རྒྱལ་རོང་མོ་བཟའ་རྒྱལ་མོའི་སྐོར་གྱི་གསང་ཞིབ།

དཀོན་མཆོག་རྡོ་རྗེ།        2013-07-31

རྒྱལ་རོང་གི་མོ་བཟའ་རྒྱལ་མོ་དང་དེའི་མཁར་ཤུལ་སྐོར་བཤད་སྐབས་མི་མང་ཆེ་བས་དེའི་བཤད་སྟངས་ལ་ཐེ་ཚོམ་དང་དོགས་གཞི་མང་པོ་ཞིག་འདོན་སྲིད།དོན་ཡང་དག་རྒྱལ་རོང་ཡུལ་དུ་མོ་བཟའ་རྒྱལ་མོ་ཞེས་པའི་རྒྱལ་རབས་ཤིག་བྱུང་མོང་ངམ།ད་ལྟ་དེ་ཆགས་སའི་སྐོར་གྱི་ལོ་རྒྱུས་དང་བཤད་སྲོལ་གང་ཞིག་ཡོད་དམ།
  ད་ལོའི་ཟླ་བ་༥པའི་ཚེས་༢༠ཉིན་ནས་༢༤བར། རང་རྒྱལ་གྱི་པེ་ཅིང་སློབ་ཆེན་དང་། ཆིན་ཧྭ་སློབ་ཆེན། གནའ་བོའི་པེ་ཅིང་རྒྱ་ནག་ཕོ་བྲང་གི་དངོས་མང་བཤམས་སྟོན་ཁང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་སོགས་ཀྱི་མཁས་དབང་༢༠ལྷག་ཙམ་རྔ་བ་ཁུལ་ཆུ་ཆེན་རྫོང་གི་གདན་ཞུས་ལྟར་ཉིན་བཞིའི་རིང་ས་གནས་དེར་རྟོག་ཞིབ་གནང་རྗེས་རྫོང་དེའི་ཏོག་ཅོག་ཅེས་པའི་ས་ཆ་རུ་གསར་དུ་རྙེད་པའི་མཁར་ཤུལ་རྙིང་པ་དེ་ནི་རྒྱལ་རོང་མོ་བཟའ་རྒྱལ་མོའམ་རྒྱའི་ཡིག་ཚང་དུ་ཤར་ཕྱོགས་བུད་མེད་རྒྱལ་ཁབ་ཅེས་པའི་མཁར་ཤུལ་ཡིན་པར་ངོས་འཛིན་བྱས།ཚེས་༢༤ཉིན་ཀྲུང་གོའི་གསར་འགྱུར་ཁང་གིས་རྔ་བ་ཁུལ་གྱི་ཆུ་ཆེན་རྫོང་ནས་མོ་བཟའ་རྒྱལ་མོའི་མཁར་ཤུལ་རྙེད་ཅིང་གསར་འགྱུར་ཡང་ཁྱབ་བསྒྲགས་བྱས་འཕྲལ་རྒྱལ་ཕྱི་ནང་གི་དྲ་ཚིགས་དང་གསར་འགྱུར་ཁང་༡༥༠ཙམ་གྱིས་གསར་འགྱུར་དེ་བརྒྱུད་འགོད་བྱས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར།
          མོ་བཟའ་རྒྱལ་མོ་ཞེས་པ་བྱུང་མྱོང་མིན་སྐོར།
མོ་བཟའ་རྒྱལ་མོ་ཞེས་པའི་ཐ་སྙད་འདི་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་རྣམས་སུ་ཧ་ཅང་མཐོང་རྒྱུ་དཀོན་པོ་ཞིག་རེད།འོན་ཏེ་རྒྱའི་ཐང་ཡིག་གསར་རྙིང་དང་ཐང་སི་བླ་མའི་རྟོགས་བརྗོད་སོགས་ལས་ཤར་ཕྱོགས་ཀྱི་བུད་མེད་རྒྱལ་ཁབ༼东女国༽ཅེས་པའི་ལོ་རྒྱུས་ཅུང་ཙམ་བཀོད་ཡོད་ཀྱང་དེ་ལའང་ས་གནས་ཀྱི་ངོས་འཛིན་སྟངས་ཐད་རྒྱ་བོད་ཀྱི་མཁས་དབང་ཚོས་ལྟ་ཚུལ་མི་འདྲ་བ་མང་དག་བཏོན་འདུག
