ཞིག་ལྡན་པས་དེ་ལ་རྣམ་ཐར་འཁྲབ་སྟངས་ཀྱི་རྣམ་པ་ལྡན་ཡོད།ཡིན་ན་ཡང་དེ་ལ་སེར་སྐྱ་ཀུན་གྱིས་དགོན་པའི་རྣམ་ཐར་ཞེས་བརྗོད་ཀྱིན་མེད་མོད་རྗེས་ཕྱོགས་སུ་དར་བའི་བླ་བྲང་དགོན་པའི་རྣམ་ཐར་གྱི་རྨང་གཞི་ལྟ་བུར་གྱུར་རོ།།
དེས་ན་བླ་བྲང་དགོན་པའི་རྣམ་ཐར་ཟློས་གར་ཞེས་ས་གནས་མང་ཚོགས་ཀུན་གྱིས་བཤད་པའི་རྣམ་ཐར་དེ་ནི་བླ་བྲང་སྐྱབས་མགོན་སྐུ་ཕྲེང་ལྔ་བ་བསྟན་པའི་རྒྱལ་མཚན་ཚང་གི་རིང་དུ་ཁོང་གིས་སྐུལ་བ་ལྟར།གླིང་སྤྲུལ་བའི་སྐུ་སྐལ་བཟང་ལེགས་བཤད་རྒྱ་མཚོ་དང་སྐུ་བཅར་མཁན་ཟུར་དཀོན་མཆོག་རྒྱ་མཆོ།རྕེ་སློབ་དགེ་རྒན་ཐུབ་བསྟན་བསྟན་འཛིན་སོགས་ཀྱིས་བླ་བྲང་དགོན་པ་ནས་རྣམ་ཐར་གྱི་འཁྲབ་གཞུང་ཐོག་མར་བརྩམས་པ་དང་།བཀྲ་ཤིས་རབ་བརྟན་ནས་ཁོང་གིས་སྐུ་དངོས་སུ་ཟློས་གར་བསྒྱུར་མི་རྣམས་ལ་མིག་གི་ལྟ་སྟངས་དང་ངག་གི་བརྗོད་ལུགས།ལུས་ཀྱི་རྣམ་འགྱུར་སོགས་གང་ཅིར་བཀའ་བཀོད་གནང་།དབུས་གཙང་ཡུལ་གྱི་ལྷ་མོ་དང་རྒྱའི་ཁྲང་ཞི་སོགས་ལ་གཞི་བྱས་ནས་སྲོང་བཙན་སྒམ་པོའི་རྣམ་ཐར་ཞེས་པའི་འཁྲབ་གཞུང་བླ་བྲང་དགོན་པ་ནས་ཐོག་མར་འཁྲབ་སྟོན་གནང་བ་དང་།འཁྲབ་སྟོན་པ་ཚང་མ་དགོན་པའི་གྲྭ་བ་ཡིན།རྣམ་ཐར་འཁྲབ་སྟོན་ལ་དོན་གྱི་བྱུང་རིམ་ལྡན་ཞིང་སྔ་ཕྱི་འབྲེལ་ཆགས་པ།རྒྱུད་རིམ་གསོན་ཉམས་ལྡན་པར།མི་སྣའི་དགའ་སྐྱོ་ཆགས་སྡང་གི་རྣམ་པ་གཅིག་པུ་ལས་བརྒལ་ནས་རྣམ་ཐར་གྱི་རྣམ་པ་ཀུན་ནས་ཕྱུག་པར་བར་སྐབས་སུ་བྲོ་འཁྲབ་ཅིང་།དེ་ལ་ཕ་ཡུལ་ཁམས་ཕྱོགས་རྔ་བ་དམུ་དགེ་ནས་ཡིན་པའི་ཚོང་བ་ན་ཟག་བསོད་ཧྭ་སོགས་ཀྱིས་རྣམ་ཐར་བྲོ་ལ་ཁྲིད་སྟོན་དང་དར་སྤེལ་བཏང་བ་རེད།དགོན་པའི