མི་དམངས་དྲ་བ་ནས་དྲངས། 2024-10-22
ཉེ་ཆར། “རྔ་པར་མཇལ་འཛོམས། རིན་ཆེན་གཏེར་མཛོད་ཀྱི་གནས་མཆོག་འབར་ཁམས་འཚོལ་བ”ཞེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོའི་ནང་གསར་འགོད་པས་འབར་ཁམས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སྐོར་ལ་བཅར་འདྲི་བྱས།
འབར་ཁམས་གྲོང་ཁྱེར་ནི་སི་ཁྲོན་ཞིང་ཆེན་ནུབ་བྱང་རྒྱུད་ཀྱི་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་རུ་གནས་པ་དང་། “རིན་ཆེན་གཏེར་མཛོད”དུ་གྲགས་པའི་འབར་ཁམས་གྲོང་ཁྱེར་ནི་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་ཆབ་སྲིད་དང་། རིག་གནས། དཔལ་འབྱོར། ཆ་འཕྲིན་སོགས་སྤེལ་རེས་ཀྱི་ལྟེ་བའི་ཁུལ་ཡིན་པ་དང་། འབར་ཁམས་སུ་དུས་བཞིའི་དབྱེ་བ་གསལ་པོ་ཡོད་པ་དང་ལོ་རེའི་དྲོད་ཚད་ཆ་སྙོམས་ཏུའུ་8ཡས་མས་ཟིན་པས། དབྱར་ཁར་ཚ་གཡོལ་བྱེད་སའི་ས་ཆ་ཧ་ཅང་ཡག་པོ་ཞིག་ཡིན་ལ་ཡུལ་སྐོར་བ་མང་པོའི་ཡུལ་སྐོར་དམིགས་སར་གྱུར་ཡོད།
འདི་ནི་སའི་སོའི་གྲོང་ཚོ་ཡིན་པ།
ད་ལྟའི་བར་དུ། འབར་ཁམས་སུ་རྒྱལ་ཁབ་ཀྱི་Aརིམ་པའི་ཡུལ་སྐོར་ཁུལ་5དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཁག་14 རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་ཚོ་7 རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་ཁུལ་1 དེ་མིན་རང་བྱུང་གི་མཛེས་ལྗོངས་ཁུལ་མང་པོ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ལྔ་གཅིག་ངལ་གསོའི་རིང་། འབར་ཁམས་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་གྲངས་54080ལ་སྣེ་ལེན་ཞུས་པས་ཡུལ་སྐོར་མི་གྲངས་དུས་མཚུངས་ལས་23.48%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་2440.25བྱུང་ཡོད།
ཉེ་བའི་ལོ་ཤས་རིང་། འབར་ཁམས་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་དམ་འཛིན་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཛུགས་སྐྲུན་འགག་རྩར་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་རིག་གནས་གྲགས་ཅན་ཁུལ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
རྒྱལ་རོང་ཁྲོམ་ལམ་དེ་འབར་ཁམས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་མིང་བྱང་གསར་པར་གྱུར་པ།
རྒྱལ་རོང་ཁྲོམ་ལམ་ནི་འབར་ཁམས་གྲོང་ཁྱེར་འབར་ཁམས་གྲོང་རྡལ་གྱི་ཚེ་དཔལ་གྲོང་ཚོའི་ཙུའུ་བཞི་པར་གནས་པ་དང་། ཉེ་བའི་ལོ་ཤས་རིང་། འབར་ཁམས་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྲོང་ཁྱེར་གྲགས་ཅན་གྱི་འཆར་འགོད་ལ་བརྟེན་ནས། བོད་ལུགས་རྣམ་པའི་གྲོང་ཚོའི་ཁང་པའི་བཟོ་བཀོད་དང་རྒྱལ་རོང་གི་ཁྱད་ཆོས་ལྡན་པའི་གོམས་སྲོལ་ལ་སྲུང་སྐྱོབ་དང་སྔོག་འདོན་གང་ལེགས་བྱས་ནས། རྒྱལ་རོང་གོམས་སྲོལ་རིག་གནས་ལྡན་པའི་ལྟ་སྐོར་ཁུལ་དང་། རྒྱལ་རོང་ཡུལ་སྲོལ་ཉམས་ལེན་ཁུལ། དེ་མིན་ཚོང་ཁྲོམ་སོགས་ཀྱི་ནུས་པ་ལྡན་པའི་རིག་གནས་ཁྲོམ་ལམ་བཏོད་ཡོད།
འདི་ནི་ཐང་གའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་རིག་པའི་རྡོ་རྗེ་ཡིན་པ།
གཙང་སྦྲ་དོད་པའི་མི་འགྲུལ་ལམ་བུ་དང་། གཅིག་གྱུར་གྱི་འཆར་འགོད་ལྡན་པའི་ཕྱིའི་རྣམ་པ། རང་རང་གི་ཁྱད་ཆོས་ལྡན་པའི་མགྲོན་ཁང་། ཁྱད་ལྡན་དངོས་ཟོག་ཚོང་ཁང་། དེ་མིན་རྒྱལ་རོང་རིག་གནས་ཀྱིས་གཙོ་བོ་བྱས་པའི་རྗེས་ཤུལ་དང་བྲག་བརྐོས་རི་མོའི་འདྲ་དཔེ་བཟོས་ཡོད་པའི་རྒྱལ་རོང་ཁྲོམ་ལམ་ནི་ལོ་རྒྱུས་རིག་གནས་དང་ས་གནས་དེའི་ཁྱད་ཆོས་ཚང་མ་འདུས་པའི་རིག་གནས་ཁྲོམ་ལམ་ཕུལ་བྱུང་ཞིག་ཡིན་པ་རེད།
ད་ཆ། ཕུན་སུམ་ཚོགས་པའི་ཁྲོམ་ལམ་གྱི་རྣམ་པ་མཐོང་དུས་དེ་སྔའི་སྲང་ལམ་ཆུང་ཆུང་ལ་འཕོ་འགྱུར་ཆེན་པོ་བྱུང་བ་མངོན་གསལ་ཧ་ཅང་དོད། དེ་ནི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་རྒྱལ་རོང་རིག་གནས་ངོ་སྤྲོད་བྱེད་སའི་ས་ཆ་གལ་ཆེན་ཞིག་ཡིན་ལ། འབར་ཁམས་གྲོང་ཁྱེར་གྱི་མིང་བྱང་གསར་པ་ཞིག་ཀྱང་རེད།
གསར་འགོད་པ་རྒྱལ་རོང་ཁྲོམ་ལམ་ནང་འཛུལ་དུས་ལམ་ཟུར་གཉིས་ལ་ཁྱད་ལྡན་ཐོན་ཟོག་དང་ཟ་ཁང་གིས་ཁེངས་འདུག ཚོང་པ་ཞིག་གིས་གསར་འགོད་པར“སྲིད་གཞུང་གིས་ཁྲོམ་ལམ་དེ་བཟོས་པས་ང་ཚོར་འདིའི་ནང་ཚོང་གཉེར་བྱེད་པའི་གོ་སྐབས་བྱུང་སོང་། ངས་བཟའ་འཐུང་རིགས་ཚོང་གི་ཡོད་པས་ཉིན་ལྟར་ཁེ་བཟང་ཡག་པོ་འདུག ཁྲོམ་ལམ་འདིར་རྒྱལ་རོང་གི་རིག་གནས་ཁྱད་ཆོས་ལྡན་པས་འབར་ཁམས་ལ་ཡུལ་སྐོར་ཡོང་མཁན་ཚོས་དགའ་པོ་བྱེད་སའི་ས་ཆ་ཞིག་རེད”ཅེས་བཤད།
དེ་ནས་མུ་མཐུད་ནང་དུ་འགྲོ་དུས། མགྲོན་ཁང་ཆེན་པོ་ཞིག་ཡོད་པ་མཐོང་། སྒོ་འགྲམ་དུ་མངོན་མིན་རིག་གནས་ཉམས་ལེན་ཁང་ཡོད་ཟེར་བའི་ཡི་གེ་ཆེན་པོ་འགའ་ཤས་བྲིས་འདུག རྒྱལ་རོང་ཁང་པའི་ཁྱད་ཆོས་ལྡན་པའི་ཐོག་བརྩེགས་གསུམ་ཅན་གྱི་ཁང་པ་དེའི་གཅིག་ཐོག་ལ་ཐང་ག་དང་སྤོས་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ཉམས་ལེན་ཁང་ཡོད་པ་དང་ཐོག་བརྩེགས་གཉིས་པ་དང་གསུམ་པ་བར་རྒྱལ་རོང་ཁྱད་ཆོས་ལྡན་པའི་མགྲོན་ཁང་རེད་འདུག
གསར་འགོད་པར་ཁྲེང་ཏུའུ་ནས་ཡོང་བའི་ཡུལ་སྐོར་བ་ཞིག་གིས“ང་རང་འབར་ཁམས་སུ་ཡོང་ཐེངས་དང་པོ་ཡིན། ས་ཆ་འདིར་མི་རིགས་རིག་གནས་དར་ཁྱབ་ཆེ་བ་དང་ཡུལ་སྐོར་ཡོང་སའི་ས་ཆ་ཡག་པོ་ཞིག་ཡིན་པས། ད་རེས་ནང་མི་ཚང་མ་ཁྲིད་ནས་ཡུལ་སྐོར་ལ་ཡོང་བ་ཡིན”ཞེས་བཤད།
དེ་མིན་རྒྱལ་རོང་ཁྲོམ་ལམ་ནང་རྒྱལ་རོང་གི་ནས་ཆང་དང་། གྱོན་གོས། དངུལ་ཆས་ལ་སོགས་མི་རིགས་ཀྱི་ཟས་རིགས་དང་གྱོན་ཆས་འདྲ་མིན་སྣ་ཚོགས་ཀྱི་ཚོང་ཁང་ཡོད་པ་དང་། དེ་བཞིན་སྐོར་བྲོ་འཁྲབ་ས་དང་། ཀོག་ཧྥེ་འཐུང་ས། རྒྱལ་རོང་དམངས་སྲོལ་རིག་གནས་ལྟ་སྐོར་ཁུལ་སོགས་བཟོས་ཡོད། “གྲོང་ཁྱེར་ནང་གི་གྲོང་ཚོར”གྲགས་པའི་རྒྱལ་རོང་ཁྲོམ་ལམ་དེ་རྒྱལ་རོང་རིག་གནས་ཤེས་རྟོགས་དང་ཉམས་ལེན་བྱེད་ས་གཙོ་བོར་འཛིན་ཐོག་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ས་ཆ་གལ་ཆེན་ཞིག་ཡིན་པ་རེད།
འདི་ནི་རྒྱལ་རོང་སྐོར་བྲོ་འཁྲབ་བཞིན་པ།
མངོན་མིན་རིག་གནས་ཤུལ་བཞག་གིས་འབར་ཁམས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་གསོན་ཤུགས་སྦྱིན་པ།
འབར་ཁམས་གྲོང་ཁྱེར་ནི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཁར། ལོ་རྒྱུས་རིག་གནས་ཀྱང་ཕུན་སུམ་ཚོགས་པོ་ཡོད་པའི་ས་ཆ་ཞིག་རེད། གནའ་རྫས་རྟོག་ཞིབ་པས་བཤད་པར་གཞིགས་ན། རྡོ་ཆས་གསར་པའི་དུས་སྐབས་ནས་བཟུང་། འབར་ཁམས་སུ་མིའི་རིགས་འཚོ་སྡོད་བྱེད་བཞིན་ཡོད་པ་དང་། རྒྱལ་རོང་གི་སྐད་ཆ་དང་། རྒྱལ་རོང་གི་མཁར་རྫོང་། རྒྱལ་རོང་གི་སྐོར་བྲོ། རྒྱལ་རོང་གི་ས་སྐྱོང་རྒྱལ་པོ་སོགས་གཞིར་བྱས་པའི་རྒྱལ་རོང་རིག་གནས་རིམ་བཞིན་གྲུབ་ཡོད་པ་རེད།
