མདོ་ཁམས་ཏྲེ་བོའི་བྱུང་བ་རགས་ཙམ་བརྗོད་པ་དྲང་སྲོང་དགྱེས་པའི་གཏམ།

འབྲས་ཚལ་བསྟན་པ་རབ་རྒྱས།        2017-05-05

དང་པོ། མདོ་ཁམས་ཀྱི་ཕྱི་སྣོད་སྤྱིའི་ཆགས་ཚུལ།

སྔོན་གྱི་ཡིག་རྒན་དག་དང་། མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་སོགས་སུ། སྨད་མདོ་ཁམས་སྒང་དྲུག་གི་ངོ་སྤྲོད་ལ། ཁམས་གསུམ་དང་། ཆུ་བཞི། མདོ་ལྔ། སྒང་དྲུག རོང་བརྒྱད། ཤོད་བཅུ་ཞེས་བཀོད་འདུག  དེ་ཡང་ཁམས་གསུམ་ནི། ཙོང་ཁ་ལ་གྱི་ཐང་དུ་བཏགས་པའི་ཁམས།  མདོ་སྨད་ལ་གཡེར་མོ་ཐང་དུ་བཏགས་པའི་ཁམས།  མདོ་ཁམས་ལ་སྨར་ཁམས་ཞེས་བཏགས་པའི་ཁམས་ཏེ་གསུམ་མོ།། ཆུ་བཞི་ནི། རྒྱལ་མོ་རྔུལ་ཆུ་དང་། རྫ་ཆུ། འབྲི་ཆུ། རྨ་ཆུ་སྟེ་བཞིའོ།། མདོ་ལྔ་ནི། ཉང་སྨད་ཉི་མ་མདོ་དང་། སྤོ་བོ་ཆུ་མདོ། ཆབ་མདོ། སྒ་སྐྱེ་རྒུ་མདོ། དར་མདོ་སྟེ་ལྔའོ།། སྒང་དྲུག་ནི་སྨར་ཁམས་སྒང་དང་།ཚ་བ་སྒང་། འབྲི་རྫ་ཟལ་མོ་སྒང་། མི་ཉག་ར་བ་སྒང་། ལི་ཐང་སྤོ་འབོར་སྒང་། རྨ་རྫ་སྒང་སྟེ་དྲུག་གོ། རོང་བརྒྱད་ནི། ཤར་རྒྱལ་མོ་རོང་དང་། ལྷོ་ཚ་བ་རོང་། ནུབ་ཀོང་པོ་རོང་། བྱང་ཨ་སྟག་རོང་སྟེ་རོང་ཆེན་བཞི་དང་། ཉག་རོང་། རྔོད་ཨ་ལ་རོང་། དགུ་རོང་། སྡེ་རོང་བཅས་རོང་ཆུང་བཞི་སྟེ་བརྒྱད་དོ།། ཤོད་བཅུ་ནི། རྒྱ་ཤོད་དང་། དཔའ་ཤོད། རྟ་ཤོད། རྔོད་ཤོད།  ཡག་ཤོད། ནགས་ཤོད། ཏྲེ་ཤོད། རྨེ་ཤོད། རྒྱངས་ཤོད། དེ་ཤོད་བཅས་སོ།། དེ་ཡང་ཆུ་བཞི་ལས་ཆུ་ཆེན་དང་པོ་རྔུལ་ཆུ་ཁམ་པའམ་རྒྱལ་མོ་རྔུལ་ཆུ་ཞེས་པ་དེ་ནི། སོག་ལ་སྐྱ་བོའི་སྐྱ་ནག་མཚོ་ཞེས་པའི་མཚོ་འདབས་ནས་འབབ་པའི་ནག་ཆུ་དེ་ཡིན། ཆུ་བོ་དེ་བསམ་གཏན་གངས་བཟང་གི་གཡོན་ཕྱོགས་ནས་བབས་ཏེ།  སོག་ལ་སྐྱ་བོའི་མདུན་ཕྱོགས་ཧོར་སྟག་ཕྲུག་སྡེ་པའི་གཞུང་ནས་འབབ་པའི་ཤག་ཆུ་དང་ནག་ཤག་སུམ་མདོར་འདྲེས། ཡང་ཆུ་བོ་དེ་དང་སོག་གི་ཞ་དམར་ལ་དམར་དང་། སོག་རྗེ་རྒྱལ་བའི་ཐོད་དཀར། སོག་གི་བ་ནུ་ར་ནུ། སོག་གི་བརྟན་མ་བཅུ་གཉིས་སུ་གྲགས་པ་དེ་དག་ནས་འབབ་པའི་སོག་ཆུ་དང་ནག་སོག་སུམ་མདོར་འདྲེས། དེ་ནས་རྔུལ་མོ་རོང་ནས་འབབ་པས་རྔུལ་ཆུ་ཞེས་གྲགས། དེ་ནས་དཀར་རྔུལ་སུམ་མདོ་དང་། རེ་རྔུལ་སུམ་མདོ་སོགས་ནས་འབབ་ཅིང་། ཨ་མདོ་ཤོག་བརྒྱད་དང་། རྫ་དམར། སྙན་རོང་། ནག་ཆུ། འབྲི་རུ། སོག་མ་ཆེན། དཔལ་འབར། ལྷོ་རོང་། དཔའ་ཤོད།  