བརྩོན་འགྲུས་ཀྱིས་གླུ་གཞས་སྒྲོལ་མར་བཅངས་པའི་བརྩེ་དུང་དྭངས་མ།

ངེད་གསར་འགྱུར་ཐོ་འགོད་པ་ཡེ་ཤེས་མགོན་པོས་བྲིས།        2010-07-21

རབ་རྒྱན་མེ་ཕག་ལོར་སྐྱེལ་མ་དང་རབ་རྒྱན་ས་བྱི་ལོར་བསུ་མ་བྱེད་པའི་དུས་བཟང་འདིར།རང་ཁུལ་གྱི་གླུ་བ་གྲགས་ཅན་བརྩོན་འགྲུས་ཀྱིས་བརྩམས་ཤིང་བླངས་པའི་གླུ་གཞས་སྒྲོལ་མ་ཞེས་པར་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་པའི་གཅིག་ཅན་ལྔའི་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།
གླུ་གཞས་སྒྲོལ་མ་ཞེས་པ་དེ་ནི་དཀར་མཛེས་ཁུལ་དུ་མ་ཟད།བོད་ཁམས་ཡོངས་ཀྱི་མི་ཚོས་རྒྱུས་ཤེས་ཡོད་པ་རེད་ཟེར་ནའང་ཆོག་གིན་རེད།མི་ཀུན་གྱི་ཡིད་དབང་འགུག་ནུས་ལྡན་ལ་བོད་ཁམས་ཡོངས་སུ་ཁྱབ་གདལ་འགྲོ་བའི་གླུ་གཞས་དེའི་རྒྱབ་ལྗོངས་སུ་མཛེས་སྡུག་ལྡན་པའི་གཏམ་རྒྱུད་རེ་ཡོད་པ་སྟེ།
གླུ་གཞས་སྒྲོལ་མའི་གཞས་ཚིག་ནི་བརྩོན་འགྲུས་ཁོ་རང་གིས་བརྩམས་ནས་ཆོས་རྒྱལ་མཚོས་གདངས་དབྱངས་སུ་བཀོད་པ་ཞིག་ཡིན།སྨྱུག་འཛིན་པས་ཁོའི་ཁྱིམ་དུ་བཅར་འདྲི་བྱེད་སར་འགྲོ་སྐབས།ཕྱོགས་གཅིག་ནས་ཁོས་ལེན་པའི་གླུ་གཞས་སྒྲོལ་མར་ཉམས་སུ་མྱོང་བ་དང་།ཕྱོགས་གཞན་ཞིག་ནས་བརྩོན་འགྲུས་ལ་བཅར་འདྲི་བྱེད་ཞོར་གླུ་གཞས་སྒྲོལ་མ་ཞེས་པ་གསར་རྩོམ་བྱས་པའི་བརྒྱུད་རིམ་སྐོར་གླེང་མོལ་བྱས་པ་ཡིན།
༡༩༧༣ལོའི་ཟླ་བ༦པའི་ནང་བརྩོན་འགྲུས་དཀར་མཛེས་ཁུལ་རོང་བྲག་རྫོང་དུ་སྐྱེས།ཁོས་སྨྱུག་འཛིན་པར་བཤད་རྒྱུར།ཁོ་རང་ཉིད་དང་ཐོག་བོད་རིགས་གླུ་བ་ཞིག་ཡིན།དེ་ནས་རིག་རྩལ་རྒྱུད་སྤེལ་བྱེད་མཁན་ཞིག་ཡིན།སྨྱུག་འཛིན་པས་ཁོར་གླུ་གཞས་སྒྲོལ་མ་ཞེས་པ་དེའི་གླུ་ཚིག་བརྩམས་པའི་མྱོང་ཚོར་སྐོར་ཁ་བརྡ་ལབ་པའི་སྐབས་སུ།བརྩོན་འགྲུས་ཀྱིས་བརྩེ་དུང་ཟབ་མོའི་ཉམས་འགྱུར་བསྟན་ནས་བཤད་རྒྱུར།ཁོ་རང་ཆུང་དུས་སུ།ཁོའི་ཨ་མ་དང་སྲིང་མོ་བཅས་པས་ཁོ་རང་ཉིད་ལྷག་བསམ་ཟོལ་མེད་ཀྱིས་གཅེས་སྐྱོང་བྱས་མཐར།བདེ་སྐྱིད་ངང་འཚར་ལོངས་བྱུང་ཡོད་པས་ཁོའི་སེམས་ནང་ཨ་མ་དང་མིང་སྲིང་ཚོར་བསྔགས་བརྗོད་བྱས་པའི་བསྟོད་གླུ་ཞིག་འབྲི་རྒྱུའི་དམ་བཅའ་བཞག་མྱངས།སྐད་ཆ་བཤད་ནས་དེར་སླེབས་དུས།བརྩོན་འགྲུས་ཀྱིས་ཨ་མཚར་རྩེད་མོས་སྒྲོལ་མ་ནི་མི་རྣམས་ཀྱི་སེམས་སུ་གདུང་བ་འཇོམ་མཁན་གྱི་ལྷ་མོ་རེད།དེ་རིང་ངས་སྒྲོལ་མ་ཞེས་པའི་གླུ་འདི་གནམ་འོག་གི་སྒྲོལ་མ་ཇི་བཞིན་ལྷག་བསམ་བཅངས་ནས་རང་གི་བུ་དང་བུ་མོ་འཚོ་སྐྱོང་བྱེད་མཁན་གྱི་ཨ་མ་དག་ལ་ལེགས་སྐྱེས་སུ་འབུལ་བ་ཡིན།ཤེས་རྟོགས་བྱུང་བར་གཞིགས་ན།སྒྲོལ་མ་ཞེས་པའི་གླུ་འདི༡༩༩༧ལོར་གསར་རྩོམ་བྱས་མོད།འོན་ཀྱང་དེའི་སྐབས་སུ་ཁོ་ཉིད་སྙན་གྲགས་དེ་ཙམ་མེད་པས་དབྱངས་རྟ་དྲངས་རྒྱུའི་ཐད་ཀྱོག་ལམ་མི་ཉུང་བ་བརྒྱུད་ཡོད།བརྩོན་འགྲུས་དེའི་ཐད་ཡིད་ཕངས་པའི་སྐབས་སུ་བོད་རིགས་ཀྱི་གྲགས་ཅན་གཞས་གདངས་རྩོམ་མཁན་ཆོས་རྒྱ་མཚོས་སྒྲོལ་མ་ཞེས་པའི་གླུ་ཚིག་འདི་མཐོང་སྐབས།ཡེ་ཤེས་སྤྱན་གྱི་ནོར་བུ་ཤེས་ཞེས་པའི་དཔེ་ལྟར་ཆོས་རྒྱ་མཚོས་དེ་མ་ཐག་ཏུ་བརྩོན་འགྲུས་ལ་སྐུལ་སློང་བྱེད་དུ་འགྲོ་བ་དང་ཆབས་ཅིགཁོ་གཉིས་ཀྱི་ཐུན་མོང་དུ་འབད་བརྩོན་བྱས་པར་བརྒྱུད།སྙན་ཞིང་འཇེབས་པའི་གླུ་འདི་འགྲུབ་ཡོད་པས་གསེར་ས་འོག་སྦས་ན།འོད་ནམ་མཁའ་ལ་འཕྲོས་ཞེས་པའི་གཏམ་དཔེ་དེའི་གནས་ལུགས་ལ་ར་སྤྲོད་བྱས་པ་རེད།༢༠༠༦ལོར་སྒྲོལ་མ་ཞེས་པའི་གླུ་འདི་བོད་ལྗོངས་ཀྱི་ལོ་༥༠རིང་གི་ཕུལ་བྱུང་གླུ་གཞས་སུ་བསྡུ་སྒྲིག་བྱས་པ་རེད།
