བོད་ཀྱི་ལོ་རྒྱུས་རྒྱུན་ཤེས་གཞོན་ནུའི་མགུལ་རྒྱན་མེ་ཏོག་ཕྲེང་བ།

བྱམས་རྡོར་དང་གངས་དབང་གིས།        2012-08-13

༨༡རྒྱལ་པོ་སྲོང་བཙན་སྒམ་པོའི་མེད་ཐབས་མེད་པའི་བློན་པོ་བཞི་དེ་གང་རེད།
བློན་པོ་མགར་དང་།ཐོན་མི་སམ་བྷོ་ཊ།སྙགས་ཁྲི་བཟང་ཡང་སྟོན།འབྲི་སེ་རུ་གུང་སྟོན་བཅས་སོ།།
༨༢ལོ་རྒྱུས་སུ་བློན་པོ་མགར་ལ་གདེང་འཇོག་གང་འདྲ་བྱས་ཡོད།
རྒྱའི་ལོ་རྒྱུས་ཡིག་ཚང་ནང་།མགར་འདི་ཡི་གེ་ལ་རྨོངས་ཀྱང་རང་བཞིན་གྱིས་རིག་པ་རྣོ་ཞིང་།ངང་ཚུལ་བརྟན་ལ།དམག་འཐབ་མཁས་པ།བོད་དུ་ཁོང་ལ་མཐོང་ཆེ་ཞིང་།ཁོང་ལ་བརྟེན་ནས་བོད་ཀྱི་རྒྱལ་ཁབ་སྟོབས་ཆེར་གྱུར་པ་ཡིན་ཞེས་འཁོད་པ་ཡོད།
༨༣བློན་པོ་མགར་ལ་བུ་དུ་ཡོད་པ་དང་ཁོང་ཚོས་རྒྱལ་རབས་ག་ཚོད་ལ་ལས་ཀ་བསྒྲུབས།
བློན་པོ་མགར་ལ་མགར་བཙན་སྙ་ལྡོམ་བུ་སོགས་བུ་བཞི་ཡོད་ཅིང་།ཁོང་ཚོས་བོད་རྒྱལ་སྲོང་བཙན་སྒམ་པོ་ནས་གུང་རིགུང་བཙན་དང་།མང་སྲོང་མང་བཙན།འདུས་སྲོང་མང་རྗེ་བར་བློན་པོ་ཡི་འགན་བཞེས།
༨༤བོད་རྒྱལ་སོ་དྲུག་པ་སུ་ཡིན།
མང་སྲོང་མང་བཙན་གྱི་སྲས་འདུས་སྲོང་མང་པོ་རྗེ་རེད།
༨༥བོད་རྒྱལ་སུའི་སྐུ་རུང་ལ་རྩལ་པོ་ཆེ་མི་བདུན་བྱུང་།
འདུས་སྲོང་མང་པོ་རྗེའི་སྐུ་རིང་ལ་རྩལ་བོ་ཆེ་མི་བདུན་བྱུང་།
༨༦བོད་རྒྱལ་མང་སྲོང་མང་བཙན་གྱི་མཛད་རྗེས་གཙོ་བོ་གང་།
ཆོས་རྒྱལ་སྲོང་བཙན་གྱིས་བཙུགས་པའི་བོད་རྒྱལ་ཁམས་ཆེན་པོའི་ཆབ་སྲིད་དང་།དམག་དོན།ཁྲིམས་ལུགས་སོགས་རྒྱུན་འཛིན་དང་དར་སྤེལ་བྱས་ནས།ཐང་བོད་བར་འབྲེལ་འདྲིས་ཇེ་ཆེ་དང་མངའ་འོག་ཆབ་འབངས་རྒྱ་བསྐྱེད་བྱེད།
༨༧རྒྱ་ནག་ནས་ཇ་དང་དཀར་ཡོལ་རྒྱལ་པོ་གང་གི་སྐབས་སུ་བོད་དུ་དར།
རྒྱལ་པོ་འདུས་སྲོང་མང་པོ་རྗེའི་སྐུ་རིང་ལ་དར་བའོ།
༨༨བོད་ཀྱི་ལོ་རྒྱུས་སུ་འབྲོ་བཟའ་ཁྲི་མ་ལོད་ཅེས་པ་དེ་ཅི་འབྲ་ཞིག་ཡིན།
མང་སྲོང་གི་བཙུན་མོ་སྟེ།འདིས་སྲས་འདུས་སྲོང་གི་སྐུ་ཚེའི་རིང་དང་།དབོན་སྲས་ཁྲི་ལྡེ་གཙུག་བརྟན་སྐུ་གཞོན་ནུའི་སྐབས་བཙན་པོ་ཡབ་སྲས་ཀྱི་ཆབ་སྲིད་སྐྱོང་རོགས་མཛད་པས་བོད་བཙན་པོའི་རྒྱལ་རབས་ཀྱི་བཙུན་མོའི་ནང་ནས་ཆབ་སྲིད་མཁྱེན་རྒྱ་དང་།དབང་ཐང་སྙན་གྲགས་བཅས་ཆེ་ཤོས་ཤིག་བྱུང་བའོ།
༨༩བོད་རྒྱལ་སོ་བདུན་པ་སུ་ཡིན།དུས་ནམ་ལ་འཁྲུངས།
བོད་རྒྱལ་སོ་བདུན་པ་ནི་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཡིན་ལ།སྤྱི་ལོ་༧༠༤དང་།༦༩༨སོགས་གསུངས་ཚུལ་མི་འདྲ་ལ།དགུང་ལོ་ང་གཅིག་པ་སྤྱི་ལོ་༧༥༤ལ་སྐུ་གཤེགས་གསུངས་།
༩༠དུས་ནམ་ལ་བོད་རྒྱལ་སུས་ཐང་གོང་མའི་རྒྱལ་རྒྱུད་ཀྱི་སྲས་མོ་གྱིམ་ཤིང་ཀོང་ཇོ་བཙུན་མོ་བཞེས།
སྤྱི་ལོ་༧༡༠ལ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱིས་གྱིམ་ཤིང་ཀོང་ཇོ་བཙུན་མོ་བླངས།
༩༡བོད་རྒྱལ་སོ་བརྒྱད་པ་སུ་ཡིན།ཡབ་ཡུམ་གང་དང་དུས་ནམ་ལ་འཁྲུངས།
བོད་རྒྱལ་སོ་བརྒྱད་པ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཡིན་ལ།ཡབ་མེས་ཨག་ཚོམ་དང་།ཡུམ་ནི་སྣ་ནམ་བཟའ་གཉིས་ཀྱི་སྲས་སུ་སྤྱི་ལོ་༧༤༢ལོར་སྐུ་འཁྲུངས།
༩༢ཆོས་རྒྱལ་མེས་དབོན་རྣམ་གསུམ་དེ་གང་རེད།
ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་།ཁྲི་སྲོང་ལྡེ་བཙན།མངའ་བདག་ཁྲི་རལ་པ་ཅན་དང་།ཡང་ན་ལྷ་ཐོ་ཐོ་གཉན་བཙན་དང་།རྒྱལ་པོ་སྲོང་་བཙན་པོ།ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་བཅས་སོ།
༩༣མཁན་སློབ་ཆོས་གསུམ་དེ་གང་རེད།
མཁན་སློབ་ཆོས་གསུམ་ནི་མཁན་པོ་བྷོ་ཏི་སྭ་ཏྭ།སློབ་དཔོན་པད་མ་འབྱུང་གནས།ཆོས་རྒྱལ་ཁྲི་སྲོབ་ལྡེ་བཙན་བཅས་སོ།