འོན་ཏེ་རྒྱལ་རོང་ཕྱོགས་ཀྱི་རོང་བྲག་དང་ཆུ་ཆེན།བཙན་ལྷ་སོགས་ཀྱི་དམངས་ཁྲོད་དུ་མོ་བཟའ་རྒྱལ་མོའི་སྐོར་གྱི་གཏམ་རྒྱུད་དང་བཤད་སྲོལ་ནི་བྱ་གྲགས་གྲགས་དང་བྱེའུ་སྙན་སྙན་དུ་ད་དུང་ཡང་གནས་ཡོད།གལ་ཏེ་མོ་བཟའ་རྒྱལ་མོ་ཞེས་པའི་དུས་རབས་ཤིག་བྱུང་མྱོང་མེད་ན་རྒན་པོ་ཚོའི་ངག་ལས་དེ་འདྲའི་ཁྱབ་ཆེ་བའི་བཤད་སྲོལ་དང་གཏམ་རྒྱུད་མང་པོ་ཞིག་ད་བར་གནས་ཐུབ་པའང་ཡ་མཚན་པ་ཞིག་མ་རེད་དམ།
གནའ་འགོ་དགོན་པའི་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་ནི་རྒྱལ་རོང་ཡུལ་དུ་ཆ་རྒྱུས་ཆེ་ཞིང་རྒྱལ་རོང་རིག་གནས་ལ་ཞིབ་འཇུག་ཟབ་མོ་གནང་ཡོད་པའི་མཁས་དབང་ཞིག་རེད།ཁོང་གིས་ལོ་ངོ་༣༠ལྷག་ཙམ་གྱི་རིང་དུ་རྒྱལ་རོང་ཕྱོགས་ཀྱི་དངོས་རྫས་རྙིང་པ་དང་དཔེ་རྙིང་ཉར་ཚགས་གནང་བ་དང་།ད་དུང་དུས་རྒྱུན་དུ་མི་རྒན་ཚོའི་བཤད་སྲོལ་དང་གཏམ་རྒྱུད་མང་པོ་ཐོ་འགོད་གནང་ནས་༼ཞང་ཞུང་ཤར་མཐའ་རྒྱལ་རོང་གནའ་བོའི་ལོ་རྒྱུས་ཀུན་གསལ་མེ་ལོང་།༽༼རྒྱལ་རོང་རུས་མཛོད།༽༼རྒྱལ་མོ་རོང་མོ་བཟའ་རྒྱལ་མོའི་བྱུང་རབས།༽སོགས་ཀྱི་ཆེད་དེབ་པོད་བདུན་ཙམ་བརྩམས་ཡོད། ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན།  རྒྱལ་རོང་དུ་ཐོག་མར་དར་བའི་རུས་ནི་སྒོ་རིགས་དང་སྒ་རིགས་ཡིན་པ་དང་དེའི་རྗེས་སུ་རིམ་གྱིས་བོད་ཀྱི་རུས་ཆེན་རྣམས་དར་བ་ཞིག་ཡིན་པར་གླེང་སློང་གནང་ཡོད།འོན་ཀྱང་རྗེས་སུ་རྒྱལ་རོང་དུ་རུས་ཚན་མང་པོ་དར་བར་བརྒྱུད་རུས་ཚན་ཕན་ཚུན་བར་དུ་བྱུང་བའི་འཁྲུག་རྩོད་ཀྱང་རྒྱ་ཆེན་པོར་སོང་སྟེ་མཐར་རྒྱལ་རོང་རུས་འཛིན་གྱི་སྐྱེས་པ་རྣམས་རྒྱུན་ཆད་ལ་ཉེ་བ་ཞིག་ཏུ་གཏུགས།རུས་རྒྱུད་སྤེལ་བར་བཀག་འགོག་བྱ་ཆེད་སྐྱེས་པ་རྣམས་བུད་མེད་ལ་བཅར་མི་ཆོག་པའི་རྩོད་རྙོག་བྱས་པར་བརྟེན་ནས་ཕན་ཚུན་གྱི་རུས་རྩ་མེད་གཏོང་ཕྱིར་སྐྱེས་པ་རྣམས་ཚར་ཐག་བཅད་རེས་བྱས་ཏེ་དུས་ཡུན་རིང་མོའི་རིང་སྒོ་