་རྣམ་ཐར་བྲོ་ལ་ཨ་ཁུ་ཚུལ་ཁྲིམས༼ཆུང་དུས་དགོན་པའི་མདོ་དར་བའི་གྲས་དང་ད་ལྟ་ལི་ཐང་སྡེ་བ་ན་སྡོད་པའི་དམངས་ཁྲོད་སྒྱུ་རྩལ་པ་རྒན་རབས་༽ཀྱིས་བཤད་དོན་དེ་ལ་“རྒྱལ་སྲས་ཕྱག་ན་པདྨོ།”“གསེར་ཕྱོགས་ལུང་བའི་ཕུགས་ན།““ཁ་བ་གངས་ཀྱི་མེ་ཏོག”“གསེར་ཁང་ཆེན་མ།”“གཞས་ཡ་རེ་ལ་”སོགས་ཡོད་ཟེར།དགོན་པའི་རྣམ་ཐར་དུ་འཆམ་པའི་བྲོ་འདི་དག་ཡང་བླ་བྲང་ཡུལ་དུ་དར་བའི་བྲོ་ཡི་གྲུབ་ཆ་ཞིག་ཏུ་གྱུར་ཡོད།
དེས་ན་དགོན་པའི་རྣམ་ཐར་ན་ཡོད་པའི་བྲོ་ལ་རྣམ་པ་དང་ཁྱད་ཆོས་གང་དག་ལྡན་ཞེ་ན།བྲོ་ཚིག་གི་ཆ་ནས་བླ་བྲང་རྣམ་ཐར་བྲོ་ལ་གཙོ་བོ་རྣམ་ཐར་གྱི་བརྗོད་དོན་དངོས་དང་འབྲེལ་བའི་སྐྱེས་ཆེན་གྱི་མཛད་འཕྲིན་ལ་བསྟོད་བརྗོད་ཁ་གཡང་སྒྲོག་པ་མང་ལ།ཆོས་ལུགས་ཀྱི་ནང་དོན་ལྡན་ཞིང་རྟེན་འབྲེལ་སྨོན་ཚིག་དྲངས་པ་ཡང་ཡོད་དེ།དཔེར་ན།<<རྒྱལ་སྲས་ཕྱག་ན་པདྨོའི>>ཚིག་ལས།"རྒྱལ་སྲས་ཕྱག་ན་པདྨོ།།རྒྱལ་པོའི་ཚུལ་དུ་བྱོན་ནས།།རྒྱལ་པོའི་བསྟན་པ་སྤེལ་ཞིང་།།རྒྱལ་ཁྲིམས་ཆོས་བཞིན་སྐྱོང་སོང་།།གྲུ་འཛིན་ཞིང་གི་བདག་པོ།།རྣམ་འཕྲུལ་སྲོང་བཙན་སྒམ་པོ།།ཁ་བ་ཅན་འདིར་བྱོན་ནས།།ཁམས་གསུམ་དབང་དུ་བསྡུས་སོང་།།"ལྟ་བུ་བླ་བྲང་དགོན་པའི་རྣམ་ཐར་ཟློས་གར་ཐོག་མ"སྲོང་བཙན་སྒམ་པོ"འཁྲབ་སྟོན་གྱི་སྐབས་སུ་འཆམ་པའི་བྲོ་ཡིན་ལ།།དེ་དང་རིགས་འདྲ་བའི་རྣམ་ཐར་ཟློས་གར་མང་པོའི་ནང་ན་ཡང་བྲོ་རིགས་མི་ཉུང་བ་ཞིག་ཡོད།