༩༤ཁྲི་སྲོང་ལྡེ་བཙན་གྱི་མཛད་རྗེས་གཙོ་བོ་གང་དག་རེད།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནི་བཙན་པོའི་གདུང་རབས་ཕྲེང་བའི་ནང་ན་འཕྲིན་ལས་ཕྱོགས་བཞིར་ཁྱབ་ཅིང་།བོད་ཁམས་དར་རྒྱས་ཆེས་བྱུང་བས་སྙིང་སྟོབས་ཀྱི་ཁོ་ལག་རྫོགས་པ་ཞིག་ཡིན་ལ་ཁོང་གི་མཛད་རྗེས་གཙོ་བོ་ནི་བསམ་ཡས་གཙུག་ལག་ཁང་གསར་བཞེངས་མཛད།མདོ་སྔགས་རིག་གནས་མང་པོ་བོད་སྐད་དུ་བསྒྱུར།སངས་རྒྱས་ཀྱི་བསྟན་པ་རྒྱས་པར་བྱས།གསོ་རིག་དང་དཔལ་འབྱོར་ལོངས་སྤྱོད་སྔར་མ་བྱུང་བའི་འཕེལ་རྒྱས་བཏང་།
༩༥ཀ ཁྲི་སྲོང་ལྡེ་བཙན་སྐབས་སུ་རྒྱ་ནག་གི་སྐད་མཁྱེན་པའི་ལོ་ཙྭ་བ་གང་དག་ཡོད།
༡བེེ་རོ་ཙ་ཎ།༢ལེགས་བྱིན་ཉི་མ།༣རྨ་རིན་ཆེན་མཆོག༤འགོ་གོང་སྤུང་འབྱིན།༥འགོས་ཆོས་གྲུབ།སྦ་གསལ་སྣང་།༧རྒྱལ་པོ་གཡུ་སྒྲ་སྙིང་པོ།༨ལྷ་ལུང་ཀླུ་གོང་།༩ཅ་ཁྲི་གཞེར་པ་ཀྲི་ཏ།༡༠རྨ་དགེ་བའི་བློ་གྲོས།༡༡རྒྱ་མཚོའི་སྡེ།༡༢རྣམ་པར་མི་རྟོག་པ།
ཁ མཛངས་མི་དྲུག་པ་དང་བདུན་པ་སུ་ཡིན།ཁོང་གཉིས་རྒྱལ་པོ་སུ་ཡི་སྐབས་སུ་བྱུང་།མཛངས་པའི་ལས་སུ་ཅི་བྱས།
མཛངས་མི་དྲུག་པ།མགོས་ཁྲི་བཟང་ཡབ་ལྷག་ཡིན།བདུན་པ་སྟག་བཙན་གདོང་གཟིགས་ཡིན།ཁོང་གཉིས་ཀ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྱུང་ལ།སྔ་མས་མཛངས་པའི་ལས་སུ་བོད་དུ་མི་བསད་པ་ལ་སྟོང་ཞེས་འདི་ཉིད་ཀྱིས་བཀའ་ཁྲིམས་ཞལ་ལྕེ་སོགས་གཏན་འབེབས་མཛད།ཕྱི་མས་འབངས་མི་ཁྱིམ་རེས་རྟ་རེ་དང་མཛོ་རེ།བ་རེ།གླང་རེ་ལ་སོགས་པ་གཉེར་སྐྱོང་བྱེད་དགོས་པའི་གཏན་འབེབས་བཟོས་ཤིང་།དབྱར་དུས་རྩྭ་སྔོན་བསྐམས་ནས་དགུན་དུས་སུ་ཕྱུགས་གསོས་པའི་ལམ་སྲོལ་བཙུགས་པ།བན་བོན་རྩོད་གླེང་ཞི་བ་བཅས་སུ་བྱས་རྗེས་བཟང་པོ་བཞག
༩༦གཡུ་ཐོག་ཡོན་ཏན་མགོན་པོའི་འཁྲུངས་འདས་སོགས་ལོ་རྒྱུས་གང་འདྲ་རེད།
