《དབུ་ནག་མིའུ་འདྲ་ཆགས》སུ་བཀོད་པའི་ མི་ཉག་རབ་སྒང་གི་མིང་གི་སྐོར།

གསེར་ཀུན་དགའ།        2020-06-05

དེ་ཡང་ཤར་མི་ཉག་རབ་སྒང་རིང་མོ་ནི་བོད་ཡུལ་ཁམས་གསུམ་གླིང་དགུར་ཕྱེས་པ་ལས་སྨད་མདོ་ཁམས་སྒང་དྲུག་ཏུ་གྲགས་པའི་ཡ་གྱལ། རྒྱལ་མོ་རྔུལ་ཆུ་དང་ཉག་ཆུ་རིང་མོ་ཞེས་ཆུ་བོ་གཉིས་ཀྱི་གཞི་དཀྱིལ། སྔོན་གྱི་ཚེ་ན་རྩ་མི་དང་ཤིང་མིར་འབོད་པའི་ཡུལ་གྱི་དངོས་གཞི། བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ་བཞེངས་པའི་མཐའ་འདུལ་དང་ཡང་འདུལ་གྱི་ལྷ་ཁང་རྣམས་ལས་ཐ་མ་ཡོངས་རྫོགས་རབ་སྒང་ལྷ་ཁང་གི་སའི་ཆར་ལ་བྱ་ཞིང་། དེང་སྐབས་བོད་མདོ་དབུས་ཁམས་གསུམ་ལས་ཁམས་ཀྱི་ཁོངས་སུ་བསྡུས་ནས་ཁམས་མི་ཉག་རབ་སྒང་ཡང་ཟེར་བཞིན་ཡོད།

ད་ལྟའི་མི་ཉག་རབ་སྒང་ཟེར་བའི་ཡུལ་གྱི་མིང་འདི་ནི་ཕྱིས་སུ་ཤིན་ཏུ་རྒྱུག་ཆེ་ཞིང་ཡོངས་སུ་གྲགས་པ་ཙམ་ལས་དུས་ཚོད་ནམ་ཞིག་ལ་མིང་འདི་ཐོགས་ཤིང་སྨད་མདོ་ཁམས་སྒང་དྲུག་ཏུ་ཇི་ལྟར་བགྲངས་ཚུལ་ནི་མིག་སྔར་མི་ཉག་གི་ལོ་རྒྱུས་སྨྲ་བ་རྣམས་ལས་སུས་ཀྱང་བཤད་པར་ཆ་མི་འཚལ་བར་ལུས་ཡོད་པ་རེད། འོན་ཀྱང་ང་ཚོས་རྒྱལ་རབས་དེབ་ཐེར་དང་ཆོས་འབྱུང་རྣམ་ཐར་སོགས་ཆ་བསྡེབས་ཏེ་ལོ་རྒྱུས་ཀྱི་བབ་ལ་བལྟས་ནས་བཤད་ན། སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་ཡུལ་གྱི་དབྱེ་མཚམས་ཀྱི་མིང་འདི་ནི་ཕལ་ཆེར་དུས་རབས་བཅུ་པའི་རྗེས་ནས་བྱུང་བར་དཔག་ནུས་ལ། ལྷག་ཏུ་བོད་ཤིང་སྒོ་ཅན་ཡོངས་ཀྱི་བདག་པོ་དཔལ་ལྡན་ས་སྐྱ་པའི་དུས་སུ་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེས་ནས་ཆོལ་ཁ་གསུམ་ཞེས་པའི་མིང་དེ་བྱུང་བ་ནས་བཟུང་། བོད་ཡུལ་གྱི་ས་མཚམས་མང་པོ་ཞིག་གི་མིང་ལའང་འགྱུར་བ་དུ་མ་ཞིག་ཕྱིན་ཡོད་པ་མངོན་སུམ་བདེན་པ་ཉིད་དུ་གྲུབ་ཐུབ་བོ།།

