བོད་ཀྱི་ལོ་རྒྱུས་རྒྱུན་ཤེས་གཞོན་ནུའི་མགུལ་རྒྱན་མེ་ཏོག་ཕྲེང་བ།
བྱམས་རྡོར་དང་གངས་དབང་གིས། 2012-08-06
༥༠ལྷ་ཐོ་ཐོ་གཉན་བཙན་གྱི་བླ་སྨན་པ་དེའི་མཚན་ལ་གང་གསོལ།
སྨན་པ་དུང་གི་ཐོར་ཅོག་ཅན་ཞེས་ཞུ་ལ།ཁོང་གིས་རྒྱལ་པོ་ལྷ་ཐོ་ཐོ་གཉན་བཙན་དང་ཁྲི་གཉན་གཟུངས་བཙན་གཉིས་ཀྱི་བླ་སྨན་པ་མཛད་ཅིང་།བོད་དུ་བླ་སྨན་འཛུགས་པའི་སྲོལ་དེ་ནས་དར་རོ།
༥༡བོད་གཅིག་གྱུར་བཟོས་པ་དེ་རྒྱལ་པོ་གང་གི་དུས་སུ་འགོ་རྩོམ།
བོད་རྒྱལ་སྟག་རི་གཉན་གཟིགས་ཀྱི་སྐབས་སུ་འགོ་རྩོམ། ༥༢སྟག་རི་གཉན་གཟིགས་ཀྱི་སྐབས་སུ་བོད་དུ་རྒྱལ་ཕྲན་ཅི་ཙམ་མངའ་འོག་ཏུ་འདུས། རྒྱལ་ཕྲན་རྣམས་ཀྱི་སུམ་ཆ་གཉིས་མངའ་འོག་ཏུ་འདུས་སོ།།
༥༣མཛངས་མི་གསུམ་པ་དེ་སུ་ཡིན།
ཁྲི་དོ་རི་སྣང་ཞེས་པ་དེ་ལགས།
༥༤མཛངས་མི་བདུན་གྱི་གསུམ་པ་དེ་རྒྱལ་པོ་གང་གི་དུས་སུ་བྱུང་། སྟག་རི་གཉན་གཟིགས་ཀྱི་སྐབས་སུ་བྱུང་ངོ་།
༥༥ཁྲི་དོ་རི་སྣང་མཛངས་བློན་དུ་འཇོག་པའི་བྱས་རྗེས་གང་།
བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ།།དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་བསྡེབས།
༥༦རྒྱལ་པོ་གང་གི་དུས་སུ་ཚོང་ལས་ཐོག་མ་དར་བ་ཡིན། སྟག་རི་གཉན་གཟིགས་ཀྱི་སྐབས་སུ་ཚོང་ལས་ཐོག་མ་དརབ་ཡིན།
༥༧བྱང་ནས་ཚྭ་ཁ་རྙེད།བྱང་ཚྭ་ལྷོ་རུ་འདྲེན་པའི་སྲོལ་དེ་རྒྱལ་པོ་སུའི་རིང་ལ་བྱུང་།
གནམ་རི་སྲོང་བཙན་གྱི་སྐབས་སུ་བྱུང་།
༥༨བོད་རྒྱལ་ཉེར་དགུ་པ་དང་སུམ་ཅུ་པ།སོ་ཅིག་པ་བཅས་སོ་སོར་གང་དག་ཡིན།
རིམ་བཞིན་ཁྲི་གཉན་གཟུངས་བཙན་དང་།འབྲོང་གཉན་ལྡེའུ།སྟག་རི་གཉན་གཟིགས་བཅས་སོ།།
༥༩སྟག་རི་གཉན་གཟིགས་ཞེས་ཐོགས་དགོས་དོན་གང་ཡིན་ནམ།