མེས་ཨག་ཚོམ་དང་ཁྲི་སྲོང་ལྡེ་བཙན་ཡབ་སྲས་གཉིས་ཀྱི་བླ་སྨན་མཛད།འདི་ཉིད་སྤྱི་ལོ་༧༠༨ལོར་ཡབ་བཙན་པོ་འདུས་སྲོང་མང་པོ་རྗེའི་བླ་སྨན་གཡུ་ཐོག་ཁྱུང་པོ་རྡོ་རྗེ་དང་།ཡུམ་རྒྱ་པ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྟོད་ལུང་སྐྱིད་སྣ་ལ་སྐུ་འཁྲུངས།རྒྱ་དཀར་ནག་སོགས་སུ་ཕེབས་ཏེ་གསོ་རིགས་གི་གོ་འཕང་བརྙེས་ཤིང་།བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་སོགས་གསོ་དཔྱད་དཔེ་ཆ་མང་དུ་བརྩམས།སློབ་མའི་ཚོགས་ཀྱིས་བོད་ཡུལ་ས་ཆེན་པོ་འདི་གང་བར་བསྐྲུན།མཐར་དགུང་ལོ་༡༢༥ཐོག་སྐུ་གཤེགས་སོ།
༩༧བོད་རྒྱལ་སོ་དགུ་པ་སུ་ཡིན།
མུ་ནེ་བཙན་པོ་ཡིན།རྒྱལ་པོ་འདིས་ལོ་གཅིག་དང་ཟླ་བ་བདུན་ལ་རྒྱལ་སྲིད་བསྐྱངས།
༩༨བོད་ཀྱི་ལོ་རྒྱུས་སུ་དབུལ་ཕྱུག་ལན་གསུམ་སྙོམས་པའི་རྒྱལ་པོ་དེ་སུ་རེད།
བོད་རྒྱལ་སོ་དགུ་པ་མུ་ནེ་བཙན་པོ་རེད།
༩༩མུ་ནེ་བཙན་པོ་གང་འདྲ་བྱས་ནས་འདས་པ་རེད།
མུ་ནེ་བཙན་པོས་ཡབ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཆུང་བ་ཕོ་ཡོང་བཟའ་ལ་བྱམས་སྐྱོང་ཆེན་པོ་གནང་བར་བརྟེན་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་ཐུགས་ཁྲོས་ཏེ་སྲས་ལ་དུག་དྲངས་ནས་སྐུ་གཤེགས་པར་གྲགས།
༡༠༠བོད་རྒྱལ་བཞི་བཅུ་པ་དེ་སུ་རེད།
ཁྲི་ལྡེ་སྲོང་བཙན་སད་ན་ལེགས་འཇིང་ཡོན་ཞུ་བ་དེ་ལགས།
༡༠༡ཁྲི་ལྡེ་སྲོང་བཙན་གྱི་ཡབ་ཡུམ་སུ་དང་དུས་ནམ་ལ་སྐུ་འཁྲུངས།
ཡབ་ཁྲི་སྲོང་ལྡེ་བཙན་དང་།ཡུམ་ཚེ་སྤོང་བཟའ་གཉིས་ཀྱི་སྲས་སུ་སྤྱི་ལོ་༨༢༤ལ་སྐུ་འཁྲུངས།
༡༠༢རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་བསྒྱུར་ཡིག་གཏན་ལ་འབེབས་པའི་རྩ་དོན་གསུམ་དེ་གང་རེད།
དང་པོ།བྱཱེ་ཀ་ར་ཎའི་གཞུང་ལུགས་དང་མཐུནདགོས་པ།།གཉིས་པ།ཆོས་ཀྱི་གཞུང་ལས་བཤད་པའི་རྩ་བའིབརྗོད་དོན་དང་འགལ་མི་ཆོག་པ།གསུམ་ནི་བོད་མི་ཡོངས་ཁྱབ་ཀྱིས་གོ་བདེ་བ་ཞིག་ཡོང་ཐབས་བྱ་དགོས་པ་བཅས་སོ།