འཆམ་སྟངས་ཀྱི་ཆ་ནས་བླ་བྲང་དགོན་པའི་རྣམ་ཐར་ཟློས་གར་དུ་འཆམ་པའི་བྲོ་ལ་སྟངས་སྟབས་ཀྱི་འགྲོས་དལ་ཞིང་།གཙོ་བོ་རྣམ་ཐར་ཟློས་གར་གྱི་བརྗོད་བྱར་རམ་འདེགས་ཀྱི་ནུས་པ་ཐོན་གྱིན་ཡོད་པསབྲོ་ཚིག་མཐོ་ཞིང་གསལ་ལ་འཆམ་སྟངས་དལ་ཞིང་ལྷོད་པ།བྲོ་ཚིག་གཙོ་བོར་བཟུང་ཞིང་སྟངས་སྟབས་ཕལ་བར་འཛིན་པའི་རྣམ་པ་ལྡན་པས་བྲོ་ལ་བརྐྱངས་བསྟུན་དོ་མཉམ་གྱི་རྣམ་པ་མི་གསལ་ལ།བྲོ་ཡོངས་ལ་ལྷོད་ཆ་ལྡན་ཞིང་གུས་ཚུལ་དོད་པོའི་ཁྱད་ཆོས་ལྡན།སྔོན་ཆད་དགོན་པའི་རྣམ་ཐར་འཁྲབ་སྐབས་གྲྭ་ཚང་དང་གཞི་རིམ་སྡེ་བར་དར་བ་ནས་བྲོ་བ་ཡང་ཕོ་མོ་གཉིས་འཛོམས་ཀྱི་རྣམ་པས་འཆམ་པ་རེད་དོ།།
       གཉིས་པ།ཐང་ནག་དང་དཔོན་ཚང་ཉེ་འཁོར་                                   
          སྡེ་བའི་བྲོ་ཡི་དར་སྤེལ་དང་ཁྱད་ཆོས།
གོང་ནས་བརྗོད་ཟིན་ལྟར་ད་ལྟའི་བར་དུ་རྒྱུན་འཛུན་དར་སྤེལ་གཏོང་བཞིན་པའི་བླ་བྲང་བྲོ་ཡི་གྲུབ་ཆ་གཙོ་བོ་གཉིས་ནི་བླ་བྲང་ལི་ཐང་སྡེ་བ་དང་དགོན་པའི་རྣམ་ཐར་ཟློས་གར་གྱི་བྲཔ་གཉིས་ཡིན་མོད།ཡིན་ན་ཡང་བླ་བྲང་བྲོ་ཡི་སྒྱུ་རྩལ་འདི་ཡང་སྡེ་བ་གཅིག་རྐྱང་ནས་དར་སྤེལ་བྱས་པ་ཞིག་མ་ཡིན་ཏེ།སྤྱིར་ན་དམངས་ཁྲོད་རིག་གནས་ལ་གཞན་འགྱུར་རང་བཞིན་དང་ལད་ཟློས་རང་བཞིན་ཡོད་པས།བླ་བྲང་བྲོ་ལ་མཚོན་ན་ཡང་སྡེ་བ་ཕན་ཚུན་བར་དུ་ཤན་ཞུགས་ཐེབས་ཡོད།དཔེར་ན།བླ་བྲང་ཐང་ནག་སྡེ་བར་མཚོན་ན་ལི་ཐང་སྡེ་བ་དང་ཐག་ཉེ་ཞིང་འགྲོ་འདུག་སྤྱོད་གསུམ་གང་གི་ཐད་ནས་སྡེ་བ་ཕན་ཚུན་བར་འབྲེལ་འདྲིས་ཆེ་བ་ཞིག་ཡིན་ལ།བཤད་ཚུལ་ལྟར་ན་སྐབས་དེར་ཐང་ནག་སྡེ་བ་ནི་གསར་གྲལ་མཉམ་ཞིང་མོ་སྒོ་འཛོམས་ས་ཞིག་ཡིན་པས་བླ་བྲང་བྲོ་བ་གསོ་སྐྱོང་བྱེད་ཡུལ་ཆེས་བཟང་ས་ཞིག་ཀྱང་རེང་ཟེར།ཐང་ནག་སྡེ་བའི་བྲོ་བ་རྒན་པ་ཚོས་ཀྱང་ལི་ཐང་བྲོ་ཡི་རྨང་གཞིའི་སྟེང་ནས་བྲོ་བ་རྒན་པ་སྒྲོལ་དཀར་སྐྱིད་དང་།རྟ་ལོ་སོགས་ཀྱིས་རང་གི་སྡེ་བ་ན་དར་སྤེལ་བཏང་བའི་བྲོ་འགའ་རེ་ཡོད་དེ།དཔེར་ན།"དགའ་བའི་གཞས་(ཡས)བྲོ་ལ"དང་"སེམས་པ་ཁྲ་མ"སོགས་ཡོད་པ་ད་ལྟའི་བར་དུ་བྲོ་བ་འཇིགས་བྱེད་འཚོས་བཤད་རྒྱུར།"ཐང་ནག་སྡེ་བའི་བྲོ་ལ་ཁམས་ཡུལ་ཤུལ་བྲོ་ཡི་ཤན་ཞུགས་ཐེབས་ཡོད་ཟེར།"དེ་ལ་རྒྱུ་མཚན་མེད་པ་ཞིག་མིན་ཏེ།དུས་རབས་གོང་མའི་ལོ་རབས་༢༠ནས་༤༠ཡས་མས་ཀྱི་བླ་བྲང་ས་ཁུལ་ནི་མདོ་སྨད་ཡུལ་གྱི་ཆོས་སྡེ་ཁོ་ན་མ་ཡོན་པར་དེ་ནི་ཚོང་ཟོག་མི་ཚོགས་འདུ་ཞིང་སྲིད་འབྱོར་ལྟེ་བ་ཞིག་ཏུ་གྱུར་ཡོད་པས།"བླ་བྲང་ཚོང་ར"ཞེས་ཉེ་འཁོར་སེར་སྐྱ་ཀུན་གྱི་འཚོ་བའི་དགོས་མཁོ་སྐོང་སའི་གནས་ཁྱད་པར་བ་ཞིག་ཏུ་ཡང་གྱུར་ཡོད།དེ་ལ་གོང་ནས་གླེང་བ་ལྟར་ཀུན་མཁྱེན་སྐུ་ཕྲེང་བཞི་བ་དང་ལྔ་བའི་རིང་མཉམ་དུ་ཡུལ་བླ་བྲང་དུ་གཞིས་ཆགས་པའི་ཁམས་པ་ཆོས་གནས་འདི་ནས་གཙོ་བོ་ཚོང་ལས་གཉེར་བ་དང་།དེ་ལ་བརྟེན་ནས་ཁམས་ཕྱོགས་ཀྱི་ཚོང་བ་མང་པོ་ཞིག་ཀྱང་རིམ་གྱིས་ཉི་མ་བླ་བྲང་དུ་ཚོང་ལས་བྱས་པར་སྟབས་བདེ་བསྐྲུན་ཡོད།དེ་བས་རྒྱུན་དུ་ཁམས་ཕྱོགས་ཀྱི་ཚོང་བ་སྐོར་རེ་ཚོང་ཟོག་རྟ་དྲེལ་ལ་བཀལ་ནས་བསང་ཁོག་བརྒྱུད་དེ་བླ་བྲང་ཚོང་རར་ཐོན་བཞིན་ཡོད།ཐང་ནག་སྡེ་བར་མཚོན་ན་སྐབས་དེའི་ཚོང་བ་འདུག་སའི་སྡེ་གལ་ཆེན་ཞིག་རེད།དེའི་ས་བབ་ཀྱི་ཁྱད་ཆོས་ལ་བལྟས་ན་གཅིག་ནས་བླ་བྲང་ཚོང་ར་དང་ཐག་ཉེ་ཞིང་འགྲོ་འདུག་གང་ལ་ཡང་སྟབས་བདེ་ཡིན་པ།གཉིས་ནས་ཚོང་བའི་རྟ་དྲེལ་བདག་སྐྱོང་གི་ཁོར་ཡུག་ཆ་རྐྱེན་འཛོམས་པས།ཁམས་ཕྱོགས་ཀྱི་ཚོང་བ་མང་པོ་ཞིག་ཉིན་མོར་བླ་བྲང་ཚོང་ར་ནས་ཚོང་ལས་གཉེར་