དེས་ན་སྒང་དྲུག་དང་ཆོལ་གསུམ་སོགས་ཀྱི་མིང་གི་འབོད་ཚུལ་དེ་མ་བྱུང་སྔོན་ལ་དེང་གི་མི་ཉག་རབ་སྒང་ལ་མིང་ཅི་ཞིག་གིས་འབོད་སྲིད་ཅེ་ན། དུས་རབས་བཅུ་གསུམ་པའི་ནང་བརྩམས་པར་གྲགས་པའི་བོད་ཀྱི་ལོ་རྒྱུས་ཀྱི་ཁུངས་ལྡན་དཔེ་ཆ་《དབུ་ནག་མིའུ་འདྲ་ཆགས》སུ། སྨད་ཀྱི་མདོ་གམ་ཤོག་གསུམ་དེ། ཁམས་ལ་དབྱར་མོ་བཏགས་དང་གཅིག མདོ་གམ་ལ་ཟལ་མོ་བཏགས་དང་གཉིས། རྩ་ཀ་མ་ལིང་ཀ་བཏགས་གསུམ་ཞེས་བཀོད་ཡོད་ལ། དེ་ལས་ཁམས་ཀྱི་དབྱར་མོ་བཏགས་ནི་དེང་གི་ཟིང་ལིང་གྲོང་ཁྱེར་གྱི་ཐང་ལ་གོ་དགོས། གཉིས་པ་ཟལ་མོ་སྒང་ནི་སྤྱི་བྱེ་བྲག་འཇུག་ཡུལ་དུ་མ་ཞིག་ཡོད་ཀྱང་། ཡོངས་གྲགས་སུ་འབྲི་ཆུ་དང་ཟླ་ཆུའི་མཚམས་ཀྱི་རི་རྒྱུད་དེར་ངོས་འཛིན་བཞིན་ཡོད། གསུམ་པ་རྩ་ཀ་མ་ལིང་ཀ་བཏགས་ཞེས་པ་དེར་མིག་སྔར་དམིགས་བསལ་གྱི་འགྲེལ་བརྗོད་ཅི་ཡང་མེད་མོད། འོན་ཀྱང་སྔོན་གྱི་ཡིག་ཚང་ཁ་ཤས་དང་གོ་བསྡུར་བྱས་ཚེ། རྩ་ཀ་མ་ལིང་ཀ་ཞེས་པ་ནི་དེང་གི་མི་ཉག་རབ་སྒང་གི་དོན་ཡིན་པ་བདེ་བླག་ངང་རྟོགས་ཐུབ་སྟེ། རྒྱུ་མཚན་སྔོན་གྱི་དེབ་ཐེར་དང་ཆོས་འབྱུང་རྣམས་སུ་མི་ཉག་ལ་རྩ་མི་དང་རྩ་ཡུལ་ཞེས་འཁོད་ཡོད་ལ། དུས་རབས་བཅུ་གསུམ་པའི་ནང་བྱོན་པའི་ནེའུ་པཎྚི་ཏ་སྨོན་ལམ་བློ་གྲོས་ཀྱིས་མཛད་པའི《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ》ཞེས་པ་རུ། ཤར་མི་ཉག་ལ་ཤར་རྩ་མི་ཞེས་བྲིས་པ་དང་། རྗེ་རིན་པོ་ཆེའི་དངོས་སློབ་པཎྚི་ཏ་ཆེན་མོ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི《ཉི་མའི་རིགས་ཀྱི་རྒྱལ་རབས》ནང་ལ་ཡང་། རྒྱལ་པོ་སྲོང་བཙན་སྐབས་སུ་བོད་སྟོང་སྡེར་བཞིར་ཕྱེ་བ། ཤར་རྩ་མི་དང་ཤིང་མི། ལྷོ་བློ་དང་བོད། ནུབ་ཞང་ཞུང་། བྱང་ཧོར་གྱི་རྒྱལ་ཁམས་དབང་དུ་བསྡུས་ཤིང་མངའ་མཛད་ཅེས་ཤར་མི་ཉག་ལ་ཤར་རྩ་མི་དང་ཤིང་མི་ཞེས་བྲིས་ཡོད། གཞན་ཡང་རྩོམ་པ་པོ་དངོས་སུ་མི་གསལ་བའི་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་དུ་བརྩམས་པར་གྲགས་པའི《བཤད་མཛོད་ཡིད་བཞིན་ནོར་བུ》ཞེས་པ་རུའང་། རྒ་དང་། སྐྱུར། ཕ་ཆེ་ལ་མེས་བཙུན་པ། རྩ་མི་དང་ཤི་མི་རྗེ་བཙན་ལ་ཁོལ་དྲག་པ་ལྡན་མ་དང་འདྲའོ།། ཞེས་མི་ཉག་གི་ཆེ་བ་བརྗོད་སྐབས་མི་ཉག་ལ་རྩ་མི་དང་ཤིང་མི་ཞེས་བྲིས་ཡོད་དོ།།