༡༠༣རྒྱལ་པོ་ཁྲི་ལྡེ་སྲོང་བཙན་ལ་བུ་དུ་ཡོད།
སྲས་གཙང་མ་དང་།དར་མ།རལ་པ་ཅན།ལྷ་རྗེ།ལྷུན་གྲུབ་བཅས་ལྔ་ཡོད་དོ།
༡༠༤བོད་རྒྱལ་ཞེ་གཅིག་པ་དེ་སུ་ཡིན།
ཁྲི་གཙུག་ལྡེ་བཙན་ཏེ་མངའ་བདག་ཁྲི་རལ་པ་ཅན་ཡིན།
༡༠༥ཁྲི་གཙུག་ལྡེ་བཙན་ལ་མངའ་བདག་ཁྲི་རལ་པ་ཅན་ཟེར་དགོས་དོན་གང་ཡིན།
དབུ་སྐྲ་སིལ་བ་ལ་མི་མཉེས་པས་དབུ་སྐྱེས་ལན་བུ་རྣམས་རལ་བ་ཆགས་པས་སོ།
༡༠༦དབོན་ཞང་མོལ་བའི་རྡོ་རིང་ཞེས་པ་དེ་དུས་ནམ་དུ་ཡུལ་གང་ལ་རྒྱལ་པོ་སུའི་སྐུ་རིང་ལ་བཞེངས།
བོད་ཀྱི་བཙན་པོ་ཁྲི་གཙུག་ལྡེ་བཙན་དང་།ཐང་གོང་མ་མུའུ་ཙུང་གཉིས་ཀྱི་སྐུ་རིང་ལ་སྤྱི་ལོ་༨༢༣ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་མདུན་དུ་བཞེངས་ཡོད།
༡༠༧དབོན་ཞང་མོལ་བའི་རྡོ་རིང་གི་ནང་དོན་གཙོ་བོ་གང་འདྲ་ཡིན།
བོད་རྒྱ་གཉིས་ཀས་ད་ལྟ་སོ་སོར་དབང་བའི་ཡུལ་དང་ས་མཚམས་སྲུང་ཞིང་།དེའི་ཤར་ཕྱོགས་ཐམས་ཅད་ནི་རྒྱ་ཆེན་པོའི་ས་ཆ་ཡིན་པ་དང་།ནུབ་ཕྱོགས་ཐམས་ཅད་ནི་བོད་ཆེན་པོའི་ས་ཆ་ཡིན།དེ་ལས་ཕན་ཚུན་དགྲར་ཤ་མི་ལངས་པ་དང་།དམག་མི་འདྲེན་པ།ས་ཆ་མི་འཕྲོག་པར་རང་ས་རང་གནས་ཐོག་བློ་བདེ་བག་ཕེབས་ཀྱི་བདེ་བར་འཁོད་པ་བཅས་བྱེད་དགོས་ཞིང་།བོད་ནི་བོད་ཀྱི་ས་ན་སྐྱིད་པ་དང་།རྒྱ་ནི་རྒྱའི་ས་ཆ་ན་སྐྱིད་པའི་བྱ་བ་ཆེན་པོ་གཞིར་བཟུང་ནས་མནའ་འབྲེལ་ཆིངས་ཡིག་བཞག་པའོ།
༡༠༨བོད་བཙན་པོའི་གདུང་རབས་ཀྱི་རྒྱལ་པོ་མཐའ་མ་དེ་སུ་རེད།
རྒྱལ་པོ་གླང་དར་མ་རེད།
༡༠༩རྒྱལ་པོ་གླང་དར་དུས་ནམ་ལ་སུས་འདུལ་བ་རེད།
སྤྱི་ལོ་༨༤༣ལོར་ལྷ་ལུང་དཔལ་རྡོར་གྱིས་དཀྲོངས་བ་རེད།
༡༡༠རྒྱལ་པོ་གླང་དར་མ་ལ་གདེང་འཇོག་གང་འདྲ་བྱེད།
