ཡུལ་ཤུལ་གྱི་བྲོ་གཞས།

དཀོན་མཆོག་ཆོས་དར།        2016-04-14

 དང་པོ། ཡུལ་ཤུལ་གྱི་བྲོ།
 བྲོ་ནི་ཟློས་གར་དང་སྒྲ་དབྱངས། སྙན་ཚིག་གསུམ་མཉམ་སྦྲེལ་གྱི་བོད་མི་རིགས་ཀྱི་གནའ་བོའི་དམངས་ཁྲོད་གླུ་གར་གྱི་རིགས་ཤིག་ཡིན་ལ། ལྷག་པར་དུ་མདོ་དབུས་མཐོ་སྒང་གི་ལྟེ་བར་ཆགས་པའི་ཡུལ་གྱི་བྲོ་ལ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རྣམ་པ་མང་བ། དབྱངས་འགྲོས་དང་ངག་སྟབས། འགྱུར་ཁུགས། འཁྲབ་སྟངས། ཉམས་འགྱུར་སོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་ལྡན་ཡོད་ཅིང་། རིགས་ཀྱི་སྒོ་ནས་གཙོ་བོ་ཡུལ་ཤུལ་ས་ཁུལ་གྱི་པད་ལུང་དང་། ནང་ཆེན། སེང་ཟེ། འབྲོང་མདའ་སོགས་ལ་དར་ཁྱབ་ཆེ་ཞིང་། གཞན་སྨན་ཤུལ་བྲོ་དང་བློ་ཡས་བྲོ། ཁྲ་ལེབ་བྲོ། དཔལ་ཆུ་བྲོ། སྡེ་རྟ་བྲོ་སོགས་ས་གནས་རང་བཞིན་ཅན་གྱི་བྲོའི་རིགས་སྣ་ཚོགས་ཡོད་པ་ལས་ཅུང་གྲགས་ཆེ་བ་ནི་ཡུལ་ཤུལ་གྱི་བྲོ་ཆེན་གསུམ་དང་འབྲོང་མདའི་རྨེ་སེང་བྲོ་དང་བཞིའོ།།
 གཅིག སྒ་ཁྲི་འདུའི་པད་ལུང་བྲོ་ནི་ཁྲི་འདུའི་པད་ལུང་སྡེ་བུ་རུ་གནའ་ནས་དར་བའི་དམངས་ཁྲོད་ཀྱི་གནའ་བོའི་བྲོ་ཞིག་ཡིན་ལ། སྐྱེས་པ་རྒན་དར་གཞོན་གསུམ་གྱིས་མཆོད་འབུལ་དང་མགྲོན་བསུ། དགོན་པའི་ཆོ་ག་སྤེལ་ཚེ་འཁྲབ་སྟོན་བྱེད་པ་ཞིག་ཡིན། དེའང་ས་གནས་དེ་གའི་དམངས་ཁྲོད་ཀྱི་ངག་རྒྱུན་དུ། བྲོ་པ་མགར་གཡུ་ལོ་གྲགས་པ་ཆེན་མོ་དང་མཐུ་སྔགས་པ་དབང་ཁྱུང་ཆེན་པོ་གཉིས་ཀྱིས་སྔ་ཕྱིར་པད་ལུང་སྡེ་བའི་བྲོའི་སྒྱུ་རྩལ་པ་འགའ་ཤས་གླིང་གི་ས་ཆར་ཁྲིད་དེ་གླིང་གེ་སར་རྒྱལ་པོ་དང་སྒ་སྐྱ་ལོ་སེང་ལྕམ་འབྲུག་མོ་གཉིས་ཀྱི་གཉེན་སྟོན་ལ་ཞུགས་པ་དང་། གཉེན་སྟོན་གྱི་སྟེང་ནས་བྲོ་པ་ཚོའི་འཁྲབ་སྟོན་ལ་གླིང་གེ་སར་རྒྱལ་པོས་བསྟོད་བསྔགས་རྒྱ་ཆེན་བྱས་ཏེ་ལེགས་སྐྱེས་ཁ་བཏགས་ཕུལ་མྱོང་བར་གྲགས་ཞེས་བཤད་སྲོལ་ཞིག་དང་། ཡང་ཁ་གཅིག་གིས་ཡོན་རྒྱལ་རབས་ཀྱི་གོང་མའི་དབུ་བླ་འགྲོ་མགྲོན་ཆོས་རྒྱལ་འཕགས་པ་ཉིད་ཁྲི་འདུར་ཕེབས་སྐབས་ཕེབས་བསུ་རྒྱ་ཆེན་པོ་བྱས་ཤིང་། སྐབས་དེར་པད་ལུང་སྡེ་བས་པད་ལུང་བྲོ་དེ་ཐོག་མར་འཁྲབ་སྟོན་བྱས་ཏེ་མཆོད་འབུལ་བྱས་པ་ནས་བཟུང་དར་ཁྱབ་དང་འཕེལ་རྒྱས་བྱུང་བ་ཡིན་ཞེས་བཤད་ཚུལ་ཡང་ཡོད་པ་ཡིན། གཞན་པད་ལུང་བྲོ་ཡི་བསམ་བློའི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་ཤིང་བརྩམས་ཆོས་ཀྱི་བརྗོད་བྱ་གཙོ་བོའང་འཚོ་བའི་ལོངས་སྤྱོད་ལ་བསྟོད་བསྔགས་དང་གནས་ཁྱད་པར་ཅན་ལ་བསྟོད་པ། ཡུལ་ལྷ་གཞི་བདག་ལ་མཆོད་པ། དགེ་སྡིག་སྤང་བླང་གི་རྣམ་བཞག ཚེ་བསོད་དབང་ཐང་རྒྱས་པའི་བཀྲ་ཤིས་སྨོན་འདུན་སོགས་ཡོད་པ་ཡིན། ད་དུང་བྲོ་ཡི་འཁྲབ་སྟངས་ཀྱི་སྐོར་ནས་ཀྱང་། རྐང་པས་བྲོ་བརྡུང་། ལག་པས་གར་བསྒྱུར། ངག་ནས་ཚིག་འདོན་པའི་ཁྱད་ཆོས་དམིགས་གསལ་ཞིག་དང་གོ་རིམ་ལྟར་དལ་འབྲིང་མགྱོགས་གསུམ་གྱི་སྒོ་ནས་འཁྲབ་སྟོན་བྱེད་པ་དང་། དབྱངས་ཀྱི་འགྱུར་ཁུགས་སྙན་ཞིང་ སྟངས་སྟབས་བརྗིད་ཉམས་ལྡན་པའོ། །
 སྔོན་ཆད་པད་ལུང་བྲོ་ལ་བྲོ་སྣ་བརྒྱད་ཅུ་ཙམ་ཡོད་ཅིང་། མིག་སྔར་བྲོ་སྣ་སུམ་ཅུ་ཙམ་ལས་ལྷག་མེད།
      གཉིས། སེང་ཟེའི་རྒྱ་ནག་ཆོས་བྲོ་ནི། ངག་དབང་བློ་གྲོས་རྒྱ་མཚོས་མཛད་པའི་རྒྱ་ནག་རྟོགས་ལྡན་བྱང་ཆུབ་འཕགས་དབང་གི་རྣམ་ཐར་དད་གསུམ་ཆུ་གཏེར་འཕེལ་བའི་ཟླ་གཞོན་ཞེས་བྱ་བ་རུ། མ་ཎི་རྟེན་བཞེངས་གྲུབ་པའི་རྗེས་སུ། པད་རྐོ་རྣམས་དང་གྲོང་པའི་དུད་མི་རྣམས་ཀྱིས་ སྟོན་མོ་རྒྱ་ཆེ་བ་གནང་སྐབས། རྟོགས་ལྡན་ཉིད་ཀྱིས། མ་གྱུར་སེམས་ཅན་རྣམས་ཀྱི་དོན་དུ་དམིགས་པའི་རྟེན་བཞེངས་པ་གྲུབ་པས། རང་རེ་ཡོན་མཆོད་རྣམས་སྐྱིད། སྐྱིད་རྟགས་ལ་ལྟད་མོ་བཤམས། དགའ་རྟགས་ལ་ཞབས་བྲོ་བརྡུང་པ་འདི་སྔོན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་བཞག་པ། ད་རྣལ་འབྱོར་པ་རྣམས་ཀྱིས་སྐྱིད་དགའ་ཡུན་རིང་གནས་པའི་ཕྱིར་དུ་ས་སྲིན་འགོང་པོ་གདུག་པ་ཅན་ད་ཡུལ་འདྲེ་འཁྱམས་པོ་འདུལ་བའི་ཕྱིར་དུ་དཔའ་བོའི་ཚོགས་གང་གཏོར་བྲོ་མཁའ་འགྲོའི་རྔམས་སྟབས་རྣམས་གསུངས་གསོལ་ཡོད་པས་ཐོག་མར་སྐལ་བཟང་འབུམ་ཁྱོད་ཀྱིས་ཡུལ་ལུགས་དང་མཐུན་པའི་བྲོ་བརྡུང་། ངེད་རྣམས་ཀྱིས་རམས་བུ་བྱེད་གསུངས་ཞེས་སོགས་བྲིས་ཡོད་པར་དེར་གཞིག་ན། ཆོས་བྲོ་འདི་ཉིད་ནི་རྒྱ་ནག་མ་ཎི་བཞེངས་གྲུབ་བྱུང་རྗེས་ཀྱི་སྐབས་དེ་ནས་དར་མགོ་ཚུགས་པ་དང་། ཆོས་བྲོའི་ནང་དོན་དང་དམིགས་ཡུལ། བརྡུང་སྟངས་སོགས་ཀྱང་ཅི་འདྲ་ཞིག་པ་གསལ་བོ་ཤེས་ཐུབ། བཤད་སྲོལ་ལྟར་ན། སེང་ཟེ་ཆོས་བྲོ་ལ་བྲོ་སྣ་བརྒྱ་དང་བརྒྱད་ཡོད་པ་བཤད་ལ། ད་ལྟ་ཕལ་ཆེ་ཤོས་ནུབ་ནས། དེ་རིང་བཀྲ་ཤིས་ཉི་མ་སོགས་བྲོ་སྣ་སུམ་ཅུ་ཙམ་ལས་ལུས་མེད།
 སྲོལ་རྒྱུན་ལྟར་ན། རྒྱ་ནག་ཆོས་བྲོ་འདི་ཉིད་རྒྱ་ནག་འབུམ་ཆེན་གྱི་སྐབས་དང་བོད་ལུགས་ལོ་གསར་གྱི་ཚེས་མགོར་སྟེ་ལོ་རེར་འཁྲབ་སྟོན་ཐེངས་གཉིས་བྱེད་སྲོལ་ཡོད་ལ། བྲོ་འཁྲབ་སའི་ས་གནས་ཀྱང་སྔོན་གྱི་མ་ཎི་བཞེངས་གྲུབ་བྱུང་རྗེས་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་སྤེལ་ས་སྟེ། དགེ་བསྙེན་ཤུག་པ་གཡང་ཕྱུག་གི་མདུན་གྱི་མཚོ་ཁྲི་ཁུག་ནས་ཡིན། འོན་ཀྱང་། ད་ལྟ་སྤྱི་ཚོགས་འཕོ་འགྱུར་གྱི་རླབས་དང་བསྟུན་ནས་འཁྲབ་སྟོན་གནས་དུས་ལ་བཀག་རྒྱ་དེ་ཙམ་མེད་པ་གྱུར་ཡོད།