རྫ་ཡུལ་སོགས་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་ཆུ་ཕྲན་རྣམས་བསྡུས་ཏེ་འབར་མའི་ཕྱོགས་ནས་རྒྱ་མཚོར་འབབ་བོ།། སྐབས་དེར་སིལ་ཝན་གཙང་པོ་ཞེས་ཟེར། ཆུ་ཆེན་གཉིས་པ་རྫ་ཆུའམ་ཟླ་ཆུ་ནི། ཆུ་སྟོད་དགེ་རྒྱས་རྫ་དཀར་པོ་ནས་བབས་ཤིང་། ཆུ་མགོ་ལ་གོང་ས་ལྔ་པ་ ཆེན་པོས་ལྷ་བསང་བཀྲ་ཤིས་འཁྱིལ་བ་གསུངས་པས་ཕྱིས་སུ་བཀྲ་ཤིས་འཁྱིལ་ཆུ་ཞེས་བཏགས། ཆུ་བོ་དེ་ཉིད་རྫ་དམར་པོའི་མཁར་སྒང་ལ་ནས་འབབ་པས་རྫ་སྲིབ་ཀྱི་ཆུ་དང་། རྫ་ནག་ཧོར་པོ་འབྲུག་ལྡིང་ནས་འབབ་པས་རྫ་ནག་ཆུ་ཞེས་འབོད། དེ་རྫ་དཀར་ནག་ཁྲ་གསུམ་གྱི་སུམ་མདོར་འདུས་པས་རྫ་ཆུ་ཞེས་སམ་རྫ་ཡི་རྒྱལ་པོ་གོ་བོ་ཁྱུང་ཕུག་གི་རི་རྒྱུད་ཀྱི་ཆུ་ཡིན་པས་རྫ་ཆུ་ཞེས་ཀྱང་ཟེར། རྫ་ཆུ་དེ་ཉིད་ཨག་གཞུང་དང་། སྨུག་གཞུང་། འདམ་གཞུང་ཟེར་བ་ནས་རྫ་ཆེན་དང་། རྫ་སྟོད། ནང་ཆེན་ནས་རག་ཤུལ་དང་། ཟུར་མང་གི་ཆུ་ཡང་འདུས་ཏེ་ཆབ་མདོའི་གཡོན་ནས་རྒྱུགས།  ཡང་འདམ་སྟོད་སྤུག་གི་རྫ་རི་ནས་ཤར་དུ་འབབ། དེ་ལ་སྤུག་ཆུ་དང་། སྡེ་ཆུ། ལྕེ་ཆུ་སོགས་ཟེར། དེ་ནས་ཆུ་བོ་དེ་རྨུ་ཐ་དང་། སྒང་རུ། སྡོམ་པ། ཚཱ་ཤུལ།  ལྕགས་ཟམ་ཁ་སོགས་ནས་རྒྱུགས་ཏེ་མཐར་ངོམ་གཞུང་ནས་འབབ་ལ་ངོམ་ཆུ་ཞེས་གྲགས། དེ་ཆབ་མདོའི་གཡས་ཕྱོགས་ནས་རྫ་ཆུར་འདྲེས། དེ་ནས་ཟླ་ཆུ་ཟེར། བྲག་གཡབ་དང་། མཛོ་སྒང་། སྨར་ཁམས། ཚ་ཁ་ལྷོ། འཇོལ་བདེ་ཆེན་སོགས་བརྒྱུད་དེ་རོང་བཙན་ཁ་བ་དཀར་པོའི་རི་རྒྱུད་ཀྱི་ཆུ་བོ་རྣམས་བསྡུས་ཏེ་རྒྱ་ནག་གི་ཡུན་ནན་དང་། ཐའེ་ལན་སྒྲི། ལའོ་སི། ཀམ་པོ་ཊི་ཡ། ཝེ་ཏེ་ནམ་སོགས་བརྒྱུད་ནས་རྒྱ་མཚོར་འབབ།  