སྒྲོལ་མ་ཞེས་པའི་གླུ་གཞས་བརྩམས་ཆོས་འདི་གྲུབ་རྗེས།བརྩོན་འགྲུས་ལ་གསར་རྩོམ་གྱི་ཚོར་རྣོན་རིག་པ་ཐོལ་སྐྱེས་བྱུང་མཐར།ཁོས་གླུ་ཚིག་བྲིས་པ་དང་དབྱངས་རྟ་བཀོད་པའི་ལས་ལ་ཞུགས་ནས་སྔོན་རྗེས་སུ་བཀྲ་ཤིས་པའི་ཁམས་པ་དང་ཁམས་པའི་བརྩེ་དུང་།མཛེས་མའི་ལུང་པ་བཅས་གླུ་གཞས་བཅུ་ལྷག་གསར་རྩོམ་བྱས་ཡོད།བརྩོན་འགྲུས་ནི་དཀར་མཛེས་ཁུལ་གྱི་ས་གནས་རང་ཉིད་དུ་སྐྱེས་ནས་འཚར་ལོངས་བྱུང་བའི་གླུ་བ་ཞིག་ཡིན་པས།ཁོས་སྒྲོལ་མ་ལྟ་བུའི་སྙན་ཞིང་འཇེབས་པའི་གླུ་གཞས་གསར་རྩོམ་ཐོན་པ་ནི་དུས་ཡུན་རིང་པོར་རང་ཉིད་མཐའ་སྐོར་གྱི་འཚོ་བར་ཟབ་འཇུག་བྱས་ཏེ་ཞིབ་མོ་བློས་རྟོགས་དཔྱོད་བྱས་པ་དང་བྲལ་ཐབས་མེད་པ་ཞིག་རེད་ལ།ཁོས་ཕ་ཡུལ་ལ་བཅངས་པའི་བརྩེ་དུང་ཡང་མཚོན་པ་ཞིག་ཡིན་པས་རང་ཉིད་ས་གནས་སུ་འཚར་ལོངས་བྱུང་བའི་གླུ་བ་དེའི་སྙན་དབྱངས་ཉིད་ལྟད་མོ་བ་ཚོའི་རྣ་བའི་དཔྱིད་དཔལ་དུ་གྱུར།འཁྲབ་སྟོན་བྱས་པའི་སྐབས་སུ་ཐལ་སྒྲས་ཁོའི་སྙན་དབྱངས་དང་འགྲོགས།རབ་དཀར་ཁ་བཏགས་དཀར་པོས་ཁོའི་སྐེད་མགུལ་གཡོགས།
འདས་པའི་ལོ་ཟླ་དུ་མའི་ནང་བརྩོན་འགྲུས་ཀྱིས་ཞིང་འབྲོག་མི་སེར་ཚོའི་རེ་བ་བསྐོང་བའི་ཆེད་དུ།རང་ཉིད་ཀྱི་ལས་རྐང་ཐོག་རྒྱུན་ཆད་མེད་པར་འབད་བརྩོན་བྱས་ནས་ཧུར་བརྩོན་གྱིས་ཞིང་འབྲོག་ས་ཁུལ་དུ་ཟབ་འཇུག་བྱས་ཏེ་འཁྲབ་སྟོན་བྱས་པར་བརྟེན།སྙན་ཞིང་འཇེབས་པའི་གླུ་དབྱངས་དེ་མི་སེར་ཚོར་འབུལ་ནས་ཁོའི་སྙན་གྲགས་ཉིན་རེ་བཞིན་ཇེ་ཆེར་འགྲོ་དང་འགྲོ་བཞིན་ཡོད་པ་རེད།
མི་རིགས་རང་གི་གླུ་གར་གྱི་སྒྱུ་རྩལ་དར་སྤེལ་དེ་བས་ཡག་པོ་བྱེད་ཆེད།༢༠༠༥ལོར་དཀར་མཛེས་ཁུལ་རིག་གནས་ཐོན་ལས་འགོ་ཁྲིད་ཚོ་ཆུང་གིས་རྒྱབ་སྐྱོར་བྱས་འོག