 སེང་སེ་ཆོས་བྲོ་འཁྲབ་སྟོན་བྱེད་སྐབས། སྐྱེས་པ་རྒན་གཞོན་དར་གསུམ་ཚང་མས་ལུས་ལ་རྒྱན་ཆ་བཏགས་པ་དང་མགོ་ལ་ཇོ་ལ་གོན་ནས་ཞུགས་དགོས་ལ། བྲོ་བ་དག་ཚོ་ཤོག་གཉིས་སུ་བགོས་ནས་དབྱིབས་གོར་གོར་བྱས་ཏེ། ཚོ་ཤོག་སོ་སོའི་བྲོ་དཔོན་གྱི་སྣེ་ཁྲིད་འོག་ནས་བྲོ་ཡི་དབྱངས་འགྲོས་དང་བསྟུན་ནས་འཁྲབ་སྟོན་བྱེད་པར་གཞན་དང་མི་མཚུངས་པའི་རྔམ་བརྗིད་ཟིལ་ཤུགས་ལྡན་ཡོད།
 གསུམ། ནང་ཆེན་བྲོ་རྒན་མ་ནང་ཆེན་ས་ཆའི་བྲོ་ལ་ཟེར་ཞིང་། བཤད་རྒྱུན་ལྟར་ན་ཀརྨ་ཆགས་མེད་མཆོག་གིས་བྲོ་གང་མང་ཞིག་བརྩམས་པར་མཛད་པ་དང་། ནང་ཆེན་རྫོང་གི་མགར་ཉང་ཆེན་བྱུང་ཆུབ་ཆོས་གླིང་གི་སྐུ་ཕྲེང་བདུན་པ་མགར་བསྟན་འཛིན་ཕུན་ཚོགས་ཀྱིས་བྲོ་གཞས་སོ་བརྒྱད་ལྷག་གཅེས་བསྡུས་ཉར་ཚགས་བྱས་ཞེས་གསུང་མོད། ད་ལྟ་མིག་གི་སྤྱོད་ཡུལ་དུ་གྱུར་ཡོད་པ་ནི་ཉེར་གཉིས་ཙམ་ལས་མེད།
 ནང་ཆེན་བྲོ་རྒན་མ་ནི་ད་ལྟ་ནང་ཆེན་ས་ཁུལ་གྱི་ལྕི་ཆུ་ཞང་དབལ་ཡུལ་ཤིང་རོང་དང་། སྤྲེལ་ཚྭ་ཞང་ཚྭ་ཁ་མ། ན་བུན་གྲོང་ངམ་ནུན་གྲོང་སོགས་སུ་དར་ཁྱབ་ཆེ་ཞིང་། བྲོ་འདི་ནི་འཁྲབ་སྟོན་དང་རྩེད་མོའི་ཁྱད་ཆོས་ཡོད་པའི་བྲོའི་རིགས་ཤིག་ཀྱང་ཡིན་པས། སྐྱེས་ཕོ་མོ་གཉིས་ཀ་ཞུགས་ཆོག་ལ། བྲོ་རྡུང་དུས། སྐྱེས་པ་ཚོས་ནང་དུ་ཕུ་ཐུང་རིང་བའི་བྲོ་ལྭ་དཀར་པོ་གྱོན་པ་དང་། ཕྱི་རུ་ཕྲུག་ལྭ་དམར་སྨུག་གྱོན་ཡོད་ལ། སྨད་ལ་འབུ་རས་ཀྱི་རྐང་སྣམ་ཁ་སྦོམ་ཞིག་གྱོན་ཡོད། བུད་མེད་ཚོས་མགོ་ལ་སྤོས་ཤེལ་ལྔ་མགོ་དང་། རྐེད་ལ་ཆ་ཁྲ་དང་གློ་ལུང་སོགས་བཏགས་ནས་གར་ཆས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ཡོད།
 ནང་ཆེན་བྲོ་རྒན་མའི་འཁྲབ་སྟོན་གྱི་སྟངས་སྟབས་ཟོར་ཡང་ཞིང་བྲོ་བ་ཕོ་མོ་ཀུན་གྱི་ལུས་ལ་ས་གནས་ཀྱི་ཁྱད་ཆོས་མངོན་པར་དོད་པའི་ཉམས་འགྱུར་ལྡན་ལ། དབྱངས་ཀྱི་འགྱུར་སྙན་ཞིང་འཇེབས་པ་དང་། རྔ་དང་གླིང་བུ། རྭ་གཟར་སོགས་རོལ་ཆས་ཀྱི་རམ་འདེགས་ཡོད་པས་ཡུལ་ཤུལ་གྱི་བྲོ་གཞན་པ་དང་བསྡུར་ན་ཁྱད་ཆོས་མངོན་གསལ་གྲུབ་ཡོད།