བ་དང་།དགུང་མོར་གནས་ཚང་ཐང་ནག་ཏུ་བཅས་ནས་མགྲོན་བདག་ཚོ་དང་མཉམ་དུ་ཆང་གར་ལ་རོལ་བའི་སྲོལ་ཡོད་པ་ཐང་ནག་སྡེ་བའི་རྒན་པ་ཚོས་བཤད།དེ་ལ་བསྟན་ནས་ཡུལ་ཤུལ་གྱི་ཚོང་བས་རང་གི་ཕ་ཡུལ་གྱི་བྲོ་མང་བོ་ཞིག་སྡེ་བ་འདི་ནས་འཆམ་ཞོར་དུ་སྤེལ་བྱུང་བ་རེད་ཟེར།བྲོ་བ་འཇིགས་བྱེད་འཚོས་བྱེད་རྒྱུར “མོ་ཆུང་དུས་ཕ་དྲིན་ཆེན་པོ་བཀྲ་ཁོ་དང་མཉམ་དུ་ཡུལ་ཤུལ་གྱི་ཚོང་བ་མང་པོ་ཞིག་ཁོ་ཚང་དུ་ཡོང་ནས་བྲོ་འཆམ་པ་མོས་གསལ་བོ་ཤེས་ལ་དེ་བས་མོ་ལ་ཡང་ཆུང་དུས་ནས་གླུ་ལེན་བྲོ་འཆམ་གྱི་བག་ཆགས་ཐོག་མ་དེ་བཞག་པ་རེད’’ཟེར།
གང་ལྟར་བླ་བྲང་ཐང་ནག་སྡེ་བ་ན་དར་བའི་བྲོ་ལ་ཐོག་མར་ལི་ཐང་སྡེ་བའི་བྲོ་ཡི་ཤན་ཞུགས་ཐེབས་པའི་རྨང་གཞིའི་སྟེང་ནས་རིམ་གྱིས་ཡུལ་ཤུལ་ཁམས་ཕྱོགས་ནས་དར་བའི་བྲོ་སྐོར་ཞིག་ད་ལྟའི་བར་དུ་བྲོ་བ་འཇིགས་བྱེད་འཚོ་གཙོ་བྱས་པའི་ས་གནས་མང་ཚོགས་ཀྱིས་རྒྱུན་འཛིན་དར་སྤེལ་གཏོང་བཞིན་ཡོད།༢༠༡༣ལོར་ཡུལ་ཤུལ་ས་ཆའི་དམངས་ཁྲོད་བྲོ་བ་ཟླ་བ་སྒྲོལ་མས་འཚོལ་བསྡུ་བརྙན་ཕབ་བྱས་པའི་ཁམས་པའི་གཞས་བྲོ་བརྙན་འཁོར༼DVD༽ལས་འཆམ་པའི་ཁམས་པའི་གཞས་བྲོ་དང་བླ་བྲང་ས་ཆར་དར་བའི་བྲོ་ཁམས་ཡུལ་ཤུལ་གྱིས་གཞས་བྲོ"བུ་མོ་ཚེ་རིང་མཚོ་མོ"དང་བླ་བྲང་ཡུལ་གྱི་བྲོ"ཚེ་རིང་མཚོ་མོ"གཉིས་ཀྱི་བྲོ་མིང་དང་འཆམ་སྟངས་དབྱངས་འགྲོས་ཀྱང་ཁྱད་པར་ཅུང་མེད།དེ་མིན་ད་དུང"ཙན་དན་འཁྲུངས་ལུགས་ཡག་བྱུང"དང"ཙན་དན་ལོ་མ"གཉིས་ལ་དབྱངས་ཚིག་འཆམ་སྟངས་གང་གི་ཆ་ནས་ཕལ་ཆེར་ཁྱད་པར་མེད་ཚོད་རེད།
དེས་ན་ཐང་ནག་སྡེ་བ་དང་དེའི་ཉེ་འཁོར་སྡེ་བ་ན་དར་བའི་བྲོ་ལ་ཁྱད་ཆོས་དང་རྣམ་པ་གང་དག་ལྡན་ཞེ་ན།