བརྩོན་འགྲུས་ཀྱིས་ཁོ་རང་གི་མཆེད་གྲོགས་ཁ་ཤས་དང་མཉམ་དུ་དཀར་མཛེས་ཁུལ་ཁམས་བོད་རིག་གནས་དར་སྤེལ་ཀུང་སི་ཞིག་འཛུགས་གཉེར་བྱས་ནས་མི་རིགས་རིག་གནས་ཐོན་ལས་ལ་སྨིན་པའི་འཚོལ་ཞིབ་ཀྱི་འཕྲིན་ལས་སྤེལ་འགོ་ཚུགས་པ་རེད།༢༠༠༦ལོར་བརྩོན་འགྲུས་ཀྱི་མིང་ལ་བརྟེན་ནས་བཏགས་པའི་མཛའ་གཞས་ཀྱི་རྒྱལ་བུ་བརྩོན་འགྲུས་ཀྱི་འཁྲབ་སྟོན་ལྟེ་གནས་ཞེས་པ་དེ་དར་མདོར་གཉེར་ཡོད།གྲོང་ཁྱེར་དུ་གཉེར་བའི་འཁྲབ་སྟོན་ལྟེ་གནས་ཀྱིས་གདོད་སྐྱེས་རང་བཞིན་ཁེངས་པའི་བྱེད་ཐབས་ལ་བརྟེན་ནས་འཁྲབ་སྟོན་བྱས་པའི་ཐབས་ལམ་བརྒྱུས།བྱེད་སྟངས་འདི་ནི་བོད་མི་གནའ་བོའི་གླུ་གར་སྒྱུ་རྩལ་རྒྱུན་འཛིན་བྱས་པས་མ་ཚད།ངོ་མཚར་སྟོང་དང་ལྡན་པའི་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་བར་དགེ་མཚན་ལྡན་པའི་འཚོལ་ཞིབ་བྱས་པ་ཞིག་ཀྱང་རེད།བརྩོན་འགྲུས་ཀྱིས་འབད་བརྩོན་བྱས་པར་མཐའ་གཏུག་སྤྱི་ཚོགས་ཀྱིས་ཁས་ལེན་ཐོབ་ཡོད།༢༠༠༧ལོའི་ཟླ་བ༤པར་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྩ་འཛུགས་པུའུ་དང་དྲིལ་བསྒྲགས་པུའུ།གུང་གཞོན་སྡེ་ཚོགས་དཀར་མཛེས་ཁུལ་ཨུ།དཀར་མཛེས་ཁུལ་ན་གཞོན་མཉམ་འབྲེལ་ལྷན་ཚོགས།དཀར་མཛེས་ཉིན་རེའི་ཚགས་པར་ཁང་།དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཅུས་བཅས་སྡེ་ཚན་གྱིས་དཀར་མཛེས་ཁུལ་ཕུལ་བྱུང་གཞོན་ནུ་བཅུ་དཔྱད་འདེམས་བྱེད་པའི་སྒོའི་ནང་།འདེམས་སྒུག་མི་སྣ༢༠ཡི་ནང་བརྩོན་འགྲུས་གཟེངས་སུ་ཐོན་ནས་དཀར་མཛེས་ཁུལ་ཕུལ་བྱུང་གཞོན་ནུ་བཅུ་ལ་བདམས་ཐོན་བྱུང་བ་རེད།དེར་བརྟེན་ང་ཚོས་འདིར་བརྩོན་འགྲུས་ཀྱིས་མི་རིགས་ཀྱི་གླུ་གར་རྒྱ་མཚོའི་ཁྲོད་དུ་རྒྱུན་ཆད་མེད་པ་འཚོ་བཅུད་གསར་པ་ཉམས་སུ་མྱོང་ནས་དེ་བས་ཕུལ་དུ་བྱུང་བའི་གླུ་གཞས་གསར་རྩོམ་བྱས་པའི་སྨོན་འདུན་ཞུ་བ་ཡིན།
  • ལེ་ཚན་སྔོན་མ།:ཁམས་པའི་གླུ་མ་ཟླ་བ་སྒྲོལ་མའི་སྙན་པའི་དབྱངས་རྟ་གོ་ལ་ཟླུམ་པོར་གྲགས།
  • ལེ་ཚན་རྗེས་མ།:གླུ་མ་བསོད་ནམས་ཆོས་སྒྲོན་གྱི་གནས་ཚུལ་མདོར་བཀོད།