འབར་ཁམས་གྲོང་ཁྱེར་གྱིས་མཛེས་ཤིང་ལྟ་ན་སྡུག་པའི་རང་བྱུང་སྐྱེ་ཁམས་ལ་བརྟེན་པ་དང་ཁྱད་ཆོས་མངོན་གསལ་དོད་པའི་རྒྱལ་རོང་རིག་གནས་སྔོག་འདོན་གང་ལེགས་བྱས་ཏེ། རིག་གནས་ཡུལ་སྐོར་མཉམ་འདྲེས་ཐོག་འཕེལ་རྒྱས་གཏོང་བའི་དཔེ་སྟོན་འཐབ་ཇུས་ལ་དམིགས་ནས། སའི་སོའི་ཞིང་དུད་དགའ་ཚལ་དང་། རྒྱལ་རོང་ཐང་ག བརྩེ་འདུན་སྤོས། རྒྱལ་རོང་གི་སྐོར་བྲོ། རྒྱལ་རོང་ཤིང་བརྐོས་བཟོ་རྩལ། རྒྱལ་རོང་དངུལ་ཆས་བཟོ་རྩལ་སོགས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཁུལ་དང་། རིག་གནས་ཐོན་རྫས། མངོན་མིན་རིག་གནས་ཤུལ་བཞག་མང་པོ་སྔོག་འདོན་དང་གསར་གཏོད་བྱས་ཡོད།
གོང་དུ་བརྗོད་པའི་སའི་སོའི་གྲོང་ཚོའི་ཡུལ་མིའི་ཁང་པར་རྒྱལ་རོང་ཁུལ་གྱི་སྲོལ་རྒྱུན་གྱི་རྡོ་དང་ཤིང་ལས་གྲུབ་པའི་བཟོ་བཀོད་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པ་དང་དེ་ནི་རྒྱལ་རོང་ཁུལ་གྱི་མང་ཚོགས་ཚོའི་འདུས་སྡོད་ཀྱི་དཔེ་མཚོན་གྲོང་ཚོ་ཞིག་ཡིན་པ་རེད། སའི་སོའི་གྲོང་ཚོའི་ཡུལ་ལྗོངས་ལྟ་ན་སྡུག་པ་མ་ཟད་འཛུགས་སྐྲུན་གྱི་ཉམས་འགྱུར་ངོ་མཚར་ཆེ་བས། ས་ཕྱོགས་ཁག་ཏུ་གྲོང་ཚོ་དེ་སྐད་གྲགས་ཤིན་ཏུ་ཆེ། ལོ་མང་གི་འབད་བརྩོན་འོག་ད་ཆ་སའི་སོའི་གྲོང་ཚོ་དེ་རྔ་པའི་ཡུལ་སྐོར་གྲོང་ཚོ་རྩེ་གྲ་ཞིག་ཏུ་བསྐྲུན་ཡོད་པ་དང་གྲོང་ཚོ་དེའི་ཐུན་མོང་མ་ཡིན་པའི་ས་ཁམས་ཀྱི་ལེགས་ཆ་དང་དམངས་སྲོལ་གོམས་གཤིས་ཀྱིས་འབར་ཁམས་གྲོང་ཁྱེར་གྱི་ཡུལ་སྐོར་བ་སྣེ་ལེན་བྱེད་མང་ཤོས་ཀྱི་གྲོང་ཚོ་ཞིག་ཏུ་གྱུར་ཡོད།
དེ་མིན། ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་རོང་སྐོར་བྲོར་ལོ་རྒྱུས་ཡུན་རིང་ལྡན་པ་དང་རྒྱལ་རོང་སྐོར་བྲོར་སྐོར་བྲོ་ཆེ་བ་དང་སྐོར་བྲོ་ཆུང་བ་གཉིས་སུ་དབྱེ་ཞིང་། རྒྱལ་རོང་གི་བོད་སྐད་ནང་སྐོར་བྲོ་ལ“ཏ་རྒ”ཞེས་ཟེར་བ་དེ་ནི་ཞབས་བྲོ་འཁྲབ་པའི་དོན་ཡིན། འབར་ཁམས་སུ་སྐོར་བྲོ་ནི་ཐུན་མོང་གིས་རྒྱུན་འཛིན་བྱེད་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཤིག་ཡིན་པ་རེད།
འདི་ནི་རྒྱལ་རོང་ཁྲོམ་ལམ་ཡིན་པ།
འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་དུ་གནས་པའི་ཁོ་འཕན་སྲང་ལམ་ནི་ཡུལ་སྐོར་བ་ཧ་ཅང་མང་བའི་ས་ཆ་ཞིག་རེད། དེའི་ནང་རྒྱལ་རོང་གི་ཁྱད་ཆོས་ལྡན་པའི་མགྲོན་ཁང་དང་ཟས་རིགས་སྣ་ཚོགས་ཡོད་ལ། རྒྱལ་རོང་ལྷ་མོའི་འཁྲབ་སྟོན་དང་རྒྱལ་རོང་ཐང་ག་རྒྱུད་སྦྱོང་ཁང་སོགས་ཡོད་པས་ཁྱད་ལྡན་ཡུལ་སྐོར་ཁུལ་ལེགས་པོ་ཞིག་རེད་འདུག