སྐབས་དེར་ཆུ་བོ་མེ་ཀོང་གཙང་པོ་ཞེས་གྲགས། ཆུ་ཆེན་གསུམ་པ་འབྲི་ཆུ་སེ་བོའམ་གསེར་ལྡན་གྱི་ཆུ་བོ་ཞེས་གྲགས་པ་དེ་ནི། གདང་ལའི་བྱང་ཤར་འབྲིའི་ཐུར་མགོ་ལ་ཞེས་གྲགས་པའི་རི་བོ་འབྲི་འདྲ་བའི་སྣ་ཁུང་གཡས་གཡོན་གཉིས་ནས་ཆུ་བོ་རེ་བབས་ཏེ་འདུས་པས་འབྲི་ཆུ་ཞེས་ཟེར། དེ་ཡང་བྱང་ཐང་གི་ས་ཁུལ་ནས་དཀར་ཆུ་དང་། དམར་ཆུ། གྲམ་ཆུ། འདམ་ཆུ། ཆུ་དམར་གྱི་ཆུ། སེ་བོའི་ཆུ་སོགས་ཆུ་ཆེན་མང་པོ་འབྲི་ཆུར་འདྲེས་ནས། ཁྲག་ཁོག་དང་། སྒ་ཁོག  ཡག་ར། ཡུལ་ཤུལ། གླིང་ཚང་། སྡེ་དགེ  འབའ་ཐང་། རྒྱལ་ཐང་། ས་ཐམ་སོགས་བརྒྱུད་ནས་བ་ཡན་ཧ་རིའི་རི་རྒྱུད་ཀྱི་ཆུ་བོ་རྣམས་བསྡུས་ཏེ་ཤར་རྒྱ་ནག་ནས་རྒྱ་མཚོར་འབབ་བོ།། སྐབས་དེར་ཡང་ཙི་ཅང་ཞེས་ཟེར། ཆུ་ཆེན་བཞི་པ་རྨ་ཆུ་ལེབ་མོ་ནི། གཡག་ལྷ་སྟག་རྩེའི་ཆུ་དང་།ཡུག་གི་ཆུ། བ་རིས་ཆུ་གསུམ་དང་། རྨ་སྟོད་མཚོ་སྔོ་རེངས་ཀྱི་ཆུ་འདབས་མཚོ་སྐྱ་རེངས་ལ་འདུས་ཏེ་རྨ་ཁོག་ནས་འབབ་པས་རྨ་ཆུ་ཞེས་ཟེར།  ཆུ་ཆེན་འདིའི་ནང་རྨ་ཉིན་སྲིབ་ཀྱི་ཆུ་དང་། དར་ལག  མགོ་ལོག ཨ་རིག  ཆབ་ཆ། རེབ་གོང་བཅས་ཀྱི་ཆུ་དང་། ཀླུ་ཆུ།བསང་ཆུ། དགུ་ཆུ། རྨེ་ཆུ། འཇུ་ལག་གི་ཆུ་སོགས་ཆུ་ཆེན་དུ་མ་དང་། ཤར་སྟོད་རྨ་རྒྱལ་སྦོམ་རའི་རི་རྒྱུད་དང་། མདོ་ལའི་རི་རྒྱུད་ཀྱི་ཆུ་བོ་རྣམས་བསྡུས་ཏེ་རྒྱ་ནག་ཧྲ་ཏུང་ནས་རྒྱ་མཚོར་འབབ། འབྲི་ཆུ་དང་རྨ་ཆུ་གཉིས་ཀྱི་བར་ནས་འབབ་པའི་རྫ་ཆུའམ་ཉག་ཆུ་དེ་ཆུ་ཆེན་ཞིག་ཡིན་རུང་མཐར་འབྲི་ཆུར་འདྲེས་ནས་རྒྱ་མཚོར་འབབ་པ་ལས་རང་འབབ་ཀྱིས་རྒྱ་མཚོ་མི་འདྲེས་ཕྱིར་ཆུ་ཆེན་དུ་མི་བགྲང་ངོ་།། སྒང་དྲུག་གི་རི་ཆུའི་ཆགས་སྟངས་རགས་ཙམ་བཤད་ན། འབྲི་རྫ་ཟལ་མོ་སྒང་ནི་འབྲི་ཆུ་དང་ཉག་ཆུའི་བྱང་རྒྱུད་ཀྱི་རི་རྒྱུད་རྣམས་ཡིན། ཚ་བ་སྒང་ནི་རྒྱལ་མོ་རྔུལ་ཆུ་དང་རྫ་ཆུའི་བར་གྱི་རི་རྒྱུད་རྣམས་ཡིན། སྨར་ཁམས་སྒང་ནི་འབྲི་ཆུ་དང་རྫ་ཆུའི་བྱང་རྒྱུད་བར་གྱི་རི་རྒྱུད་རྣམས་ཡིན། སྤོ་འབོར་སྒང་ནི་འབྲི་ཆུ་དང་ཉག་ཆུའི་ལྷོ་རྒྱུད་བར་གྱི་རི་རྒྱུད་རྣམས་ཡིན། དམར་རྫ་སྒང་ནི་རྨ་ཆུའི་ལྷོ་རྒྱུད་དང་ཉག་ཆུའི་སྟོད་ཀྱི་ཤར་རྒྱུད་བར་གྱི་རི་རྒྱུད་རྣམས་ཡིན། མི་ཉག་ར་བ་སྒང་ནི་ཤར་ཟླ་ཆུའི་ཤར་ཕྱོགས་དང་ཉག་ཆུའི་སྐེད་ཤར་གྱི་རི་རྒྱུད་རྣམས་ཡིན། རི་ཆུ་རོང་ཤོད་དེ་དག་གི་བར་ན་གནས་པའི་ཁམས་རིགས་བཞི་གསུམ་བཅུ་གཉིས་ཀྱི་བཀོད་པ་རགས་ཙམ་བཤད་ན། སོག་ལ་སྐྱ་བོ་མན་ཆད་དང་རྨ་ཆུའི་ཁུག་པ་ཡན་ཆད་དུ་ཡོད་པའི་མདོ་སྟོད་མགོ་ནག་མིའི་ཆོལ་ཁའི་མི་སྡེ་ཆགས་ཚུལ་ནི། ནག་ཆུ་བྱང་ཐ་ཤོག་བཞི་དང་། ནུབ་ཐ་གསང་ཤོག་དྲུག  ལྷོ་ཐ་ཤོག་བཞི། ཨ་མདོ་ཤོག་ཆེན་བརྒྱད། བྱང་རིགས་སྡེ་བཞི། ཧོར་ཚོ་པ་སུམ་ཅུ་སོ་དགུ། རབ་འཁོར་སོག་གསུམ། རྒྱལ་སྟོན་ལྡིང་དགུ སྤོ་ཀོང་པོད་གསུམ། ཤོ་སྟར་ལྷོ་གསུམ། ཚ་བ་རྫོང་ཆེན་བཅོ་བརྒྱད། སྨར་ཁམས་དཔོན་འགོ་བཅོ་བརྒྱད། གོ་འཇོ་ལྡིང་ཤོག་བཅུ་གསུམ། རེ་ཁེ་ཤོག་ཆེན་བཅོ་བརྒྱད། བྲག་གཡབ་འདོམ་ཚོ་བཅུ་གཉིས། ཆབ་མདོ་རྒྱ་འོག་བཅོ་བརྒྱད།   རི་ཆེ་གཞུང་པ་ཚོ་དྲུག  ནང་ཆེན་དིམ་ཆེ་ཉི་ཤུ་རྩ་ལྔ། སྡེ་དགེ་རྫོང་ཁག་ཉེར་ལྔ། ལྷོ་སྡེ་ཕྱི་འབྲོག་ཁག་བདུན། ལྷ་ཐོག་གླིང་ཚང་གཉིས།  རྫ་རྒྱུད་དཔོན་འགོ་སོ་བདུན། གསེར་ཐར་ཚོ་མ་ལག་བཅོ་བརྒྱད། རྒྱལ་རོང་རྒྱལ་ཁབ་བཅོ་བརྒྱད།  ཧོར་སེར་ད་ར་ཁག་ལྔ། ལི་ཐང་ཁ་ལ་གཞུང་དྲུག   འཇུ་ཀོང་རྒྱལ་གསུམ། རྨི་ལི། འབའ་གླིང་ཁ་གཤིས་པ། ཆ་ཕྲེང་སྡེ་པ། རྫ་ཡུལ་སོགས་ཁམས་ཀྱི་མི་སྡེ་གནམ་གྱི་སྐར་མ་ས་ལ་བབ་པ་ལྟར་བྱས་ནས་ཆགས་སོ།།

གཉིས་པ། ཏྲེ་ཤོད་དང་། ཏྲེ་བོ། ཏྲེ་ཧོར་ཞེས་པའི་མིང་གི་བྱུང་ཚུལ།

ཏྲེ་ཤོད་ཅེས་པ་ནི་མདོ་ཁམས་ཤོད་བཅུའི་ནང་ཚན་ཡིན་ལ།  དེ་ལྟར་ཐོགས་དོན་ནི་ཏྲེ་ཞེས་པ་ནི་མིའུ་གདུང་དྲུག་གི་འབྲུ་ལས་མཆེད་པའི་རིགས་ཤིག་གི་མིང་ཡིན་པ་དང་།      ཏྲེ་ཡི་རིགས་རྒྱུད་གནས་སའི་ས་བབ་ལ་གཞིགས་ན་སྤྱིའི་ཆ་ནས་ཕུ་ཤོད་གཉིས་ལས་ཤོད་ཀྱིས་ཁྱབ་རྒྱ་ཆེ་བས་་དེ་ལྟར་བཏགས་པ་རེད་སྙམ།   སོག་པོས་དབང་མ་བསྒྱུར་བའི་སྔོན་ནས་མིང་དེ་ཐོགས་པར་གསལ་ཏེ།  ཡུལ་འདི་དང་ཁ་ཐག་ཉེ་བའི་མགོ་ལོག་སོགས་ཁྱིམ་མཚེས་འབྲོག་སྡེ་རིགས་སུ་གཏོགས་པ་ཕལ་ཆེ་བས་ད་ལྟར་ཡང་ཏྲེ་ཤོད་ཟེར་བ་ལས་ཏྲེ་ཧོར་ཟེར་ན་བརྡ་དོན་མི་གོ་བའི་ཕྱིར། ཡང་། ཏྲེ་རབས་ལས།ཏྲེ་ཉིན་ལ་མི་ཡི་ཚོགས་པ་ཡིན། ། སྲིབ་ལ་ནོར་བུའི་གཏེར་མཛོད་ཡོད། ། ས་མདོ་མཁར་གྱི་ཁ་བད་མཐོ། །  