 བཞི། གཞན་འབྲོང་མདའི་གནས་སྲུང་༼རྨེ་སེང་ཞེས་ཀྱང་འབྲི་སྲོལ་ཡོད།༽བྲོ་ནི་ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་བའི་ཁམས་ཁུལ་གྱི་བྲོའི་རིགས་ཤིག་ཡིན་ལ། ས་གནས་དེ་གའི་རྒན་པོ་དག་གིས་གསུངས་པ་ལྟར་ན། དེ་ནི་བོད་བཙན་པོ་རྒྱལ་རབས་ཀྱི་དུས་སྐབས་ཏེ། སློབ་དཔོན་པད་མ་འབྱུང་གནས་འཁོར་བཅས་མདོ་ཁམས་སུ་ཕེབས་ཏེ་འགྲོ་དོན་གྱི་འཕྲིན་ལས་སྤེལ་སྐབས། ས་གནད་གྲུ་གསུམ་སྟེང་དུ་མེ་བཙའི་མཆོད་རྟེན་སྒ་ཡི་མཆོད་རྟེན་དཀར་པོ་སོགས་བཞེངས་ཤིང་། གནས་ཆེན་རིན་ཆེན་ཤེལ་བྲག་ཏུ་སྒྲུབ་མཚམས་ལ་བཞུགས་སྐབས་ཡུལ་འདིར་ཨོ་རྒྱན་གཏེར་བྲོ་སོགས་མཛད་པ་རྒྱ་ཆེར་སྤེལ་བ་ནས་བཟུང་དར་བ་ཡིན་པ་བཤད་ལ། དེ་ལ་གནས་ལུགས་མེད་པ་ཡང་མ་ཡིན་ཏེ། རྗེ་འབངས་ཉེར་ལྔའི་སྒྲུབ་ཕུབ་ད་ལྟའང་ཡུལ་དེ་ནས་དངོས་སུ་མཇལ་རྒྱུ་ཡོད། འབྲོང་མདའི་གནས་སྲུང་བྲོ་ལའང་སྔོན་ཆད་བྲོ་སྣ་བརྒྱ་དང་བརྒྱད་ཡོད་ཅེས་བཤད་སྲོལ་ཡོད་ཀྱང་། ད་ལྟ་ཉམས་རྒུད་དུ་གྱུར་ནས་མ་སྟོང་ཙམ་ཞིག་ལུས་ཡོད་ཅེས་བཤད་ནའང་མི་ཆོག་རྒྱུ་ཡེ་མི་འདུག འབྲོང་མདའི་གནས་སྲུང་བྲོ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི། དེ་ལ་བྲོ་ཕྱི་ར་དང་ནང་ར་ཞེས་དབྱེ་བ་འབྱེད་རྒྱུ་ཡོད་པ་དེ་ཡིན། བྲོ་ནང་ར་ཨོ་རྒྱན་གཏེར་བྲོ་ཟེར་བ་དེ་གནས་སྲུང་གྲོང་པའི་རྒྱལ་ཆེན་སྡེ་བཞིའི་ནང་རོལ་ནས་མ་གཏོགས་སྡེ་བའི་ཕྱི་རོལ་ནས་འཆམ་མི་ཆོག་པ་དང་། བྲོ་ཕྱི་ར་མཁའ་འགྲོའི་བྲོ་ར་ཞེས་པ་དེ་གྲོང་པའི་ཕྱི་རོལ་གྱི་དུས་རྒྱུན་བྱེད་སྒོ་སྟེང་ནས་འཆམ་ཆོག་པ་སོགས་ཀྱི་ཁྱད་པར་ཡོད་པ་རྒན་རབས་དག་གི་ངག་ནས་ཐོས་པའོ། །