དེང་རབས་བོད་ཀྱི་ལོ་རྒྱུས་སྨྲ་བ་སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་བོད་ཀྱི་ལོ་རྒྱུས་བཀྲ་ཤིས་གཏེར་བུམ་ནང་དུ་འདི་ལྟར་གསུངས་ཡོད་དེ།བྱས་རྗེས་དགེ་མཚན་གྱི་ཕྱོགས་སུ།ཐོག་མར་ཁོང་ནི་བོད་ཀྱི་ལོ་རྒྱུས་ཐོག་བཅོས་སྒྱུར་བ་ཞིག་ཡིན་པ།དེ་ནས་སྤྱི་ཚོགས་ཐོན་སྐྱེད་འཕེལ་རྒྱས་ལ་ཕན་ཐོགས་ཡོད་པ།མི་དམངས་ཀྱི་ཁུར་པོ་ཡང་དུ་སོང་བ་དང་།རྒྱལ་མཛོད་ཀྱི་གཏོང་སྒོ་ཉུང་དུ་སོང་བ།ཉེས་པ་ནི་དང་པོ།བོད་ཀྱི་ཆོས་དཔེ་དང་བསྒྱུར་ཡིག་མང་པོ་མེད་པར་བྱས་པས་བོད་ཀྱི་རིག་གནས་དང་འཛམ་གླིང་གི་རིག་གནས་ལ་ཁ་གསབ་ཏུ་མེད་པའི་གཏོར་བཤིག་ཐེབས་པ།གཉིས་པ།ཆོས་ལུགས་མེད་པ་བྱས་པ་དང་།ཆོས་དད་མང་ཚོགས་ཀྱི་སེམས་ལ་རྨ་ཁ་བཟོས་ཤིང་།རང་ཉིད་ཀྱི་སྲོག་ཀྱང་ཤོར་བ་མ་ཟད་དེ་ནས་བཟུང་བོད་བཙན་པོའི་རྒྱལ་རབས་ཐོར་ཞིག་ཏུ་སོང་བ་རེད།
༡༡༡བསྟན་པ་སྔར་དར་ཞེས་པ་དེ་གང་གི་དུས་ཡིན།
ལྷ་ཐོ་ཐོ་རི་གཉན་བཙན་ནས་རྒྱལ་པོ་གླང་དར་མའི་བར་གྱི་སངས་རྒྱས་ཀྱི་བསྟན་པ་དར་བ་ལ་ཟེར་རོ། །
༡༡༢རྒྱལ་ཕྲན་སིལ་མ་དང་རྒྱལ་ཕྲན་སིལ་མའི་དུས་སྐབས་ལ་ཁྱད་པ་གང་།
འདིར་གཅིག་གྱུར་གྱི་རྒྱལ་ཁབ་གཅིག་འཐོར་ཞིག་ཁ་བྲལ་དུ་ཕྱིན་ཏེ་རྒྱལ་ཕྲན་དུ་མ་གྱུར་པ་ལ་རྒྱལ་ཕྲན་སིལ་མ་དང་།གཅིག་གྱུར་ནས་འཐོར་ཞིག་དང་སླར་གཅིག་གྱུར་ཡོང་བའི་དུས་ཡུན་ལ་རྒྱལ་ཕྲན་སིལ་མའི་དུས་སྐབས་ཟེར།
༡༡༣བོད་རྒྱལ་སིལ་མའི་དུས་སྐབས་སྲིད་དབང་མང་རུང་གཙོ་བོའི་སྲིད་དབང་ཁག་བཞི་ཙམ་ཡོད་པ་དེ་གང་དག་རེད།
དེ་ནི་མངའ་རིས་རྒྱལ་རྒྱུད་དང་།ཡ་ཙེའི་རྒྱལ་རྒྱུད།ཡར་ལུང་རྒྱལ་རྒྱུད།ལྷ་སའི་རྒྱལ་རྒྱུད་བཅས་སོ།
༡༡༤མངའ་རིས་རྒྱལ་རྒྱུད་སུས་བཙུགས་པ་རེད།
གླང་དར་མའི་སྲས་འོད་སྲུངས་ཀྱིས་བཙུགས་པ་རེད།
༡༡༥འོད་སྲུང་འཁྲུངས་འདས་ལོ་ཚིགས་ཅི་འདྲ་ཡིན།
འོད་སྲུང་ནི་སྤྱི་ལོ་༨༤༢ལོ་ནས་༩༠༥བར་ཟེར་མཁན་དང་།༩༠༣ནས་༩༦༥ཟེར་མཁན་གཉིས་ཡོད།
༡༡༦སྟོད་ཀྱི་མགོན་གསུམ་ཞེས་པ་དེ་གང་ལ་ཟེར།