བྲོ་ཚིག་གི་ཆ་ནས་བྲོ་རེ་འགའ་ལ་ལི་ཐང་སྡེ་བ་ན་དར་བའི་བྲོ་དང་དགོན་པའི་རྣམ་ཐར་གྱི་བྲོ་གཉིས་དང་བསྡུར་ན་ཅུང་མི་འདྲ་ས་ཞིག་ཡོད་དེ།བྲོ་ཚིག་གི་ཐད་ནས་བསྟོད་ཚིག་རྐྱང་རྐྱང་མིན་པར་གཙོ་བོ་བྲོ་བའི་རང་སྣང་གསོ་བའི་རྣམ་པ་བྲོ་བའི་སེམས་ཀྱི་འགྱུར་བ་མཚོན་པའི་ཁྱད་ཆོས་ལྡན་ཡོད་དེ།དཔེར་ན།
<<ཚེ་རིང་མཚོ་མོའི>>བྲོ་ཚིག་ལྟར་ན“མཐོ་པོ་ཨ་སྔོན་དབྱིངས་ནས།།བྱ་རྒྱལ་གཤོགས་རྩལ་ངོམ་སོང་།།སྐྱིད་པོ་བཀྲ་ཤིས་རབ་བརྟན།།སེམས་ཅན་སེམས་ཁ་དྭངས་སོང་།།’’དེ་མིན་ད་དུང<<ལྷ་རྟ་ངང་བ་འཕུར་ཤེས>>ལས“ལྷ་རྟ་ངང་བ་འཕུར་ཤེས།།གསེར་ཁྲབ་པདྨའི་ཕྲ་ལྡན།།ལྕགས་འདའ་འུག་པའི་རྩེ་སྒྲོ།།ནག་ཕྱོགས་བདུད་མང་མ་ཡོང་།།ཤིས་པའི་བྲོ་ར་བདེ་མོ།།བདེ་ལས་གསོལ་བཀྲ་གསོལ་སོང་།།’’ལྟ་བུ་ཡོད།།
འཆམ་སྟངས་ཀྱི་ཆ་ནས་བྲོ་ཚིག་གི་བརྗོད་བྱའི་ནང་དོན་འགྱུར་བ་ལྟར་འཆམ་སྟངས་ལ་ཡང་བྲོ་བ་རང་གི་བརྗིད་ཉམས་དང་དཔའ་ཉམས་ཀྱི་རྣམ་པ་ཅུང་ལྡན་ལ་སྟངས་སྟབས་ཀྱང་ཅུང་མགྱོགས་པས་བྲོ་བའི་སྟངས་ལ་གླག་མོ་དགུང་ནས་གཞོལ་བ་ལྟ་བུའི་ཉམས་ཀྱི་ཁྱད་ཆོས་ལྡན་པ་རེད།
གསུམ་པ།བླ་བྲང་བྲོ་ཡི་ད་ལྟའི་གནས་བབ་དང་
མ་འོངས་བརྒྱུད་འཛིན་ཐད།
ད་ལྟའི་བར་དུ་བླ་བྲང་བྲོའི་དར་ལུགས་བྱུང་འཕེལ་གྱི་ལོ་རྒྱུས་གསལ་བོ་ཞིག་མེད་པ་དང་དམངས་ཁྲོད་བྲོ་བ་རྒན་པ་འདི་ཚར་ལ་ཉེ་བའི་སྐབས་འདིར།བླ་བྲང་བྲོ་འདི་ཡང་སྤྱི་ཚོགས་མདུན་སྐྱོད་ཀྱི་གོམ་ཁའི་བར་ནས་སྐྱུར་དང་བརྗེད་བཞིན་ཡོད་པ་རེད།སྡེ་བ་སོ་སོས་ཀྱང་རང་གི་ཚབ་མཚོན་ལྡན་པའི་བྲོ་འགའ་རེ་ལོ་གསར་དང་ཤིང་སློང་།སྟོན་མོ་སོགས