འདིས་བ་སྒ་དང་། ཨ་སྒ། ཨ་ལྷ། ཨ་ནམ། རྫུ་སྒ། ལི་རྒྱལ། ཨ་ཐང་སོགས་ཀྱིས་རུས་ཚན་སོགས་མེད་པར་བཟོས་པ་དང་། གཞན་རྣམས་སྐུང་ལུང་སོགས་ལ་སྐུང་ཅི་ཐུབ་བྱས་པ་ཡང་དེང་སང་རྒྱལ་རོང་ས་ཆར་སྐུང་ལུང་སོགས་མང་པོ་མཐོང་རྒྱུ་ཡོད། དེར་བརྟེན་རྒྱལ་རོང་དུ་སྐྱེས་པའི་གྲངས་ཀྱང་ཇེ་ཉུང་དང་ཐོབ་ཐང་ཇེ་དམའ་རུ་གྱུར་ཏེ་རིམ་བཞིན་མོ་བཟའ་རྒྱལ་མོའི་དབུ་ཚུགས་པའི་བཤད་སྲོལ་བྱུང་འདུག
     མོ་བཟའ་རྒྱལ་མོའི་སྐྱེས་ཡུལ་དང་མཁར་རྫོང་སྐོར།
མོ་བཟའ་རྒྱལ་མོའི་སྐྱེས་ཡུལ་དང་ཆགས་སའི་མཁར་རྫོང་སྐོར་ལ་རྒྱལ་རོང་རང་ཕྱོགས་ཐད་ནས་ཀྱང་ལྟ་བ་མི་འདྲ་བ་ཁ་ཤས་བྱུང་།ལ་ལས་བོད་བཙན་པོས་སུམ་པ་གཏོར་རྗེས་མི་རྣམས་རྒྱལ་རོང་ཡུལ་དུ་ཕྱིན་པ་དང་། ལ་ལས་མི་ཉག་རྒྱལ་པོ་འཐོར་རྗེས་རྒྱལ་རོང་དུ་ཕྱིན་པ། ལ་ལས་ས་གནས་རང་ནས་མོ་བཟའ་རྒྱལ་མོ་འཚར་ལོངས་བྱུང་བ་སོགས་ཀྱི་བཤད་སྲོལ་ཁ་ཤས་དང་།མོ་བཟའ་རྒྱལ་མོའི་མཁར་རྫོང་དང་ཕོ་བྲང་སྐོར་ལའང་རོང་བྲག་ཕྱོགས་ཀྱིས་སོག་པོ་དང་སྤྲོ་སྣང་།བེ་ཀ།བསེ་བ་སོགས་ལ་མོ་བཟའ་རྒྱལ་མོའི་ཕོ་བྲང་གི་མཁར་ཤུལ་ཡོད་པ་སོགས་བཤད་སྲོལ་མང་དག་བྱུང་ངོ་།
མཁས་དབང་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་གྱིས་བན་བོན་གྱི་ལོ་རྒྱུས་མང་དག་དང་ངག་རྒྱུན་མང་དག་བསྡུས་པའི་༼རྒྱལ་མོ་རོང་མོ་བཟའ་རྒྱལ་མོའི་བྱུང་རབས་༽ཞེས་པ་ལས།མོ་བཟའ་རྒྱལ་མོའི་རྒྱལ་རབས་ཀྱི་དབུ་ཚུགས་སའི་ས་ཆ་དེ་མ་ནུ་གསེར་ཞིང་ཞེས་པའི་ས་ཆར་ཡིན་པ་གསུངས། དེང་ཆུ་ཆེན་རྫོང་ཏོག་ཅོག་ཅེས་པའི་ས་ཆ་དེ་ཡིན། དེང་སང་རྒྱ་ཡིག་ཏུ་ཧཱ་ཤི་པཱ་༼华西坝༽ཞེས་ཟེར་རུང་དོན་དུ་རྒྱལ་རོང་སྐད་དུ་མཁར་ཤུལ་ཟེར་བའི་དོན་ཡིན་འདུག