རིག་པའི་རྡོ་རྗེ་ནི་འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་གྱི་མི་ཡིན་པ་དང་། ཁོ་འཕན་སྲང་ལམ་ནང་ཡོད་པའི་རྒྱལ་རོང་ཐང་ག་རྒྱུད་སྦྱོང་ཁང་གི་འགན་ཁུར་བ་ཡིན་པ་རེད། ཁོང་གིས་གསར་འགོད་པར“ང་རང་ཆུང་དུས་ནས་རྔ་པའི་ཁོངས་ཀྱི་དགེ་རྒན་མི་ཉུང་བ་ཞིག་བསྟེན་མྱོང་ཡོད། དེ་རྗེས་ལྷ་ས་དང་རེབ་ཀོང་སོགས་ནས་དགེ་རྒན་མང་པོ་བསྟེན་ནས་ལོ་མང་རིང་ཐང་གའི་ཤེས་བྱ་ཁག་ལ་འབད་བརྩོན་མཐར་ཕྱིན་པ་བྱས་པས། གྲུབ་འབྲས་ཀྱང་མི་ཉུང་བ་ཞིག་ཐོབ་བྱུང་། དེང་སང་རྔ་པ་ཀྲོའུ་ཡི་ཀྲོའུ་རིམ་པའི་ཐང་གའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཡིན”ཞེས་བཤད།
འདི་ནི་རྒྱལ་རོང་ཁྲོམ་ལམ་གྱི་ཟུར་ཞིག་ཡིན་པ།
དུས་རྒྱུན་ཁོང་གིས་རྒྱལ་རོང་ཐང་ག་རྒྱུད་སྦྱོང་ཁང་དུ་གཙོ་བོ་ཐང་གའི་འབྲི་ལུགས་དང་། སྲོལ་རྒྱུན་གྱི་གཏེར་རྒྱུའི་ཚོན་རྫས་བཟོ་སྟངས་དང་བེད་སྤྱོད་གཏོང་སྟངས་སོགས་ཀྱི་སློབ་ཁྲིད་གནང་གི་ཡོད་པ་རེད།
དེ་མིན་འབར་ཁམས་གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ལྟེ་གནས་སུ་རྒྱལ་རོང་ཐང་ག་དང་། བརྩེ་འདུན་སྤོས། རྒྱལ་རོང་གི་སྐོར་བྲོ། རྒྱལ་རོང་ཤིང་བརྐོས་བཟོ་རྩལ། རྒྱལ་རོང་དངུལ་ཆས་བཟོ་རྩལ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་ཁང་ཡོད་ལ། ཐོན་རྫས་ཁག་གི་འགྲེམས་སྟོན་དང་ཚོང་གཉེར་བྱེད་ས་ཡང་ཡོད་པ་རེད།
ད་ཆ། རྔ་པ་ཀྲོའུ་རུ་འཛམ་གླིང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་4ཡོད་པ་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་20 ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་101 ཀྲོའུ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་552ཡོད་པ་རེད། དེ་མིན། སི་ཁྲོན་ཞིང་ཆེན་གྱི་རིམ་པ་བཞི་པའི་མངོན་མིན་རིག་གནས་ཤུལ་བཞག་མིང་བྱང་རྣམ་གྲངས་ནང་རྔ་པ་ཀྲོའུ་ཨང་དང་པོ་ཡིན་པ་མ་ཟད། རྒྱལ་ཡོངས་ཀྱི་ཨང་དང་པོའི་གྲལ་རིམ་ནང་ཚུད་ཡོད་པ་རེད།
འདི་ནི་འབར་ཁམས་གྲོང་ཁྱེར་གྱི་མཚན་ལྗོངས་ཡིན་པ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10