ཁོང་ནི་འབྲོང་གཉན་ལྡེའུ་དང་བཙུན་མོ་མཆིམས་བཟའ་ཀླུ་རྒྱལ་ངན་བུ་མཚོ་གཉིས་ཀྱི་སྲས་དམུས་ལོང་དཀོན་པ་བཀྲ་ཞེས་དེ་ཡིན་ལ།ཡབ་ཀྱི་ཞལ་ཆེངས་བཞིན་འ་ཞའི་ཡུལ་གྱི་སྨན་པ་སྤྱན་དྲངས་ཏེ་སྨན་བཅོས་བྱས་པས་མིག་ཕྱེ་སྐབས་སྐྱིད་ཤོད་སྟག་མོ་རི་ལ་རི་དྭགས་གཉན་འགྲོ་བ་གཟིགས་ཐུབ་པ་བྱུང་བས་མཚན་ཡང་སྟག་རི་གཉན་གཟིགས་གསོལ་ལོ།
༦༠བོད་རྒྱལ་སོ་གཉིས་པ་གནམ་རི་སྲོང་བཙན་གྱི་འཁྲུངས་འདས་ཀྱི་ལོ་གང་འདྲ་རེད།
བོད་རྒྱལ་སོ་གཉིས་པ་གནམ་རི་སྲོང་བཙན་ནི་སྤྱི་ལོ༦༠༡ལར་ཡབ་སྟག་རི་གཉན་གཟིགས་དང་ཡུམ་འོལ་གོང་བཟའ་སྟོང་བཙུན་འགྲོ་དཀར་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་།སྤྱི་ལོ་༦༢༩ལ་བཀྲོངས།ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་ཞེས་པ་ཁབ་ཏུ་བཞེས་སོ།
༦༡བོད་གྱི་ལོ་རྒྱུས་སུ་ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་ཞེས་པ་དེ་གང་དག་རེད།
ཁྲི་གཉན་གཟུངས་བཙན་དང་།འབྲོང་གཉན་ལྡེའུ།སྟག་རི་གཉན་གཟིགས།གནམ་རི་སྲོང་བཙན་བཞིའི་རིང་བོན་ལ་བཀུར་བསྟི་ཤིན་ཏུ་ཆེ་ཞིང་ཆབ་སྲིད་རྒྱས་པས་ཁོང་ཚོར་ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་ཟེར་རོ།
༦༢ཀ ཆོས་རྒྱལ་སྲོང་བཙན་སྒམ་པོ་དེ་དུས་ནམ་དུ་ཡུལ་གང་དུ་སུའི་སྲས་སུ་སྐུ་འཁྲུངས།
རྒྱལ་པོ་སྲོང་བཙན་སྒམ་པོ་ནི་སྤྱི་ལོ་༦༡༧ལོར་ཡབ་གནམ་རི་སྲོང་བཙན་དང་ཡུམ་ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་གཉིས་ཀྱི་སྲས་སུ་ཕོ་བྲང་བྱམས་པ་མིའགྱུར་གླིང་དུ་སྐུ་འཁྲུངས། ཁ སྲོང་བཙན་སྒམ་པོའི་མཚན་ལ་ཇི་ལྟར་འགྲེལ། སྲོང་བཙན་སྒམ་པོ་ཞེས་པའི་མཚན་དེ་ཁོང་གི་སྲིད་དབང་བཟུང་རྗེས་བློན་པོ་རྣམས་ཀྱིས་གསོལ་བ་རེད་ལ།དེ་ཡང་རྒྱུད་དྲང་ཞིང་སྲོང་བ།ཁྲིམས་ལ་ཉེ་རིང་མེད་པའི་བཀའ་བཙན་པ།མི་སུས་ཀྱང་ཁོང་གི་རྒྱུད་ཚོད་ལོན་མི་ཐུབ་པའི་སྒམ་པོ་ཡོད་པ་བཅས་ཀྱི་ཁྱད་ཆོས་དང་མཐུན་པའི་སྒོ་ནས་མཚན་དེ་ལྟར་བཏགས་སོ།
༦༣ཆོས་རྒྱལ་སྲོང་བཙན་སྒམ་པོ་དེ་དགུང་ལོ་དུ་ཡི་སྟེང་དུ་བཙན་པོའི་ཁྲི་ལ་བཞུགས།