དེ་ལ་རྒྱལ་མོའི་མི་རབས་བཅུ་ཕྲག་ཙམ་སོང་བའི་ངག་རྒྱུན་ཡོད་ཀྱང་དེའི་མཐའ་མ་ལྷ་མོ་མདངས་ལྡན་མ་ཞེས་པ་དེ་ཡིན།དེ་ཡང་རྒྱལ་རོང་ལོ་རྒྱུས་ཤེས་པའི་རྒན་པོ་དག་གིས་བཤད་ཚུལ་ལྟར་ན་ཐོག་མ་སྒོ་རིགས་སུ་གྲོལ་བའི་བུད་མེད་ཅིག་གིས་མོ་བཟའ་རྒྱལ་མོའི་རྒྱལ་ས་བཟུང་བར་གྲགས།མོ་བཟའ་རྒྱལ་མོའི་རྒྱལ་རབས་བཞི་པར་ཐོན་སྐབས་ཐོག་མའི་སྒོ་རིགས་ཀྱི་བུད་མེད་དག་གིས་རྒྱལ་ས་མ་ཟིན་པར་རྒྱལ་ས་དེ་སྒ་རིགས་ལས་གྲོལ་བའི་བུད་མེད་ཅིག་གི་ལག་ཏུ་ཤོར་བར་བཤད།རྒྱལ་མོ་དེའི་རིང་ལ་རྒྱལ་ཁང་ཐོག་བརྩེགས་བཅུ་བཞི་ཅན་ཞིག་བཞེངས་པ་དང་། མཐའ་སྐོར་དུ་བླ་མཚོ་གསུམ་ཙམ་བཞེངས་པར་གྲགས། དེ་ལྟར་མ་ཟད་ཕྱོགས་བཞིའི་རྒྱལ་རོང་གི་ཡུལ་ཕྲན་དག་ལ་མོ་བཟའ་རྒྱལ་ཕྲན་མང་པོ་བཙུགས་ཏེ་མོ་བཟའ་རྒྱལ་མོའི་རྒྱལ་སྲིད་ཕྱོགས་གང་ཐད་ནས་སྲ་བརྟན་དུ་བཏང་བའི་ལོ་རྒྱུས་མང་པོ་བཤད་རྒྱུ་འདུགསྐབས་དེར་བོན་གྱི་འདུལ་སྒོ་ཡང་དར་རྒྱས་སུ་བཏང་སྟེ་མཆོད་ཁང་དང་སྒྲུབ་ཕུག་མང་པོ་ཞིག་བཞེངས་པའི་ངག་རྒྱུན་ཡོད།
དེའི་རྗེས་སུ་སྔར་གྱི་ཐོག་མཁར་ཐོག་བརྩེགས་བཅོ་བརྒྱད་ཅན་གསུམ་བཞེངས་པའི་བཤད་སྲོལ་ཡོད་ཅིང་།སྐབས་དེར་ཕྱི་ཧོར་འཇང་སོགས་ལས་མི་ལྡོམ་མང་པོ་བུད་མེད་རྒྱལ་ཁབ་ལ་སླེབས་འགོ་ཚུགས་ནས་བུད་མེད་རྣམས་ཀྱིས་དུག་སྦྲུལ་དང་རྟ་བླ།སྡིག་སྲིན་སོགས་ཀྱིས་དུག་བཟོས་ཏེ་སྐྱེས་པ་རྣམས་རྒྱལ་རོང་དུ་ཡོང་མི་ཐུབ་པར་བཟོས་ནས་རིམ་བཞིན་བུད་མེད་ཀྱི་རྒྱལ་སྲིད་བསྐྱངས།
མོ་བཟའ་རྒྱལ་མོ་བྱུང་བའི་དུས་རབས་སྐོར།
མོ་བཟའ་རྒྱལ་མོ་བྱུང་བའི་དུས་རབས་ཁ་གསལ་པོ་ཞིག་བཀོད་རྒྱུ་ནི་ཧ་ཅང་དཀའ་ཁག་ཆེ་རུང་འདིར་ལེ་ཚན་མི་སྟོང་བ་ཙམ་རྒྱ་བོད་ཡིག་ཚང་དང་བན་བོན་ལོ་རྒྱུས།ཡུལ་མིའི་བཤད་སྲོལ་སོགས་ལ་གཞིགས་ནས་ཅུང་ཟད་ཞུ་བར་བྱའོ། །
དེ་ཡང་ལོ་རྒྱུས་གདུང་རབས་རྣམས་སུ་གྲགས་པའི་དམ་པ་ཁྱུང་གི་གདུང་རབས་ནས་མཆེད་པའི་ཁྱུང་འཕགས་ཁྲ་མོ་ཤར་རྒྱལ་མོ་རོང་དུ་བསྟན་འགྲོའི་དོན་ལ་ཡབ་ཀྱི་བཀའ་བཞིན་དུ་མདོ་ཁམས་སུ་བྱོན།དེ་ནས་ཤར་རྒྱལ་མོ་རོང་དུ་བྱོན་ནས་ཤར་རྒྱལ་མོ་རོང་རྒྱལ་མོ་ཏོག་ཅོག་རི་ལ་ཕེབས།དེ་རྗེས་མི་ཉག་གི་རྒྱལ་པོ་དང་རྒྱལ་རོང་མངའ་འབངས་རྣམས་ཀྱིས་ཁོང་ཤར་རྒྱལ་མོ་རོང་གི་