་སུ་འཆམ་པ་ལས་མགི་སྔ་ཚང་ཞིང་ཁྱད་ཆོས་ལྡན་པའི་བྲོ་ཁ་ཚང་ཞིགའཆམ་ཤེསནཀྱི་མེད་ཚོད་རེད།དེ་བས་བླ་བྲང་བྲོ་འདི་བརྒྱུད་འཛིན་དང་དར་སྤེལ་གཏོང་དགོས་པར་དམིགས་ནས།ལོ་རབས་བརྒྱད་ཅུའི་ནང་རྒན་སྐལ་བཟང་ཚེ་བརྟན(ནུབ་བྱང་མི་རིགས་སློབ་གྲྭའི་དགེ་རྒན་ཆེན་མོ)སོགས་ཀྱིས་འཚོལ་བསྡུ་དག་སྒྲིག་གནང་ནས་པར་བསྐྲུན་བྱས་ཡོད་པའི་༼ཀ་ལ་པངྐའི་སྒྲ་དབྱངས༽ཞེས་པའི་དཔེ་ཆའི་ནང་དུ་བླ་བྲང་ས་ཁུལ་གྱི་ཞབས་བྲོ་༩༠ལྷག་ཡིག་ཐོག་ཏུ་བཀོད་ཡོད།དེའི་ནང་གི་བྲོ་འགའ་རེ་ཀན་ལྷོ་ཟློས་གར་ཚོགས་པ་བླ་བྲང་གླུ་གར་ཚོགས་པ་བཅས་ཀྱིས་འཁྲབ་སྟོན་བྱས་མྱོང་ལ།ད་ལྟའི་བར་བྲ་བ་རྒན་པ་འཇིགས་བྱེད་འཚོ་སོགས་ཀྱིས་རང་གི་ས་གནས་ཀྱི་དམངས་ཁྲོད་སྒྱུ་རྩལ་འདི་ལ་དུང་ཞེན་དང་ཉམས་པ་སོར་ཆུད་དུ་རང་ཐད་ནས་རྩ་འཛུགས་བྱས་པའི་ཞབས་བྲོ་ཚོགས་པ་ཞིག་བཙུགས་པ་དང་དེ་ལ་བྲོ་བ་ལྟ་ལོ་དང་སྐྱིད་དགའ།ཐར་མོ།ཚེ་དབང་བཅས་ཞུགས་ནས་བླ་བྲང་བྲོའི་བརྒྱུད་འཛིན་ལ་བྱས་རྗེས་འཇོག་བཞིན་ཡོད།
༢༠༠༩ལོ་བསང་ཆུ་རྫོང་ཨུ་དང་རྫོང་དྲིལ་བསྒྲགས་ལས་ཁུངས།རིག་གནས་ལས་ཁུངས་བཅས་ཀྱིས་མཉམ་དུ་བླ་བྲང་ས་ཆའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་མར་སྲོང་སྐྱོབ་དང་དར་སྤེལ་གཏོང་བར།མ་དངིལ་འབོར་ཆེན་བཏང་ནས་ཆེད་དམངས་ཁྲོད་སྒྱུ་རྩལ་པ་རྒན་རབས་དང་ཆེད་ལས་མི་སྣ་བསྡུས་ནས་བླ་བྲང་བྲའི་དབྱངས་ཚིག་འཚོལ་བསྡུའི་ལས་ཀ་སྤེལ།སྐབས་དེར་ངས་ཀྱང་བྲོ་ཚིག་འཚོལ་བསྡུའི་འགན་ཁུར་ཡིན་ལ།༢༠༡༠ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་གནང་བའི་བླ་བྲང་རིག་གནས་དཔེ་ཚོགས་ཀྱི་ནང་ཆེད་དུ༼བླ་བྲང་དམངས་ཁྲོད་ཞབས་བྲོ༽ཞེས་པའི་དཔེ་དེབ་གཅིག་པར་བསྐྲུན་བྱས་ཡོད་ལ་དེའི་ནང་དུ་སྔར་ཡོད་ཡིག་ཐོག་ཏུ་ཕབ་ཡོད་པའི་བྲོ་ཡི་རྨང་གཞིའི་སྟེང་གསར་དུ་འཚོལ་བསྡུ་བྱས་པའི་བྲོ་༣༠ལྷག་བསྣན་ཡོད།དེ་དང་མཉམ་དུ་བླ་བྲང་དམངས་ཁྲོད་བྲོ་བ་རྒན་པ་་དང་ས་གནས་སྒྱུ་རྩལ་ཚོགས་པའི་བྲོ་བ་བཅས་ཀྱིས་མཉམ་དུ་འཆམ་པའི་བླ་བྲང་སྐོར་བྲོ་ཞེས་པའི་བརྙན་འཁོར་ཕར་བསྐྲུན་བྱས་པ་དང་།དེས་བླ་བྲང་བྲོ་ཡི་དར་སྤེལ་དང་བརྒྱུད་འཛིན་ལ་ནུས་པ་མི་དམན་པ་ཞིག་ཐོན་ཡོད།དེ་བས་ས་གནས་གཞོན་སྐྱེས་ཚང་མས་ཀྱང་རང་ཡུལ་གྱི་དམངས་ཁྲོད་བྲོ་ཡི་སྒྱུ་རྩལ་ལ་དོ་སྣང་གིས་བྲོ་བ་རྒན་རབས་ཚོ་དང་མཉམ་དུ་རིག་གནས་སྒྱུ་རྩལ་འདི་ཁྱབ་བརྡལ་བཏང་ན།གཅིག་ནས་མི་རིགས་རང་གི་ཐུན་མིན་སྒྱུ་རྩལ་དར་སྤེལ་གཏོང་བར་ཕན་པ་དང་།་གཉིས་ནས་ལུས་པོ་སྦྱང་བརྡར་དང་རང་སྣང་གསོ་བའི་དགེ་མཚན་ལྡན་པ་རེད།
མདོར་ན་བླ་བྲང་ས་ཆར་དར་བའི་བྲོ་ལས་གནས་རང་གི་ཁྱད་ཆོས་ཀྱིས་ཕྱུག་ཅིང་སྡེ་བ་སོ་སོའི་བར་དུ་ཕན་ཚུན་སྐྱ་འཐབ་ཡོད་པའི་རྣམ་པ་དང་ཁྱད་ཆོས་ཐད་རེ་རེ་བཞིན་དཔྱད་དཀའ་མོད།རང་ཉིད་ས་གནས་དངོས་ལ་འཚོལ་བསྡུ་དང་།བྲོ་བ་རེ་རེར་བཅར་འདྲི།འབྲེལ་ཡོད་ཡིག་ཆར་དཔྱད་བསྡུར་གྱིས་རང་གི་ནུས་ཚོད་ཀྱིས་མེ་ཏོག་ཆུང་རུང་ལྷ་རྫས་གུར་གུམ་ཆུང་རུང་སྨན་རྫས་ཀྱི་དཔེ་ལྟར་བླ་བྲང་རིན་གནས་ཡར་རྒྱས་ལ་བསམ་པ་ཡར་སེམས་ཞིག་གི་ཚུལ་དུ་ཅུང་ཟད་དཔྱད་པ་འདི་ནས་རེ་ཞིག་རྫོགས་སོ།།
  • ལེ་ཚན་སྔོན་མ།:གླུ་གར་བང་མཛོད་ཀྱི་ནོར་བུ་སྟེ་གླིང་བྲོ།
  • ལེ་ཚན་རྗེས་མ།:ཡུལ་ཤུལ་གྱི་བྲོ་གཞས།