 འབྲོང་མདའི་གནས་སྲུང་བྲོ་ཡང་སྐྱེས་པ་ཁོ་ནས་འཁྲབ་སྟོན་བྱེད་དགོས་ལ། ཐོག་མར་མགོ་བརྩམས་པའི་ཚེ། འགྱུར་ཁུགས་སྙན་པའི་དབྱངས་འགྲོས་ཀྱིས་བྲོ་ཚིག་ཐེངས་གཅིག་འདོན་པ་དགོས་པ་དང་། དེ་རྗེས་དབྱངས་འགྲོས་དང་བསྟུན་ནས་གཟབ་ནན་དང་བརྟན་བརླིང་སྒོས་གོམ་ཁ་ཆེ་ཞིང་ལག་པ་གཉིས་རིང་དུ་བསྲིངས་ཏེ་རྒོད་པོས་གཤོག་ཟུང་བརྐྱངས་པ་ལྟར་དལ་བུ་འཁྲབ་དགོས་ལ། དེ་རྗེས་དབྱངས་འགྲོས་ཇེ་མགྱོགས་སུ་བཏང་བ་དང་བསྟུན་ནས་གར་སྟབས་ཀྱང་ཇེ་མགྱོགས་བྱས་ཏེ། བྲོ་ཡི་སྟངས་སྟབས་ཀྱང་འཁྲུག་ཆ་ཆེ་ཞིང་གོམ་ཁ་མྱུར་བ། འགྱུར་བག་རྒོད་ཅིང་རྔམ་བརྗིད་ལྡན་པའིངང་ནས་མཇུག་བསྡུ་བ་དང་། ནང་དོན་གྱི་ཐད་ནས་ཀྱང་། མགོ་མཆོད་བརྗོད་ནས་མཇུག་བཀྲ་ཤིས་བསྔོ་སྨོན་གྱི་བར་དུ་གྲལ་ཚང་པོ་ཡོད་པ་ཡིན།
 གཉིས་པ། ཡུལ་ཤུལ་གྱི་གཞས།
 གཞས་ནི་ཡུལ་ཤུལ་ས་ཆའི་སྒྱུ་རྩལ་འཁྲབ་སྟོན་གྱི་རིགས་ཤིག་ཡིན། དབུས་གཙང་གི་སྐད་ཆའི་ཁྲོད་དུ་ངག་གི་དབྱངས་རྟ་གླུ་ཡི་རིགས་སུ་གོ་ན་ཡང་། ཡུལ་ཤུལ་དམངས་ཁྲོད་དུ་འཁྲབ་འདོན་གཉིས་ཆ་ཡོད་པའི་འཁྲབ་སྟོན་གྱི་རྣམ་པ་ཞིག་ལ་གོ་བ་ཡིན།
 ཡུལ་ཤུལ་ས་ཁུལ་ནས། ཤར་ཕྱོགས་ཀྱི་རྫོང་གསུམ་སྟེ་ཡུལ་ཤུལ་རྫོང་དང་ཁྲི་འདུ་རྫོང་། ནང་ཆེན་རྫོང་གསུམ་གྱི་རོང་ཡུལ་དུ་གཞས་དར་ཁྱབ་ཆེ་ལ། ནུབ་ཕྱོགས་ཀྱི་རྫོང་གསུམ་སྟེ་རྫ་སྟོད་རྫོང་དང་འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་གསུམ་འབྲོག་ཁུལ་ལ་གླུ་དར་ཁྱབ་ཆེ་བ་ཡིན་པས། ཡུལ་ཤུལ་གྱི་གཞས་འདི་ཡང་གཙོ་བོ་ཤར་ཕྱོགས་ཀྱི་རྫོང་གསུམ་ལ་དར་ཁྱབ་ཆེ་བ་ཡིན།
 དེ་ཡང་། རིག་གནས་ཁོར་ཡུག་དང་དམངས་ཁྲོད་ཀྱི་གོམས་སྲོལ། ས་བབས་ཀྱི་གནས་སྟངས་སོགས་མི་འདྲ་བའི་དབང་གིས། ནང་ཆེན་ས་ཁུལ་གྱི་གཞས་དང་དེ་མིན་ས་ཁུལ་གྱི་གཞས་གཉིས་ཀྱང་དེ་ཙམ་མི་འདྲ་སྟེ། ནང་ཆེན་གྱི་གཞས་དེར་གཙོ་བོ་འཇམ་གཉེན་དང་ལྷོད་ཡངས་ཀྱི་ཁྱད་ཆོས་ཡོད་དེ། གཞས་འཆམ་སྐབས་རྐང་ལག་གི་འདེགས་འཇོག་དལ་བ་དང་། ལུས་ཀྱི་ཉམས་འགྱུར་ཧ་ཅང་ལྷོད་བག་ལྡན་པ། སྙན་པའི་གདངས་དབྱངས་ཀྱི་འགྱུར་ཁུགས་དང་བསྟུན་ནས་དལ་མོ་འཁྲབ་དགོས་པ་ཞིག་ཡིན་ལ། ཁྲི་འདུ་རྫོང་ཁོངས་དང་ཡུལ་ཤུལ་རྫོང་ཁོངས་ཀྱི་འབྲི་ཆུ་འགྲམ་རྒྱུད་དུ་གནས་པའི་རོང་ཁུལ་གྱི་གཞས་ནི་གཞས་ལྭའི་ཕུ་ཐུང་རིང་ལ་གཡུག་ཆེ་བ་དང་སྐེད་པའི་སྒུར་ཚད་དམའ་ཞིང་རྡོག་སྒྲ་ནན་མོ་རྒྱག་པ་དང་། འགྱུར་ཁུགས་མྱུར་ལ་དཔའ་ཉམས་ལྡན་ཞིང་། ཧ་ཅང་འཁྲུག་ཆ་དོད་པོ་ཅན་ཞིག་ཡིན།
 གཞས་འཆམ་སྟངས་ཀྱི་ཆ་ནས་གཞས་ལ་འདོན་རྒྱུ་དང་འཆམ་རྒྱུ་གཉིས་ཀ་ཡོད་ལ། འཕྲེད་གླིང་དང་རྔ་ཆེན་སོགས་རོལ་ཆའི་རམ་འདེགས་ལ་བརྟེན་ནས་འཆམ་པའང་ཡོད་ཅིང་། སྤྱིར་ བཏང་དུ་ཕོ་མོ་གཉིས་སུ་ཕྱེས་ནས་ཕྱོགས་རེ་ལ་གཞས་དཔོན་ཞེས་པའི་མི་གཅིག་གིས་གཞས་སྣ་ཁྲིད་ནས་འདོན་ཞོར་འཆམ་དགོས་ལ། དབྱིབས་གོར་གོར་དང་གྲུ་བཞི། ནོར་བུ་དགའ་འཁྱིལ་གྱི་དབྱིབས་ལྟར་འཆམ་པ་སོགས་རྣམ་པ་སྣ་ཚོགས་པ་ཡོད་པ་ཡིན། གཞས་འཆམ་པའི་ཚེ་ཕོ་མོ་སོ་སོས་ཁ་དོག་མི་འདྲ་བའི་གཞས་ལྭ་ཕུ་རིང་ཞིག་གྱོན་ནས་ཡོད་པས་ཁ་དོག་རྣམ་པར་བཀྲ་ཞིང་གཞས་རང་ཐོག་ལའང་མཛེས་སྡུག་གི་ཉམས་དོད་ཅིང་བརྩེ་དུང་གི་ཤུགས་ཐོན་པར་བྱས་ཡོད།
 ཡུལ་ཤུལ་གྱི་གཞས་ལ་རྒྱུན་རིང་བའི་ལོ་རྒྱུས་དང་ཆ་ཚང་བའི་སྒྲིག་གཞི། ཁྱད་ཆོས་ཕུན་སུམ་ཚོགས་པའི་འཁྲབ་སྟོན་གྱི་རྣམ་པ་ཡོད་པ་དེ་ནི། ཕྱོགས་གཅིག་ནས་ས་གནས་འདིའི་ངལ་རྩོལ་མི་དམངས་ཀྱིས་མི་རབས་ནས་མི་རབས་བྱས་ཏེ་གསར་གཏོད་དང་ལེགས་བཅོས། འཐུས་ཚང་དུ་བཏང་བའི་གྲུབ་འབྲས་ཡིན་ལ། ཕྱོགས་གཞན་ཞིག་ནས། དཔེར་ན་ཡུལ་ཤུལ་རྫོང་གི་འབྲོང་མདའི་ཡུལ་ཚོ་ལ་ཆ་མཚོན་ན། སྒ་སྟོན་རྡོ་རྗེ་འཆང་ངག་དབང་ལེགས་པས་ཐར་ལམ་དགོན་གྱི་མཆོད་སྡེ་རྣམས་ལ་གཞས་ཚིག་གསེར་གྱི་ཕྲེང་བ་སོགས་མཛད་པ་ལྟར། དགོན་སྡེ་སོ་སོར་མཁས་གྲུབ་སྐྱེས་བུ་མང་པོ་བྱོན་མྱོང་བ་དེ་རྣམ་པས་སོ་སོའི་མཆོད་སྡེ་ཁག་ལ་གཞས་ཚིག་ཕུན་སུམ་ཚོགས་པ་ཞིག་བརྩམས་གནང་མཛད་པ་དེས་ཡུལ་དེའི་གཞས་དང་ཞབས་བྲོ་འཕེལ་རྒྱས་འགྲོ་བར་རྨང་གཞི་ལེགས་པོ་ཞིག་བཞག་ཡོད་པ་དང། དུས་རབས་གསར་པའི་ནང་ནས་ཀྱང་གླུ་གཞས་ལ་དགའ་ཞེན་ཆེ་བའི་ས་གནས་དེའི་མི་རྣམས་ཀྱིས་སྔོན་གྱི་སྲོལ་བཟང་རྒྱུན་འཛིན་དང་དར་སྤེལ་གཏོང་ཐུབ་པ་བྱུང་བས། འབྲོང་མདའི་ཡུལ་གྱི་གཞས་བྲོ་ཞེས་ཧ་ཅང་གྲགས་པ་ཆེ་བ་བྱུང་བ་ལྟ་བུའང་ཡིན་ནོ།།
 གཞན་གཞས་ཚིག་གི་ནང་དོན་ལའང་ས་གནས་ཀྱི་ཁྱད་ཆོས་བརྗོད་པ་དང་མཁས་གྲུབ་བླ་མ་དག་གི་བསྟོད་པ། ད་དུང་ངལ་རྩོལ་ཐོན་སྐྱེད་སོགས་བརྗོད་པ་ཡོད་ལ་དབྱངས་ཀྱི་འགྱུར་ཁུགས་ཕུན་སུམ་ཚོགས་ཤིང་སྟངས་སྟབས་སྣ་ཁ་མང་བ་དང་། འཁྲབ་སྟངས་གི་གོ་རིམ་ལྟར་ན་ཐོག་མར་གཞས་པ་ཕོ་ཤོག་མོ་ཤོག་བྱས་ཏེ་ཆང་མཆོད་འབུལ་བ་དང་དེ་ནས་གཞས་དངོས། མཇུག་ཏུ་བཀྲ་ཤིས། དེ་རྗེས་བཀྲ་ཤིས་རྒྱས་པའི་ཚུལ་དུ་དེར་ཡོད་ཀྱི་གཞས་པ་དངོས་ཡིན་མིན་གྱི་མི་ཚང་མས་ཨ་ལ་ཐ་ལ་འཆམ་སྲོལ་ཡོད་པ་ཡིན་ནོ།།
 ཡུལ་ཤུལ་གྱི་གཞས་ལ་ད་དུང་རས་པ་དང་རས་གཞས་སོགས་ཡོད་པ་དག་ས་གནས་གཞན་པ་དག་གི་གཞས་དང་བསྡུར་ན་ཁྱད་པར་དེ་ཙམ་མེད་པས། དེའི་སྐོར་འདིར་རྒྱས་པ་མ་སྤྲོས་སོ།།
 གཞན་ཡུལ་ཤུལ་ལ་ད་དུང་། གླིང་སྒྲུང་དང་། འབྲས་དཀར། དཔའ་བོ་དཔའ་མོ་སོགས་ཀྱི་འཁྲབ་སྟོན་བྱེད་རྒྱུ་ཡོད་མོད་འདིར་ཞིབ་ཏུ་མ་བྲིས་སོ།།
༼ རྩོམ་སྒྲིག་པ་ཨོ་རྒྱན་དོན་གྲུབ། ༽
  • ལེ་ཚན་སྔོན་མ།:མདོ་སྨད་བླ་བྲང་ཡུལ་གྱི་བྲོ་ཡི་དར་ལུགས་དང་ཁྱད་ཆོས་སྐོར་གླེང་བ།
  • ལེ་ཚན་རྗེས་མ།:བོད་ཀྱི་བྲོ་གླུ།