མངའ་བདག་ཆེན་པོའི་རྒྱལ་སར་ཁྲི་བསྐོས་བྱས་ཏེ་རྒྱལ་རོང་བུད་མེད་རྒྱལ་ཁབ་ཀྱི་རྒྱལ་མོ་མཐའ་མ་ལྷ་མོ་མདངས་ལྡན་པ་ཁབ་ཏུ་བཞེས་ཏེ་མིང་སྲིང་མང་དུ་སྐྱེས་ཤིང་དེ་དག་ལས་བུ་བཞི་སྟེ་སོ་སོ་ཤར་དབང་ཙ། ལྷོ་དགེ་ཤིས་ཙ། ནུབ་ཁྲོ་ཙ། བྱང་སོ་ཙ་སོགས་བུ་བཞི་འཁྲུངས།དེ་དག་འུ་ཚོའི་ལོ་རྒྱུས་རྣམས་སུ་འབྲུག་ལྟར་གྲགས་པའི་སྨད་ན་བུ་འབོར་གཡུང་དྲུང་བུ་བཞི་ཞེས་པ་དེ་རྣམས་ཡིན།བུ་བཞི་ལ་ཡབ་ཁྱུང་འཕགས་ཁྲ་མོས་བོན་མདོ་སྔགས་རྒྱུད་གསུམ་གྱི་རྒྱུད་ཁ་མ་ལུས་ཡོངས་སུ་རྫོགས་པར་བུ་འབོར་གཡུང་དྲུང་ཙ་བཞི་ལ་གནང་།བུ་དེ་བཞིས་ཡབ་ཡུམ་གྱི་ཐུགས་དགོངས་བཞིན་རྒྱལ་རོང་གི་རྒྱལ་ཁབ་བཞི་ལ་དབང་བསྒྱུར་ཞིང་རིམ་བཞིན་རྒྱལ་རོང་རྒྱལ་ཁབ་བཅོ་བརྒྱད་ཅེས་གཞི་ཚུགས། དམངས་ཁྲོད་ཀྱི་བཤད་སྲོལ་ལྟར་ན།མོ་བཟའ་རྒྱལ་མོ་དེ་དག་བྱུང་བའི་དུས་རབས་ནི་ཕལ་ཆེར་ཨ་མྱེས་སྒོ་གདོང་འདས་འདས་རྗེས་སུ་ཁྱུང་འཕགས་ཁྲ་མོ་རྒྱལ་རོང་དུ་བྱོན་པའི་བར་དུ་བྱུང་ཡོད་པའི་བཤད་སྲོལ་འདུག  ཐང་ཡིག་རྙིང་མའི་ནང་དུ་བཀོད་པ་ལྟར་ན། སྤྱི་ལོ༦༡༨ལོར།བོད་བཙན་པོས་ཤར་ཕྱོགས་ཀྱི་བུད་མེད་རྒྱལ་ཁབ་དབང་དུ་བསྡུས་པས་ཚོ་གཅིག་ཤར་ཕྱོགས་སུ་སྤོས་ཤིང་མིང་སྔོན་ལྟར་ཤར་ཕྱོགས་ཀྱི་བུད་མེད་རྒྱལ་ཁབ་ཞེས་ཟེར། ཁོང་ཚོས་སྲིད་པ་རྒྱལ་མོ་ལ་མཆོག་ཏུ་དད།༼ཐང་ཡིག་རྙིང་མའི་ཤར་ཕྱོགས་ཀྱི་བུད་མེད་རྒྱལ་ཁབ༽ཞེས་པ་ལས་ཤར་ཕྱོགས་ཀྱི་བུད་མེད་རྒྱལ་པོའི་མིང་ལ་པིང་ཅུའུ་ཞེས་ཟེར་ཞིང་། མངའ་ཁོངས་ལ་ཤར་ནུབ་བར་ཉིན་ལམ་དགུ་དང་ལྷོ་བྱང་བར་ཉིན་ལམ་ཉི་ཤུ་ཙམ་ཡོད་པ། དེར་མཁར་རྫོང་ཆེ་ཆུང་བརྒྱད་ཅུ་དང་འབངས་དུད་ཚང་བཞི་ཁྲི་ཧྲག་དམག་ཆིག་ཁྲི་བཅས་མངའ་ཞིང་།ཡུལ་གྱི་ལྟེ་བ་ནི་ཤར་ནས་མཱོང་ཀྲུའུ་༼དེང་གི་རྔ་བ་ཁུལ་གྱི་མཱའོ་རྫོང་དང་ཝུན་ཁྲོན་ས་ཁུལ༽ཤར་ལྷོ་ནས་ཡཱ་ཀྲུའུ༼དེང་གི་གཡག་རྔ་ས་ཁུལ་སོགས་ཡིན༽སོགས་ཡིན་ཚུལ་བཀོད་པ་ལྟར་ན།དེང་གི་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཆེན་དང་རོང་བྲག་སོགས་ཡིན་པ་འདྲ།ད་དུང་སྤྱི་ལོ༦༡༨ནས་སྤྱི་ལོ༧༩༣ཙམ་བར་དུ་བྱུང་བའི་རྒྱལ་མོ་ལྔ་ཙམ་གྱི་མིང་དང་འཁྲུངས་ལོ་དང་འདས་ལོ་སོགས་ཀྱི་ལོ་རྒྱུས་གསལ་བོར་བཀོད་ཡོད། གཞན་ཡང་། སྤྱི་ལོ༡༩༩༧ལོར་ཧའོ་ལན་ཞིང་ཆེན་ཡོན་སི་རྫོང་༼河南省偃师县༽གི་ས་འོག་ནས་བུད་པའི་ཀའོ་ཞུའུ་ཅི་༼郭虚已,公元691—749༽ཞེས་པའི་དམག་དཔོན་ཞིག་གིས་ཞི་ཧྲན་དང་ཞེས་པ་ནུབ༼西山ཕྱོགས་ཀྱི་རི་བོ་ཞེས་པའི་དོན་ཡིན།༽དེའི་ཕྱོགས་ཀྱི་རྒྱལ་ཁབ་བརྒྱད་༼八国,公元746—794༽དང་འཐབ་འཁྲུག་བྱས་ཚུལ་གྱི་རྡོ་རིང་ཡི་གེ་ལས་ལྡོང་མགོ་ལེབ་༼羌豪董哥罗༽ཞེས་པའི་ཟིང་འཁྲུག་སློང་སྟེ་ཐང་གི་རྒྱལ་པོས་ཀའོ་ཞུའུ་ཅི་དམག་དཔོན་མངགས་ནས་ནུབ་རི་ཞི་བདེ་བཏང་ནས་མཁར་རྫོང་སྟོང་ཙམ་གཏོར། མའོ་མིང༼摩陈༽  དང་ཙའོ་པཱ་༼拙坝༽ཕམ་པར་བྱས་ཏེ་ཆུ་ཆེན་དམག་དོན་ཁང་བཙུགས་ཚུལ་གྱི་ལོ་རྒྱུས་བཀོད་ཡོད།ལོ་བཅུ་ཙམ་གྱི་རྗེས་སུ་བོད་བཙན་པོས་ཆུ་ཆེན་སོགས་མངའ་འོག་ཏུ་བསྡུས།གོང་གི་ལོ་རྒྱུས་ཡིག་ཆ་ལ་གཞིར་བཟུང་ན་ཐང་རྒྱལ་རབས་སྐབས་སུ་ད་དུང་ཤར་ཕྱོགས་ཀྱི་བུད་མེད་རྒྱལ་ཁབ་དེ་གནས་ཡོད་པ་དང་ས་གནས་དེ་རུ་ཤར་ཕྱོགས་ཀྱི་བུད་མེད་རྒྱལ་ཁབ་གཙོས་པའི་རྒྱལ་ཁབ་བརྒྱད་ཡོད་པའང་གསལ་བོར་མཚོན་ནུས།ཁྱུང་འཕགས་ཁྲ་མོའི་བུ་བཞི་རྒྱལ་པོ་རུ་བསྐོས་ནས་བུད་མེད་ཀྱི་སྟོབས་ཤུགས་རིམ་བཞིན་ཇེ་ཞན་དུ་བཏང་རུང་ད་དུང་རྒྱལ་ཕྲན་མང་དག་སྔར་བཞིན་བུད་མེད་རྒྱལ་པོ་ཡིན་པས་དུས་ཡུན་རིང་པོ་ཞིག་བརྒྱུད་རྗེས་གཞི་ནས་དམ་པ་ཁྱུང་གི་གདུང་རབས་ཀྱིས་རྒྱལ་རོང་གི་རྒྱལ་ཁབ་བཅོ་བརྒྱད་བཟུང་ཐུབ་པ་བྱུང་ནས་མོ་བཟའ་རྒྱལ་མོ་ཞེས་པའི་མིང་དེའང་ལོ་རྒྱུས་ཀྱི་ཐལ་རྡུལ་ཁྲོད་ཡལ་སོང་བ་ཨེ་ཡིན་སྙམ།