སྤྱི་ལོ་༦༢༩ལོར་དགུང་ལོ་༡༣སྟེང་དུ་བཙན་པོའི་ཁྲི་ལ་བཞུགས།
༦༤སྲོང་བཙན་སྒམ་པོ་བོད་ཀྱི་རྒྱལ་རབས་དུ་བ་ཡིན།
བོད་ཀྱི་རྒྱལ་རབས༣༣པ་ཡིན།
༦༥ཆོས་རྒྱལ་སྲོང་བཙན་སྒམ་པོའི་དགུང་བློན་ཆེ་བ་གཉིས་དེ་གང་རེད།
འཇམ་དབྱངས་ཀྱི་རྣམས་སྤྲུལ་ཐོན་མི་དང་།ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་བློན་པོ་མགར་གཉིས་རེད།
༦༦ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཛད་རྗེས་གཙོ་བོ་གང་དག་ཡིན།
བོད་ཀྱི་རུས་རྒྱུད་ཚོ་པ་ཁག་རྣམས་གཅིག་གྱུར་མཛད་དེ་རྒྱལ་ས་ལྷ་སར་སྤོས་ནས་སྲིད་དབང་ཇེ་བརྟན་བཏང་།ཆོས་ཁྲིམས་དང་སྲིད་ཁྲིམས་བཙུགས་ནས་རྒྱལ་ཁམས་ཁྲིམས་ཀྱིས་བསྐྱངས།དམར་པོ་རིའི་སྟེང་དུ་རྩེ་ཕོ་བྲང་བཏབ།བོད་ཡིག་གསར་གཏོད་མཛད།རྒྱལ་བལ་དང་འབྲེལ་ལམ་ཟབ་མོ་བཙུགས་ཏེ་ཇོ་ཤྭཀ་རྣམ་གཉིས་གདན་དྲངས།ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་ར་མོ་ཆེའི་གཙུག་ལག་ཁང་བཞེངས།མཐའ་གཞིའི་རྒྱལ་ཁམས་དབང་དུ་བསྡུས་ཏེ་བོད་ཀྱི་མངའ་ཐང་དར་ཞིང་རྒྱས་པར་མཛད།༼དུང་དཀར་ཚིག་མཛོད༽དུ་འདི་ལྟར་གསུངས་ཡོད་དེ།དང་པོ།དགུང་ལོ་ཆུང་དུས་ནས་རྒྱལ་སྲིད་བཞེས་ཤིང་ཕྱི་ནང་གི་དུས་ཟིང་ལྷིང་འཇགས་སུ་བཏང་བ།གཉིས་པ།རྒྱལ་ས་ལྷ་སར་སྤོས་ནས་འཛུགས་སྐྲུན་རྒྱ་ཆེ་མཛད་པ།གསུམ་པ།འཛམ་གླིང་ཐོག་ཆེས་སྔོན་ཐོན་གྱི་གྲས་སུ་སླེབས་པའི་བོད་ཡིག་གསར་གཏོད་མཛད།བཞི་པ།ཁྲིམས་སྲོལ་གཏན་ལ་ཕབ་ནས་རྒྱལ་ཁམས་བདེ་བར་བསྐྱངས།ལྔ་བ།སྲིད་འཛིན་ས་ཁུལ་གསལ་པོར་དབྱེ་བའི་ཁར་སྲིད་དང་དམག་གི་སྒྲིག་གཞི་དང་།དཔོན་རིགས་ཁག་ག་འགན་དབང་གཏན་ལ་ཕབ།དྲུག་པ།ཞིང་འབྲོག་ཐོན་སྐྱེད་གོང་དུ་སྤེལ་བའི་བྱ་ཐབས་ལག་བསྟར་བྱེད་པ།བདུན་པ།སྤུན་ཟླའི་མི་རིགས་དང་ཁྱིམ་མཚེས་རྒྱལ་ཁབ་བར་མཛའ་མཐུན་གྱི་འབྲེལ་བ་བཙུགས་ནས་མི་རིགས་རང་ཉིད་ཀྱི་དཔལ་འབྱོར་སྤེལ་བའོ།