དེ་ལྟར་ཁུངས་ལྡན་ཡིག་ཚང་དུ་མར་ཤར་མི་ཉག་ལ་རྩ་མི་ཞེས་བཀོད་ཡོད་པར་གཞིགས་ན། གོང་གི་རྩ་ཀ་མ་ལིང་ཀ་ཞེས་པའི་རྩ་ཀ་ནི་མི་ཉག་རྩ་མིའི་དོན་ཡིན་པ་དངོས་སམ་བརྒྱུད་ནས་རྟོགས་ཐུབ་ཅིང་། ལིང་ཀ་བཏགས་ཞེས་པ་ཡང་མི་ཉག་གི་སྐད་དུ་ཡུལ་ལམ་ཤོད་སྒང་གང་རུང་ཞིག་གི་དོན་ཡིན་དགོས་ཏེ་འདྲ་ཆགས་སུ་སྨད་མདོ་གམ་ཤོག་གསུམ་གྱི་ཡ་གྱལ་དུ་བགྲངས་ཡོད་པས་སོ།།

གཞན་དེང་གི་མི་ཉག་རབ་སྒང་གི་རྒན་པོ་རྣམས་ཀྱི་ངག་ནའང་རྩ་མི་དང་ཤིང་མིའི་ལོ་རྒྱུས་དེང་སང་བར་མ་ཉམས་པར་ཡོད་པར་མ་ཟད། དུས་རབས་བཅུ་པའི་མཇུག་ཏུ་ད་དུང་མི་ཉག་ལ་རྩ་མི་ཞེས་འབོད་ཀྱིན་ཡོད་པའང་རྩ་མི་ལོ་ཙྰ་བ་སངས་རྒྱས་གྲགས་པའི་མཚན་སོགས་ལས་ཤེས་ཐུབ། དེ་མིན་རྩ་མི་ལ་ཙ་མི་སོགས་འབྲི་ཚུལ་མི་མཐུན་པ་ཁ་ཤས་འདུག་ཀྱང་མི་ཉག་གི་སྐད་དུ་རྩའམ་ཙ་ནི་ས་ཡི་དོན་ཡིན་པ་དང་མི་ནི་གནམ་གྱི་དོན་ཡིན་པས་ཙ་མི་རྒྱལ་པོ་ཟེར་བའང་གནམ་སའི་བདག་པོ་ཞེས་པའི་དོན་ཡིན་ཚུལ་སོགས་མཁས་དབང་མི་ཉག་མགོན་པོའི་གསུང་རྩོམ་དུ་གསལ་ལོ།།


  • ལེ་ཚན་སྔོན་མ།:མི་ཉག་རུ་ཡོང་བཟའ་དང་གཏེར་གནས་འབྲོང་རི་སྨུག་པོ།
  • ལེ་ཚན་རྗེས་མ།:ཤར་པ་ཆོས་འབྱུང་ལས་བྱུང་བའི་མི་ ཉག་དང་ལྕགས་ལའི་སྐོར།