ལོ་རྒྱུས་ཁུངས་དག་ནང་དུ་མོ་བཟའ་རྒྱལ་མོའི་རྒྱལ་རབས་དུ་ཙམ་བྱུང་བ་དང་རྒྱལ་མོ་སོ་སོའི་མཚན་སོགས་གསལ་པོ་མཐོང་དཀའ་རུང་ལྷ་མོ་མདངས་ལྡན་མ་ཞེས་པ་ནི་ཆེས་མཐའ་མཇུག་གི་རྒྱལ་མོ་ཡིན་ཚུལ་གསལ་པོར་བཤད་རྒྱུ་འདུགནམ་ཞིག་ཞང་ཞུང་ཡུལ་ནས་ཁྱུང་འཕགས་ཁྲ་མོ་རྒྱལ་རོང་དུ་ཕེབས་ནས་ལྷ་མོ་མདངས་ལྡན་མ་དང་གཉེན་བསྒྲིགས་པ་ལས་དེང་དུས་ཡོངས་སུ་གྲགས་པའི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་དབུ་ཚུགས་པ་ཡིན་ཟེར།དེ་ཡང་།རྒྱལ་རོང་གི་སྟོང་དམག་སྡེ་བའི་རྒན་པོ་སྐལ་གྲགས་ཚེ་རིང་གི་བློ་ངོར་ཡོད་པའི་རྒྱལ་རོང་གི་དམངས་གླུ་ཞིག་གི་གླུ་ཚིག་འདི་ལྟར་སྟེ།
བྱ་འདི་ཡག་པོ་བྱ་རྒྱལ་ཁྱུང་གི་རྒྱུད།།
མི་འདི་ཡག་པོ་ཁྱུང་འཕགས་ཁྲ་མོའི་རྒྱུད།།
རིགས་འདི་ཡག་པོ་བུ་འབོར་ཙ་བཞི་རེད།།
ས་འདི་ཡག་པོ་རོང་ཆེན་ཤོད་ཀྱི་ས།།
མཁར་འདི་ཡག་པོ་དགྲ་བླ་སྟོང་གི་མཁར།།
ཆུ་འདི་ཡག་པོ་ལྷ་གཉན་དམུ་རྡོའི་ཆུ།།
མ་འདི་ཡག་པོ་ལྷ་མོ་མདངས་ལྡན་རེད།།
གནས་འདི་ཡག་པོ་རྒྱལ་ཁག་བཅོ་བརྒྱད་གནས།།
རི་འདི་ཡག་པོ་གབ་ཏོག་ཤེལ་མི་རེད།།ཅེས་པ་ལྟར་རོ།།
མོ་བཟའ་རྒྱལ་མོ་དང་འབྲེལ་བའི་གཏམ་རྒྱུད་སྐོར།རྒྱལ་རོང་ཡུལ་དུ་ཡུལ་དཔོན་དང་རྒྱལ་པོ་མང་དག་བུད་མེད་ཀྱིས་དཔོན་འགོ་བཟུང་ནས་རིམ་བཞིན་མོ་བཟའ་རྒྱལ་མོ་ཆེ་ཆུང་མང་དག་བྱུང་།དཔེར་ན།རོང་བྲག་གི་གནས་འགོ་དང་།སྟོང་སྐོར།སོག་པོ་སོགས་དང་།གཞན་ཡང་ཆུ་ཆེན་དང་།བཙན་ལྷ་སོགས་རྒྱལ་མོ་དམུ་རྡོའི་ཉེ་འཁོར་གྱི་ཡུལ་ཕྱོགས་མང་དག་ལ་མོ་བཟའ་རྒྱལ་མོ་སུམ་ཅུ་ཙམ་གྱི་མིང་འདྲེན་ཐུབ་ཀྱིན་འདུགམོ་བཟའ་རྒྱལ་མོ་དེ་དག་ལས་ཆེས་ཐོབ་ཐང་ཆེ་བ་ནི་ལྷ་མོ་མདངས་ལྡན་མ་ཡིན་ཞིང་དེ་རྒྱལ་རོང་ཡུལ་གྱི་བུད་མེད་རྒྱལ་མོ་གཙོ་བོ་ཡང་ཡིན།དེའི་སྔོན་དུ་མོ་བཟའ་རྒྱལ་མོའི་རྒྱལ་རབས་ཅི་ཙམ་བྱུང་བའི་ལོ་རྒྱུས་ཁ་གསལ་ཞིག་མི་ཤེས་རུང་།ད་ལྟའི་རྒན་པོ་ཚོས་རིན་ཆེན་སྨན་དང་།ཀླུ་རྒྱལ་སྨན།རྣལ་འབྱོར་སྐྱིད་སོགས་ནི་ལྷ་མོ་མདངས་ལྡན་མའི་སྔོན་གྱི་རྒྱལ་མོ་དག་གི་མིང་རེད་ཟེར་བཞིན་འདུག  