༦༧ཆོས་རྒྱལ་སྲོང་བཙན་སྒམ་པོ་དགུང་ལོ་ག་ཚོད་ལ་བཞུགས་པ་རེད།
ཡོངས་གྲགས་སུ་དགུང་ལོ་༨༢བཞུགས་ཟེར་བ་དང་།དགེ་འདུན་ཆོས་འཕེལ་གྱིས་དགུང་ལོ་སོ་བཞིར་བཞུགས་པ་གསུངས་སྤྱི་ལོ་༦༥༠ལ་འདས།
༦༨སྲོང་བཙན་སྒམ་པོ་དང་དེའི་འཕྲོས་རྒྱལ་རབས་བཅུ་གཅིག་དེ་གང་དག་རེད།
སྲོང་བཙན་སྒམ་པོ་དང་།གུང་རི་གུང་བཙན་ནམ་གུང་སྲོང་གུང་བཙན།མང་སྲོང་མང་བཙན།འདུས་སྲོང་མང་པོ་རྗེ།ཁྲི་ལྡེ་གཙུག་བཙན།ཁྲི་སྲོང་ལྡེ་བཙན།མུ་ནེ་བཙན་པོ།མུ་ཏིག་བཙན་པོ།ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་འཇིང་ཡོན།ཁྲི་རལ་པ་ཅན་ནམ་ཁྲི་གཙུག་ལྡེ་བཙན།འུ་དུམ་བཙན་པོའམ་གླང་དར་མ་བཅས་སོ།
༦༩མཛངས་མི་བཞི་པ་སུ་རེད།
ཐོན་མི་སམ་བྷོཊ་རེད།
༧༠ཀ ཐོན་མི་མཛངས་བློན་དུ་འཇོག་པའི་རྒྱུ་མཚན་གང་།
བོད་ཀྱི་ཡི་གེར་གསར་གཏོད་བྱས་པས་སོ།
ཁ མཛངས་མི་ལྔ་པ་སུ་ཡིན།རྒྱལ་པོ་སུ་ཡི་སྐབས་སུ་བྱུང་།ཁོང་མཛངས་བློན་དུ་འཇོག་དགོས་པའི་རྒྱུ་མཚན་ཅི།
མཛངས་མི་ལྔ་པ་སྙགས་ཁྲི་བཟང་ཡང་སྟོན་ཡིན།རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ་བྱུང་ལ།འདི་ཉིད་ཀྱིས་མཛངས་པའི་ལས་སུ་རི་ཁྱིམ་ཀླུངས་སུ་ཕབ།སྤོ་མཐོ་མཁར་དུ་བརྩིགས་ནས་གྲོང་ཁྱེར་བཅོས།
༧༡བོད་ཡིག་གསར་གཏོད་བྱེད་དགོས་པའི་རྒྱུ་མཚན་གང་།
སྲོང་བཙན་སྒམ་པོ་རྒྱལ་སྲིད་ཁྲི་ལ་བཞུགས་པར་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་ལེགས་སྐྱེས་དང་འཕྲིན་ཕུལ་ཏེ།དགའ་སྟོན་ཞུས་པས།བཙན་པོས་བོད་ལ་ཡི་གེ་མེད་པར་ཐབས་ཟད་དེ་རྒྱལ་ཁབ་རང་ངར་གི་ཡི་གེ་རེ་འབྲིར་བཅུག་ནས་བསྐུར་བས།རང་སྐད་དང་མཐུན་པའི་ཡི་གེ་མེད་པར་འགྱོད་པ་དང་།རྒྱལ་སྲིད་སྐྱོང་བ་ལ་ཡི་གེ་མེད་དུ་མི་རུང་བར་དགོངས་ནས་ཐོན་མི་རྒྱལ་གར་དུ་ཡི་གེ་སློབ་པར་མངགས་ནས་བོད་ཡིག་གསར་གཏོད་མཛད་དོ།
༧༢བོད་ཡིག་ཇི་ལྟར་བྱས་ནས་གསར་དུ་བཟོས།
རྒྱལ་གར་གྱི་དབྱངས་ལྔ་བཅུའི་ནང་གི་དབྱངས་བཅུ་དྲུག་ལས་ཨི་ཨུ་ཨེ་ཨོ་བཞིར་བསྡུས།གསལ་བྱེད་སོ་བཞིའི་ནང་ནས་བཅུ་གཅིག་དོར་བ་དང་བོད་སྐད་ལ་མཁོ་བ་དྲུག་གསར་སྣོན་མཛད་ཅིང་།དབྱངས་ལས་ཨ་གསལ་བྱེད་གྱི་ནང་ལ་བསྣན་པས་སུམ་ཅུ་གཏན་ལ་ཕབ།གསལ་བྱེད་ལས་རྗེས་འཇུག་བཅུ་དང་དེ་ལས་ཡང་འཇུག་གཉིས་དང་།སྔོན་འཇུག་ལྔ།ར་ལ་ས་གསུམ་གྱི་མགོ་ཅན་དང་།ཡ་ར་ལ་ཝའི་འདོགས་ཅན་བཅས་བཏན་ལ་ཕབ་ནས་བོད་ཡིག་འདི་ཉིད་གསར་གཏོད་མཛད་དོ།
༧༣བོད་ཀྱི་ཡིག་གཟུགས་འདི་དཔེ་གང་ལ་བྱས་ཏེ་བཟོས་པ་ཡིན།
ཡིག་གཟུགས་ཀྱི་ཕྱི་མོ་ལྷ་ཡིག་ལཉྪ་ལ་དཔེ་བྱས་ནས་དབུ་ཅན་དང་།ཀླུ་ཡིག་ཝརྟུ་ལ་དཔེ་མཛད་དེ་དབུ་མེད་བཟོས་པ་ཡིན་ནོ།
༧༤དུས་ནམ་ལ་རྒྱ་བཟའ་ཀོང་ཇོ་དང་ཇོ་བོ་ཤྭཀྱ་མུ་ནེ་བོད་དུ་གདན་དྲངས།བོད་དུ་ལོ་ཅི་ཙམ་བཞུགས།
ལྕགས་གླང་ལོ་སྟེ་སྤྱི་ལོ་༦༤༡ལོར་གདན་དྲངས།ལོ་ངོ་སུམ་ཅུ་ཙམ་བཞུགས།
༧༥རྒྱལ་པོ་སྲོང་བཙན་གྱི་སྐབས་བོད་དུ་ཡུལ་དུ་རུ་ཆེན་ལྔའམ་དྲུག་ཏུ་ཕྱེ་བ་དེ་གང་དག་ཡིན།
དབུ་རུ་དང་གཡོ་རུ།གཡས་རུ།རུ་ལག།སུམ་པའི་རུ།ཞང་ཞུང་རུ་བཅས་སོ།།
༧༦གུང་སྲོང་གུང་བཙན་གྱི་ཡབ་ཡུམ་གྱི་མིང་ལ་གང་གསོལ།
ཡབ་སྲོང་བཙན་སྒམ་པོ་དང་།ཡུམ་མོང་བཟའ་ཁྲི་ལྕམ་གསོལ།
༧༧གུང་སྲོང་གུང་བཙན་བོད་ཀྱི་རྒྱལ་རབས་དུ་བ་ཡིན།
བོད་ཀྱི་རྒྱལ་རབས་སོ་བཞི་པ་ཡིན།
༧༨བོད་རྒྱལ་སོ་ལྔ་པ་སུ་ཡིན།
མང་སྲོང་མང་བཙནཡིན།
༧༩ཇོ་བོ་ཤྭཀྱ་མུ་ནེ་དང་ཇོ་བོ་མི་སྐྱོད་རྡོ་རྗེ་གཉིས་ཕན་ཚུན་བརྗེས་ནས་བཞུགས་པའི་དུས་ནམ་ཡིན།དེ་ལྟར་བརྗེ་དགོས་པའི་རྒྱུ་མཚན་གང་།
རྒྱལ་པོ་མང་སྲོང་མང་བཙན་གྱི་སྐུ་རིང་ལ་རྒྱའི་དམག་དཔུང་བོད་དུ་འོང་བར་དོགས་ནས་ཇོ་བོ་རྣམ་གཉིས་ཕན་ཚུན་བརྗེས་པ་རེད།
༨༠བོད་རྒྱལ་སུའི་སྐུ་རིང་ལ་ཐང་བོད་བར་འབྲེལ་ལང་ཐོག་མ་འཛུགས་པ་རེད།
རྒྱལ་པོ་གནམ་རི་སྲོང་བཙན་གྱི་སྐུ་རིང་ལའོ།།