6. ནད་གསོ་སྨན་གྱི་སྐོར། སྟོན་པ་གཤེན་རབ་མི་བོ་ཆེ་མ་བྱོན་པའི་གོང་དེར་མི་ལོ་ཁྲི་ཕྲག་མང་པོའི་རིང་ལ་བོད་མི་རྣམས་རང་བྱུང་ཁམས་ཀྱི་གནོད་འཚེ་རྣམས་དང་འཐབ་རྩོད་ཡུན་རིང་བྱས་ཏེ་རང་གི་ལུས་ཁམས་ལ་ཕན་པར་སྒྲུབ་པའི་ཐབས་མང་པོ་ཞིག་ཤེས་ཡོད་ལ། དེའི་ནང་དུ་ནད་གསོ་བའི་རིག་པའང་མི་ཉུང་བ་ཞིག་ཤེས་རྟོགས་བྱུང་ཡོད་པ་ནི་ཆུ་སྐོལ་ཚ་མོས་མ་ཞུ་བའི་ནད་བཅོས་པ་དང༌། རྨ་ཁ་ལ་མར་ཞུ་བྱུགས་ནས་ཁྲག་གཅོད་པ་སོགས་ཀྱི་རིག་པ་དེ་དག་རེད། གཤེན་རབ་མི་བོ་ཆེ་པུ་རངས་སུ་བྱོན་ནས་སྲིད་དང་རིག་གནས་ལ་ཡར་རྒྱས་འགྲོ་བའི་ཐབས་ལམ་མང་པོ་རྒྱ་བསྐྱེད་གནང་བའི་སྐབས་སུ། ནད་གསོ་བའི་རིག་པ་ལའང་རྒྱ་ཆེ་གཏིང་ཟབ་ཀྱི་སྒོ་ནས་ཞིབ་འཇུག་གནང་སྟེ། གནའ་མིས་བྱས་པའི་རིག་པའི་རྨང་གཞིའི་ཐོག་ཏུ། རང་ཉིད་ཀྱིས་གསར་གཏོད་གནང་བའི་རྡུལ་ཕྲན་གྱི་རིག་པ་སྟེ་དངོས་པོ་ཐམས་ཅད་འབྱུང་བ་བཞི་ཡིས་སྐྱེད་པའི་རིག་པ་ལ་བརྟེན་ནས་ཕྱི་རོལ་ཡུལ་གྱི་དངོས་རྫས་རིགས་མི་འདྲ་བ་ཐམས་ཅད་ཀྱི་ངོ་བོ་དང༌། རང་བཞིན། རོ་དང་། ནུས་པ་བཅས་ལ་ཞིབ་ཏུ་དཔྱད་ནས་གསོ་བྱེད་སྨན་རྫས་སུ་བེད་སྤྱོད་གནང་བ་དང༌། ནང་སེམས་ཅན་གྱི་ལུས་ཁམས་ལ་བརྟགས་ནས། ལུས་གནས་བྱེད་ཀྱི་ཟུངས། འཇིག་བྱེད་ཀྱི་རྒྱུ། དེ་སྐྱེད་བྱེད་ཀྱི་རྐྱེན། རྐྱེན་ཟློག་བྱེད་ཀྱི་ཐབས། ནད་གང་ལ་གང་ཕན་གྱི་སྨན་སོགས་རིག་པ་ཕྲ་ཞིང་ཞིབ་པའི་སྒོ་ནས་ཞིབ་འཇུག་གནང་སྟེ། རང་གི་གདུང་སྲས་དཔྱད་བུ་ཁྲི་ཤེས་སོགས་ལ་གདམས་པའི་གསོ་རིག་སྨན་གྱི་གཞུང་ལུགས་ལ་ཡོངས་གྲགས་སུ་མདོ་དགུ་འབུམ་བཞི་ཟེར་བ་བྱུང་ཡོད་ཀྱང༌། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བོན་དང་རིག་གནས་ཐམས་ཅད་བསྲེགས་པ་དང༌། གཏོར་བ་དང༌། གནོན་པ་དང༌། ཁ་བསྒྱུར་བ་སོགས་ཀྱིས་བསུབ་རྐྱང་བྱས་ཏེ་བོན་གཞུང་དངོས་རྣམས་གང་མོས་སུ་ཁྱབ་སྤེལ་བྱེད་མི་ཆོག་པར་ཆབ་སྲིད་ཀྱི་རྒྱས་བཏབ་ནས་བཞག་ཡོད་སྟབས། ས་ཁུལ་ཁུག་ཀྱོག་འགའ་ཞིག་ཏུ་བོན་གྱི་བཀའ་བསྟན་སོགས་རིག་གཞུང་སྐོར་ཅུང་ཟད་ལུས་ཡོད་པ་དེ་དག་དད་པའི་རྟེན་དུ་བཞུགས་པ་ཙམ་ལས་བལྟ་ཀློག་དང་ཞིབ་འཇུག་གི་ཡུལ་དུ་མ་གྱུར་པར་ལོ་གྲངས་བརྒྱ་ཕྲག་མང་པོ་ཞིག་ཕྱིན་ཡོད་པའི་དབང་གིས་དུས་ཕྱིས་སྨན་གཞུང་འདི་དག་གི་དཔེ་མིང་ཙམ་ལས། དཔེ་ཆ་དངོས་མཐོང་རྒྱུ་དེ་ཧ་ཅང་དཀོན་པོར་གྱུར། དེར་བརྟེན་ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་ལས། “《དཔྱད་འབུམ་ཁྲ་བོ་》དང༌། 