ཕུ་ལ་འབྲོག་ཁྱུ་འཛོམས་ས་ཡིན། །  ཤོད་ལ་འབྲུ་དྲུག་སྨིན་ས་ཡིན། ། ཞེས་པ་ལྟར་ཏྲེ་ལ་ཉིན་དང་། སྲིབ། མདོ། ཕུ།ཤོད་བཅས་ཁག་ལྔ་ཕྱེ་ཡོད་པས། ཏྲེ་ཤོད་ཅེས་བརྗོད་དུས་ཏྲེ་ཡི་ཉིན་དང་སྲིབ། མདོ་། ཕུ་བཅས་མི་འདུ་སྙམ་མོ། ། ཏྲེ་བོ་ནི་ཏྲེ་ཤོད་ཅེས་པ་བསྡུས་ནས་ཏྲེ་དང་། དེ་ལ་གནས་པའི་བཅུད་ཀྱི་སེམས་ཅན་ལ་བདག་སྒྲ་བོ་ཞེས་སྦྱར་ནས་དེ་གཉིས་བསྡུས་པས་ཏྲེ་བོ་ཞེས་ཆགས་པའམ། ཡང་ན་ཏྲེ་རབས་ལས། ཆུང་བའི་རིགས་ལ་ཏྲེ་བོ་བྱུང་། ། ཏྲེ་མ་ཐང་ཚོང་འདུས་ཏྲེ་བོས་བཟུང་། ། ཏྲེ་རྗེ་སེ་བོ་འབྲུ་ཞིག་ཡིན། ། ཚོང་འདུས་མི་འགྱུར་གནས་ཤིག་ཡིན། ། ཞེས་པ་ལྟར་ཡུལ་འདིའི་རྗེ་ཡི་ཐོག་མ་ཏྲེ་རྗེ་སེ་བོས་དབང་བསྒྱུར་བྱས་པས་དེའི་མཚན་ནས་དྲས་ཏེ་ཐོགས་པ་ཡིན་ཟེར་ནའང་མི་འགྲིག་པ་མེད་སྙམ།ཏྲེ་ཧོར་ཞེས་པ་ནི་ཧོར་རྒྱལ་པོ་གུ་ཏེའི་སྲས་སེ་ཆེན་གྱི་གདུང་རྒྱུད་ཀྲང་ཅིན་ཝང་གི་རིགས་སྲས་ཧོར་མ་བསམ་བུ་ནས་རིམ་པ་བཞིན་ཏྲེ་ཤོད་ཀྱི་ཡུལ་འདི་དབང་བསྒྱུར་བྱས་པས་ཏྲེ་ཤོད་དང་ཧོར་པ་ཞེས་འབོད་པ་དེ་བསྡུས་ནས་ཏྲེ་  ཧོར་ཞེས་ཐོགས་པ་ཡིན་ནོ།།

གསུམ་པ། ཏྲེ་ཡི་མི་རྒྱུད་བྱུང་ཚུལ།

  ཏྲེ་ཡི་མི་རྒྱུད་ནི་སེ་དང་། རྨུ། ལྡོང་། སྟོང་། དབྲ།འབྲུ་ཞེས་པའི་མིའུ་གདུང་དྲུག་གི་ནང་ཚན་འབྲུ་ལས་མཆེད་པ་ཡིན། འབྲུའི་རིགས་ལ་དབྱེ་ན། རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ལས། ཁྲི་བཟང་འབྲུ་ཡི་ཆེ་དྲུག་དེ།། ཤར་ན་གྱི་དང་རོང་པོ་གཉིས།། ལྷོ་ན་བེ་དང་རི་ཐོ་གཉིས། །སྨད་ན་འབྱོམ་དང་ངོ་ཀྲོ་གཉིས། །     ཆེ་དྲུག་བཙན་གྱི་བཙུན་དྲུག་དེ། །སྤས་དང་སྤོས་དང་ཚ་ཁྲོམ་གསུམ། །ཞུག་པ་སྟོང་ཉེ་ཉེ་སྒ་གསུམ། །ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན། །ཞེས་ཨ་ལྕགས་འབྲུ་ཡི་གདུང་རབས་དེ་དག་གི་ནང་ནས།     འབྲུ་རྗེ་ལྷ་བུ་ཐོད་དཀར་ཞེས་སྟོབས་དང་རྫུ་འཕྲུལ་ལྡན་པ་ཞིག་བྱུང་བས་དྲག་པོའི་དཔུང་གིས་ཡུལ་གྲུ་ཀུན་དབང་འོག་ཏུ་བསྡུས། དེ་ཡི་རིགས་རྒྱུད་འབྲུ་སྟག་རྒོད་བྱ་བ་ཤིན་ཏུ་འབྱོར་ཕྱུག་ཆེ་བ་ཞིག་བྱུང་། གཉེན་བསྒྲིགས་པས་གདུང་སྲས་བུ་བདུན་བྱུང་ཡང་། ཕ་ཡི་ཁྱད་འཕགས་རྒྱུ་ནོར་སྲམ་སྤུའི་ཤིང་བལ་མཆན་ཐག་ཐོག་ཏུ་བཀལ་བ་དེ་ཉིད་རླུང་གིས་ཁྱེར་ཏེ་མཚོ་ལ་ལྷུང་བའི་ཤུལ་དུ་བུ་བདུན་ཀ་ལག་གདང་སྦྲེལ་ནས་མཚོ་ལ་མཆོངས། བུ་ཐ་མས་མཛོ་ཡི་སྣ་ཐག་ལ་འཇུས་ཀྱང་མཛོ་སྣ་བོར་ཏེ་བདུན་ཀ་མཚོ་ནང་དུ་བྱིངས།  འབྲུ་མི་རབས་ཆད་ཁར་མཛོ་སྣ་བོར་ཞེས་པ་དེ་བྱུང་། དེའི་ཕྱིར་འབྲུ་སྟག་རྒོད་ལོ་ན་རྒས་ཀྱང་སླར་ཡང་རོང་བཟའ་ཆུང་མར་བསུས་ནས་ཟླ་དུས་ཚང་བ་དང་། མཚན་མོར་བུ་སྐྱེས་པའི་མིང་ལ་ཉི་མ་ནག་པོ་བཏགས།  དེ་རྗེས་ཐོ་རེངས་སུ་སྐྱེས་པའི་མིང་ལ་ཉི་མ་ཁྲ་བོ་བཏགས།  དེ་རྗེས་ཉིན་མོར་སྐྱེས་པའི་མིང་ལ་ཉི་མ་དཀར་པོ་བཏགས་པས་འབྲུ་ཉི་མ་དཀར་ནག་ཁྲ་གསུམ་ཞེས་པ་བྱུང་།

བཞི་པ། འབྲུ་ཡི་རྒྱུད་ལས་ཏྲེ་ཤོད་ཀྱི་མི་རྒྱུད་མཆེད་ཚུལ།

འབྲུ་བུ་དཀར་ནག་ཁྲ་གསུམ་ལས། འབྲུ་ཉི་མ་དཀར་པོའི་གདུང་རྒྱུད་ལས་ཏྲེ་ཡི་མི་རྒྱུད་འདི་མཆེད་པ་ཡིན། དེ་ཡང་ཏྲེ་རབས་ལས། རྒྱལ་རབས་དགུ་བཅུ་གོ་བརྒྱད་འཕེལ། །ཕྱེད་དེ་ལྷ་ཡི་གདུང་རྒྱུད་ཡིན།  ། ཞེས་འབྲུ་རྗེ་ཉི་མ་དྲི་མེད་དམ་འབྲུ་རྗེ་ཉི་མ་དཀར་པོ་ལས་འབྲུ་ཡི་རྒྱལ་རབས་དགུ་བཅུ་གོ་བརྒྱད་བྱུང་བ་ཡིན།  དེ་ལ་སྲས་གསུམ་བྱུང་བའི་ཆེ་བ་ལ་དཔའ་བོ་སོ་གད་དང་། འབྲིང་བ་ལ་ཡ་གད།  ཆུང་བ་ལ་མ་གད་ཅེས་བཏགས་སོ། ། དེ་ཡང་འབྲུ་བུ་ཆེ་བ་སོ་གད་ནི། ཏྲེ་རབས་ལས། སྲས་ཆེ་བའི་རིགས་ལ་སྐྱུ་ར་བྱུང་། ། འདན་སྟོང་བྲག་རྩ་སྐྱུ་རས་བཟུང་། ། སྐྱུ་ར་མི་འགྱུར་འབྲུ་ཞིག་ཡིན། ། བྲག་རྩ་མི་འགྱུར་གནས་ཤིག་ཡིན། ། ཞེས་པ་ལྟར་སོ་གད་ཀྱི་རིགས་ལས་སྐྱུ་རའི་གདུང་རྒྱུད་བྱུང་ནས་འདན་སྟོད་བྲག་རྩ་སྟེ་དེང་སང་ནང་ཆེན་དེའུ་ཆིམ་ཉེར་ལྔའི་ནང་ཚན་སྒ་ལྡན་སྐྱུར་གསུམ་ཞེས་གྲགས་པ་དེ་བཟུང་བས་སྐྱུ་རའི་མི་རྒྱུད་དེ་བྱུང་བ་ཡིན། དེ་ཡང་སྐྱུ་ར་ཞེས་ཐོགས་དོན་ནི་པོ་ཏི་བསེ་རུ་དང་འབྲི་གུང་གདན་རབས་སོགས་ལས། སོ་གད་རང་ལོ་ཉི་ཤུ་པར་རྨ་ཆེན་སྦོམ་རའི་མགུལ་དུ་