འོད་སྲུང་ཀྱི་སྲས་མངའ་བདག་དཔལ་འཁོར་བཙན་དང་།དེའི་བཙུན་མོ་ཆེན་མའི་སྲས་སྐྱིད་ལྡེ་ཉི་མ་མགོན།དེས་སྲིད་དབང་ཤོར་ནས་མངའ་རིས་སུ་བྱོན།སྤྱོད་པ་བཟང་བས་མངའ་རིས་རྗེ་བོར་བཀུར།དེའི་བཙུན་མོ་ཅོག་རོ་བཟའ་ལ་སྲས་གསུམ་འཁྲུངས།ཆེ་བ་དཔལ་གྱི་རིགས་མགོན་གྱིས་མང་ཡུལ་བཟུང་།བར་བ་བཀྲ་ཤིས་ལྡེ་མགོན་གྱིས་སྤུ་རངས་བཟུང་།ཆུང་བ་ལྡེ་གཙུག་མགོན་གྱིས་ཞུང་ཞུང་བཟུང་བས་འདི་གསུམ་ལ་སྟོད་ཀྱི་མགོན་གསུམ་ཞེས་གྲགས།།
༡༡༧བསྟན་པའི་མེ་རོ་སུ་ཞིག་གིས་ཡུལ་གང་ནས་གསོས།
དེ་ཡང་ལྷ་བླ་མ་ཡི་ཤེས་འོད་ཀྱིས་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་།རྔོག་ལེགས་པའི་ཤེས་རབ་སོགས་བློ་རྣོ་བ་ཉི་ཤུ་རྩ་གཅིག་ཆོས་སློབ་པར་མངགས།པཎི་ཏ་ཤྲདྷ་ཀ་ར་སོགས་སྤྱན་དྲངས་ཏེ་མཚན་ཉིད་ཀྱི་ཐེག་པ་དང་རྒྱུད་སྡེ་བཞི་པོ་བསྒྱུར་ཅིང་གཏན་ལ་ཕབ་སྟེ་བསྟན་པའི་མེ་རོ་སྟོད་མངའ་རིས་ནས་གསོས་པ་དང་།བོད་ཀྱི་མཁས་པ་མི་གསུམ་དང་བླ་ཆེན་དགོངས་པ་རབ་གསལ་སོགས་ཀྱིས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས།
༡༡༨སྤྱི་ལོ་ག་ཚོད་ལ་ས་པཎ་ཧོར་ཡུལ་དུ་ཕེབས

སྤྱི་ལོ་༡༢༤༤ལོར་ས་པཎ་དགུང་ལོ་བགྲེས་ནའང་བོད་འབངས་སྤྱིའི་བདེ་སྡུག་དང་སངས་རྒྱས་བསྟན་པའི་ཆེད་དུ་དཀའ་ཚེགས་ལ་མ་འཛེམས་པར་རང་གི་ཚ་བོ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་དང་ཕྱག་ན་རྡོ་རྗེ་ཟུང་ཁྲིད་དེ་༡༢༤༦ལོར་ལང་ཀྲོའུ་ལ་འབྱོར།
༡༡༩ས་པཎ་སྤྲིངས་ཡིག་དེ་སྤྱི་ལོ་ནམ་དུ་བསྐུར།སྤྱི་ལོ་༡༢༤༧ལོར་བསྐུར།
༡༢༠མཐོ་ལྡིང་དཔལ་གྱི་གཙུག་ལག་ཁང་བཞེངས་མཁན་སུ།
ལྷ་བླ་མ་ཡེ་ཤེས་འོད་རེད།
  • ལེ་ཚན་སྔོན་མ།:བོད་ཀྱི་ས་ཁམས་ཆགས་ཚུལ།
  • ལེ་ཚན་རྗེས་མ།:བོད་ཀྱི་ལོ་རྒྱུས་རྒྱུན་ཤེས་གཞོན་ནུའི་མགུལ་རྒྱན་མེ་ཏོག་ཕྲེང་བ།