《སྨན་འབུམ་དཀར་ནག་》ཅེས་བྱ་བའི་དཔེ་དེ་རིགས་ཀྱི་ཁ་བྱང་ཡོད་པ་ཞིག་ད་ལྟའི་དུས་སུ་རང་རེའི་དབང་པོའི་སྤྱོད་ཡུལ་དུ་འགྱུར་དཀའ་བ་ཞིག་སྟེ། ལོ་གྲངས་སུམ་སྟོང་བརྒྱད་བརྒྱ་ལྷག་པའི་རིང་ལ་དུས་རབས་ཀྱི་འཕོ་འགྱུར་ཇི་སྙེད་ཅིག་བྱུང་ཡོད་པ་དེ་དག་གི་ནང་དུ་དཔེ་རྙིང་དེ་དག་ལའང་འཕོ་འགྱུར་ཅི་རིགས་ཤིག་བྱུང་ཡོད་པ་ནི་སྨོས་མ་དགོས་ལ། དཔེ་གཞུང་དེ་དག་གི་མཚན་བྱང་དངོས་སུ་ཡོད་པ་ནི་སྨོས་མི་དགོས་ལ། དཔེ་གཞུང་དེ་དག་གི་མཚན་བྱང་དངོས་སུ་ཡོད་པ་དེང་དུས་མཐོང་རྒྱུ་མེད་པ་ཙམ་གྱིས་དཔེ་གཞུང་དེ་དག་གི་དོན་སྟོང་པའམ། རྩ་མེད་དུ་འགྲོ་བའང་མི་བསམ་སྟེ། དེང་དུས་བོད་ཡུལ་ལ་ཡོངས་སུ་གྲགས་པའི་སྨན་གཞུང་རྒྱུད་བཞི་སོགས་ཀྱི་འབྱུང་ཁུངས་ལྟེ་བ་ནི་《དཔྱད་འབུམ་ཁྲ་བོ་》དང༌། 《སྨན་འབུམ་དཀར་ནག་》རྣམས་ཡིན་ངེས་པ་ནི། རྒྱུད་བཞིའི་ནང་གསལ་སྨན་མིང་དུ་སླེ་ཏྲེས་དང་ད་ཏྲིག་ཅེས་པས་མཚོན་ཞང་ཞུང་གི་སྐད་ཤིན་ཏུ་མང་བ་ཞིག་ཡོད་འདུག་པ་དང༌། གཞན་ཡང་འཚོ་བའི་སྐོར་བསྟན་པའི་སྐབས་སུའང་རྒྱ་གར་ན་མི་སྲིད་ཅིང༌། ཞང་བོད་ཀྱི་ཡུལ་ཁོ་ན་ལ་ཡོད་པའི་དངོས་ཆས་ཅི་རིགས་པ་ཞིག་གི་མིང་ཡང་བསྟན་ཡོད་པ་དེ་རྣམས་ཀྱིས་རྟོགས་ཐུབ། ”ཅེས་སོགས་གསུངས་ཡོད་པ་ནི་ཐུགས་མཁྱེན་དཔྱོད་ཡངས་པའི་གསུང་དུ་ངེས་ཏེ། ཉག་རོང་གི་བཀའ་བསྟན་རྙིང་པ་དེའི་ཁྲོད་དུ་སྨན་གཞུང་འདི་དག་གི་དཔེ་ཆ་བཞུགས་འདུག་ལ། ཚིག་གི་སྦྱོར་བ་ནི་ཅུང་ཟད་མི་བདེ་བ་ཞིག་སྟེ། ཤོ་ལོ་ཀ་གཅིག་ལའང་ཚིག་རྐང་རིང་ཐུང་མ་ངེས་པ་སྣ་ཚོགས་ཡོད་པ་ཞིག་ཙམ་ལས་ནང་དོན་ནི་གསོ་རིག་རྒྱུད་བཞི་དང་གཅིག་པ་རང་འདུག དེས་ན་གཡུ་ཐོག་ཡོན་ཏན་མགོན་པོས་སྤྱི་ལོའི་དུས་རབས་བདུན་པའི་ནང་དུ་ཀོང་པོ་སྨན་ལུང་དུ་སྨན་གྱི་སྦྱོང་གྲྭ་འཛུགས་སྐབས་གཞུང་འདི་ཉིད་ཀྱི་ཚིག་རྐང་རྣམས་མཐའ་གཅིག་ཏུ་དགུ་ཚིག་ཏུ་བཅོས་ནས་ཚིག་གི་སྦྱོར་བ་ལ་སྙན་ཆ་བཏོད། ལེའུ་དང་ས་བཅད་རྣམས་ལ་འོས་ཐོབ་ཀྱི་བཅོས་བསྒྲིགས་བྱས།