ཕྱིན་པ་ན། ཁྲུས་རྫིང་ཞིག་གི་འགྲམ་དུ་བྱ་རྒོད་མང་པོ་བབས་ཏེ་བྱ་ཤུབས་ཕུད་པས་ལྷ་ཡི་བུ་མོ་ཡིད་འཕྲོག་པ་ཤ་སྟག་གྱུར། དེ་དག་ཁྲུས་ལ་ཞུགས་པ་དང་བསྟུན་ནས་སོ་གད་ཀྱིས་བྱ་ལྤགས་གཅིག་སྦས་པས་ཁྲུས་ཀྱི་བྱ་བ་རྫོགས་པ་དང་ལྷ་མོ་གཅིག་ལ་བྱ་ཤུབས་མེད་པས་གནས་དེར་ལུས།  དེ་ལ་འདོད་པ་སྤྱད་རྗེས་བྱ་ཤུབས་སྟེར་བས་ཁོ་མོ་མཁའ་ལ་འཕུར་ཞོར་དུ་དེ་རིང་ནས་བརྩིས་ཏེ་ཟླ་དགུ་ངོ་བཅུ་ཚང་བར་བུ་ལེན་སར་ཤོག་ཟེར་ནས་སོང་། དེ་ནས་ཟླ་དུས་ཚང་བ་ན་ནམ་མཁའ་ནས་འཇའ་གུར་སོགས་བཀྲ་ཤིས་པའི་དགེ་མཚན་དང་བཅས་ལྷ་ཡི་བུ་དང་བུ་མོས་བར་སྣང་ནས་བྱ་སྤུ་འཐགས་སུ་བཏགས་པའི་བླ་བྲེ་ཞིག་འཕངས་ནས་    གཟེད་ཅིག་ཟེར་ནས་ཕྲུ་གུ་དེ་གནམ་ནས་སྐྱུར་བར་རྒྱལ་ཆེན་སྡེ་བཞིས་བྱ་སྤུའི་བླ་རེ་གཟེད་རོགས་བྱས་ཀྱང་སྣེ་མོ་ཤོར་བས་མཐེའུ་ཆུང་ཆད་པ་དང་ལྟག་པ་ས་ལ་བརྡབས་པས་ལྟག་འབུར་དུ་གྱུར། བུ་དེ་གནམ་ནས་ལྷ་ཡིས་སྦྱིན་པ་དང་། སྐུ་ལུས་དཀར་རྐྱང་དུ་ཡོད་པས་གནམ་སྦྱིན་དཀར་པོ་དང་གནམ་ནས་སྐྱུར་བས་སྐྱུ་ར་ཞེས་བཏགས། འབྲུ་གུང་པ་རྣམས་ཀྱང་སྐྱུ་རའི་རིགས་ལས་མཆེད་པ་ཡིན་པས་རང་རེ་ཏྲེ་བོ་དང་ལོ་ཁྲི་ཕྲག་གི་སྔོན་ནས་ཕ་ཚན་གྱི་གདུང་རུས་གཅིག་ལས་མཆེད་པ་ཡིན། འབྲུ་བུ་འབྲིང་བ་ཡ་གད་ནི་ཏྲེ་རབས་ལས།  འབྲིང་པོའི་བུ་ལ་གོ་བོ་བྱུང་། ། བྱང་ཁྲི་ལམ་སྐྱ་མོ་གོ་བས་བཟུང་། ། གོ་རྗེ་དཀར་པོ་འབྲུ་ཞིག་ཡིན། ། ཁྲི་ལམ་མི་འགྱུར་གནས་ཤིག་ཡིན། ། ཞེས་པ་ལྟར་དཔའ་བོ་ཡ་གད་ལ་བུ་གོ་བོ་ཞེས་བྱ་བ་བྱུང་།   དེང་སང་འབྲི་ཆུའི་ནུབ་རྒྱུད་ཀྱི་སྨར་ཁམས་གོ་བོ་ཞེས་གྲགས་པའི་ས་དེ་ཁོང་ལ་ཐོབ་པས་ས་ལ་ཡང་གོ་བོ་ཞེས་གྲགས།  བྱང་རྒྱུད་ཁྲི་ལམ་སྐྱ་མོ་ཞེས་དེང་སང་གི་ཇུས་མཚོ་མོ་ཁའི་ཉེ་འགྲམ་རྡོ་ཁྲི་འགག་ཅེས་རྡོ་ལོག་ཁྲི་ཕྲག་སྤུངས་པའི་ཉེ་  འདབས་ཀྱི་རྒྱ་ལམ་སྐྱ་མོའི་སྣེ་མོ་གང་དུ་ཟུག་པའི་ས་ཁྱོན་ཚང་མ་ཡང་གོ་བོས་བཟུང་། དེས་ན་འབྲུ་རྗེ་དཀར་པོ་ཉིད་འབྲུ་བྱེ་བྲག་པ་ཞིག་གི་རིགས་ཡིན་ལ་ཁྲི་ལམ་གྱི་ས་ཁུལ་རྣམས་གོ་རྗེ་འདིར་དག་པའི་མི་འགྱུར་བའི་གནས་ཤིག་ཡིན་ཞེས་པའོ། ། འབྲུ་བུ་ཆུང་བ་མ་གད་ནི་ཏྲེ་རབས་ལས།  