རྒན་རབས་ཚོས་བཤད་ཚུལ་ལྟར་ན།མོ་བཟའ་རྒྱལ་མོ་དེ་དག་ལ་རྒྱུད་པ་མེད་རྐྱེན་རྒྱལ་རྒྱུད་ཆད་སྐབས་རྒྱལ་རོང་གི་རྒྱལ་ཕྲན་གཞན་གྱི་མོ་བཟའ་རྒྱལ་མོ་ཆུང་ཆུང་དག་བདམས་ནས་རྒྱལ་མོ་ཆེ་བའི་རྒྱལ་སྲིད་དུ་དབང་བསྐུར་བཞིན་ཡོད།མོ་བཟའ་རྒྱལ་མོའི་ནང་ཁུལ་དུ་སྒྲིག་ལམ་ཧ་ཅང་བཙན་པ་དང་རྒྱལ་མོ་ཚོས་མག་པ་ལེན་ནས་ཁྱིམ་འཛིན་མི་ཆོག ད་དུང་བུད་མེད་ཀྱི་དམག་མི་དང་གཡོག་པོ་མང་དག་གིས་ཀྱང་ཁྱིམ་ཐབ་བཟུང་མི་ཆོག དགྲ་བོ་དང་འཐབ་འཛིང་བྱེད་སྐབས་སྐྱེས་པ་ལྟ་བུའི་མདའ་གྲི་མདུང་སོགས་ཀྱི་འཐབ་རྩལ་ལ་མི་མཁས་རུང་།དུག་འདྲེན་པ་སོགས་ཀྱི་ངན་ཐབས་གཞན་དག་མང་བས་སྐད་གྲགས་ཧ་ཅང་ཆེ་ཟེར།དུག་སྦྲུལ་ལས་ཕྱུངས་པའི་དུག་ནང་དུག་རྩྭ་ཁ་ཤས་བསྲེས་ནས་ཞིབ་མོར་འཐག་རྗེས་གླང་ཐུག་གི་རྭ་ཅོའི་ནང་བླུག་ན་དུག་དེ་བས་ཇེ་རྒོད་ཡོང་བ་དང་ཉར་ཚགས་བྱེད་བདེ།དུག་དེ་ནི་མོ་བཟའ་རྒྱལ་མོ་ཚོས་དགྲ་བོ་ཆམ་ལ་ཕབ་པའི་ཐབས་ཤེས་གཙོ་བོ་ཞིག་ཡིན་ཟེར།སྐབས་དེའི་བུད་མེད་ཚོའི་འཚོ་བ་ལ་དཀའ་ངལ་ཆེ་བས་སྡུག་བསྔལ་མང་དག་གིས་མནར་ནས་མཐར་བུད་མེད་རྒན་པ་དེ་དག་མེ་ཏོག་དང་མཉམ་རྒས་དང་མེ་ཏོག་དང་མཉམ་ཤི་འགྲོ་བའི་གཏམ་རྒྱུད་མང་དག་བཤད་རྒྱུ་འདུག              ཆུ་ཆེན་གྱི་གཡུང་དྲུང་ལྷ་རྩེའི་མདུན་གྱི་རྨོ་བྱོ་ཀོ་ཀོ་ཞེས་པའི་ས་གནས་ཉམས་དགའ་ཞིང་།མེ་ཏོག་མང་པོ་བཀྲ་ཡོད་ས་ཞིག་ཏུ་བུད་མེད་རྒན་པ་ཚོ་དབྱར་དུས་དེར་སོང་ནས་རྩམ་པ་སོགས་ཀྱི་ཟས་རིགས་ཕྲན་བུ་ཙམ་ཟས་ཚར་རྗེས་མེ་ཏོག་དང་མཉམ་ཤི་བཏང་།རྨོ་བྱོ་ཀོ་ཀོ་ཞེས་པ་ནི་རྒྱལ་རོང་གི་སྐད་ཡིན་ཞིང་།དོན་དུ་བུད་མེད་ཚོ་ཤི་སའི་ས་གོར་གོར་ཞེས་པའི་དོན་ཡིན།ད་ལྟ་གནས་འགོ་དགོན་གྱི་རི་མགོ་ཞིག་ནའང་རྨོ་བྱོ་ཀོ་ཀོ་ཞེས་པའི་ས་ཆ་ཞིག་འདུག
ད་དུང་རོང་བྲག་གི་སོག་པོའི་ཡུལ་དུ་མོ་བཟའ་རྒྱལ་མོ་ཞིག་ལོ་བརྒྱའི་སྔོན་གྱི་བར་དུ་གནས་ཡོད་ཚུལ་ད་ལྟའི་མི་རྒན་ཚོས་གསལ་པོར་བཤད་རྒྱུ་འདུག 
  • ལེ་ཚན་སྔོན་མ།:ཁྲི་དར་མ་འུ་དུམ་བཙན་གྱི་སྐོར་ལ་དཔྱད་པ།
  • ལེ་ཚན་རྗེས་མ།:བོད་ལ་ཕོ་ལོང་དང་རྟ་ཐོག་ཕོ་ལོང་དར་བའི་ལོ་རྒྱུས།