ཧྥེང་ཧྥ་ཀུའེ་འཐུས་མི་ཚོགས་པ་བདུན་པའི་གྲོས་བསྡུར་ནང་ཞུགས།

མཁས་གྲུབ་དང་རྟ་མགྲིན་གྱིས་བྲིས།        2021-12-28

ཧྥེང་ཧྥ་ཀུའེ་འཐུས་མི་ཚོགས་པ་བདུན་པའི་གྲོས་བསྡུར་ནང་ཞུགས།

     སྤྱི་ཟླ12པའི་ཚེས27ཉིན་གྱི་ཕྱི་དྲོར།བློ་མཐུན་ཧྥེང་ཧྥ་ཀུའེ་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མི་ཚོགས་པ་བདུན་པའི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་སྐབས་ཁུལ་གྱི་གནས་ཚུལ་ལ་གཞི་ཚུགས་ཏེ་གོ་སྐབས་དམ་འཛིན་དང་འབད་འབུངས་དངོས་སྒྲུབ་བཅས་བྱས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སླར་ཡང་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

     ཧྥེང་ཧྥ་ཀུའེ་ཡིས་བློ་མཐུན་ཧྲེན་དབྱང་གིས་ཁུལ་ཨུ་སྐབས་བཅུ་གཅིག་པའི་ཚབ་ཞུས་ནས་ཕུལ་བའི་ལས་དོན་སྙན་སེང་ལ་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་བ་དང་ཁུལ་རང་གི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་བརྒྱད་ཐད་ནས་འདས་ཟིན་པའི་ལོ་ལྔའི་ནང་ཐོབ་པའི་གྲུབ་འབྲས་ཆེན་པོར་ཕྱིར་དྲན་བྱས་པ་དང་།ཕྱོགས་དྲུག་ཐད་ཀྱི་ལས་ཀའི་ཉམས་མྱོང་ཕྱོགས་སྡོམ་བྱས་པ།ཕྱོགས་བདུན་ཐད་ནས་འབྱུང་འགྱུར་ལོ་ལྔའི་ལས་འགན་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱས་པ།ཁྱད་པར་དུ“གཅིག་གཉིས་གསུམ་བཞི་ལྔ”ཡི་སྤྱིའི་ལས་ཀའི་བཀོད་སྒྲིག་ཁ་གསལ་བཟོས་ཡོད་པས་དེ་ནི་ཁུལ་ཡོངས་ཀྱི་གོང་འོག་ཚང་མའི་འབྱུང་འགྱུར་ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད་ཅེས་བསྟན།

     ཧྥེང་ཧྥ་ཀུའེ་ཡིས་འདས་ཟིན་པའི་ལོ་ལྔ་ནི་དཀར་མཛེས་ཁུལ་གྱི་ལོ་རྒྱུས་ཐོག་གི་གལ་འགངས་ཤིན་ཏུ་ཆེ་བ་དང་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན། ལོ་ལྔའི་རིང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་བསམ་གཞི་འཛིན་པར་རྒྱུན་འཁྱོངས་བྱས་ནས“འགྲིམ་འགྲུལ་སྔོན་དུ་སྤེལ་བ”ལ་གྲུབ་འབྲས་བླ་ལྷག་ཐོབ་པ་དང་།ཁྲིམས་ལྟར་ཁུལ་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་བ།འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ།དྲིན་ཚོར་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་པ་དང་།ཆབ་སྲིད་བློ་བརྟན་འགྱུར་མེད་དང་།དཔལ་འབྱོར་སྐྱོན་བྲལ་འཕེལ་རྒྱས།རིག་གནས་ཧུར་བརྩོན་ཡར་འཕེལ།སྤྱི་ཚོགས་ཁྱོན་ཡོངས་ཡར་ཐོན།སྐྱེ་ཁམས་རྒྱུན་མཐུད་ལེགས་སྐྱོང་བཅས་ཀྱི་རྣམ་པ་གསར་པ་བཏོད་ཡོད།

    ཧྥེང་ཧྥ་ཀུའེ་ཡིས་ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་ཨང་དང་པོར་བརྩིས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་དང་ཞིང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཅང་རྒྱུ་གཙོ་བོར་འཛིན་པ་དང་།ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ།“ངོས་འཛིན་གཅིག་མཐུན་ལྔ”མུ་མཐུད་ཆེ་རུ་གཏོང་བ་བཅས་བྱ་དགོས། བརྟན་ལྷིང་གི་རྨང་གཞི་རྒྱུན་མི་ཆད་པར་ཇེ་བརྟན་དུ་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱ་དགོས། མི་དམངས་གཙོ་བོར་འཛིན་པའི་བསམ་བློ་བརྟན་པོ་བཅངས་ཏེ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་འགྲིལ་རྒྱུ་དེ་ལས་དོན་མཐའ་དག་གི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས།

མི་གཙོ་བོར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་གསོ་རླུང་མཁོ་འདོན་དང་དྲོད་རླངས་མཁོ་འདོན་བྱ་རྒྱུ་གཙོ་བོར་བྱེད་པའི“འཚོ་སྡོད་ལ་འཚམ་པའི་ལས་གྲྭ”ལག་བསྟར་བྱེད་མགོ་འཛུགས་དགོས། དགེ་རྒན་དང་སྨན་པའི“རྐང་འཛིན་འཆར་གཞི”ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་སློབ་གསོའི་སྤུས་ཚད་དང་སྨན་བཅོས་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྔ་བས་རྒྱུན་མཐུད་ཡིན་ཞིང་། བདེ་འཇགས་ཚོར་སེམས་སྔར་བས་འགན་ལེན་བཅས་ཡོང་བར་བྱ་དགོས་ཞེས་གསུངས་པ་རེད།


  • ལེ་ཚན་སྔོན་མ།:བྱང་ཆུབ་འཐུས་མི་ཚོགས་པ་བཅུ་གཅིག་པའི་གྲོས་བསྡུར་ནང་ཞུགས།
  • ལེ་ཚན་རྗེས་མ།:ཧྲུའུ་ཏ་ཁྲུན་འཐུས་མི་ཚོགས་པ་བཅུ་པའི་གྲོས་བསྡུར་ནང་ཞུགས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10