ཆུང་བའི་རིགས་ལ་ཏྲེ་བོ་བྱུང་། ། ཏྲེ་མ་ཐང་ཚོང་འདུས་ཏྲེ་བོས་བཟུང་། ། ཏྲེ་རྗེ་སེ་བོ་འབྲུ་ཞིག་ཡིན། ། ཚོང་འདུས་མི་འགྱུར་གནས་ཤིག་ཡིན།  ། ཞེས་པ་ལྟར། འབྲུ་བུ་ཆུང་བ་མ་གད་ཀྱི་རིགས་ལ་བུ་ཏྲེ་རྗེ་སེ་བོ་ཞེ་བྱ་བ་བྱུང་།  དེ་ཆེར་སྐྱེས་པ་དང་ཏྲེ་མ་ཐང་ཚོང་འདུས་ཏེ་མཎྜལ་ཐང་ངམ་དེང་སང་དཀར་མཛེས་རྫོང་གི་སྡེ་མགོན་ཁང་ཡོད་སའི་ས་དེ་ལྟེ་བར་བྱས་ནས་བྲག་འགོ་རྫོང་གི་ཏྲེ་བོ་༼  སྔར་ཏྲེ་བོའི་ཁོངས་གཏོགས་ཡིན་པས་དེའི་མན་གྱི་མི་ཚོས་གནས་དེ་ལའང་ཏྲེ་བོ་ཞེས་འབོད་པས་དེང་སང་ཡང་བྲག་འགོ་རྫོང་གི་ཏྲེ་བོ་ཞེས་མིང་ཐོགས་ཡོད་ལགས།༽   ཡན་ཆད་ཏྲེ་བོས་བཟུང་། དེ་ལྟར་བཟུང་མཁན་ཏྲེ་རྗེ་ཁོང་ནི་འབྲུ་བྱེ་བྲག་པ་ཞིག་ཡིན་ལ།  ས་གནས་དེ་ཉོ་ཚོང་བྱེད་པར་སྟོད་སྨད་ཀྱི་ཡུལ་མི་ཀུན་འདུ་བའི་གནས་ཤིག་ཀྱང་ཡིན་ནོ། །  བསྐལ་པ་ཡ་ཐོག་ནས་བཙན་པོ་རིམ་བྱོན་ཚོའི་སྐབས་ཀྱི་ཏྲེ་བོ་དཔོན་རབས་བྱུང་རིམ་གྱི་མཚན་རགས་ཙམ་བགྲངས་ན། 1འབྲུ་བུ་ཏྲེ་རྗེ་སེ་བོ། 2འབྲུ་ཏྲེ་བོ་སྟག་གི་བྱ་རོག 3མཛེས་པ་ཕྱི་ཡི་རི་མོ། 4མོན་པ་མཆེ་སྡེ་ཡ་མེད། 5བཙུན་པ་ཏྲེ་བོ་སྟག་དམར། 6ཏྲེ་བོ་ཐང་ཆེན་ཨ་འབན།7ཁྲི་དཔོན་ཉི་མ་དཀར་ལེབ། 8སྤྱི་ཕུད་འཁོར་ལོ་བཟང་པོ། 9འབྲུ་ཏྲེ་བོ་དགྲ་བླའི་མི་བདུན༼  ཏྲེ་རབས་ནང་ཚན་རེ་རེ་བཞིན་མི་གསལ་བས་བྲི་རྒྱུ་མ་རྙེད། ༽  སོགས་སོ། །    བོད་སིལ་བུར་སོང་བ་དང་བསྟུན་ནས་ཡུལ་འདིའི་དཔོན་རབས་ལའང་གེགས་ཆག་བྱུང་སྟེ་དབྲ་ཡི་རིགས་ཀྱིས་དབང་སྒྱུར་བྱས།   ཧོར་སོག་གིས་བོད་ལ་དབང་སྒྱུར་བྱེད་སྐབས་ཀྱི་དཔོན་རབས་ཀྱི་མིང་རགས་ཙམ་བགྲངས་ན།  1ཧོར་མ་བསམ་བུ། 2ཧོར་ནོར་འཇའ། 3ཧོར་ཨ་རྒྱས། 4ཧོར་དགེ་རྒྱས། 5ཧོར་བླ་མ་སྐྱབས། 6ཧོར་ནམ་མཁའ་བློ་བཟང་། 7ཧོར་ནམ་མཁའ་རྒྱལ་མཚན་སོགས་སོ། །

 


  • ལེ་ཚན་སྔོན་མ།:ཧོར་བྲག་མགོ་ཞེས་པའམ་ར་དབུ་ཞེས་པའི་ཐ་སྙད་ཀྱི་སྐོར་ཅུང་ཟད་བཤད་པ།
  • ལེ་ཚན་རྗེས་མ།:མདོ་ཁམས་ཆུ་བཞི་སྒང་དྲུག