བོད་ཀྱི་མེས་པོའི་རུས་རྒྱུད་སྒ་དང་ལྡོང་ལས་མཆེད་པའི་བོད་མི་ཉག་གི་གནས་ཚུལ་རགས་ཙམ་བཤད་པ།

མི་ཉག་མགོན་པོ།        2014-06-26

བོད་ཀྱི་མེས་པོའི་རུས་རྒྱུད་སྒ་དང་ལྡོང་ལས་མཆེད་པའི་བོད་མི་ཉག་གི་གནས་ཚུལ་རགས་ཙམ་བཤད་པ།
དེང་སང་མཁས་པ་འགའ་མི་ཉག་གི་ལོ་རྒྱུས་སྐོར་ཞིབ་འཇུག་གནང་སྐབས་མི་ཉག་དེ་བོད་ཀྱི་རུས་རྒྱུད་མ་ཡིན་པའི་ཁོངས་སུ་བརྩི་བཞིན་འདུགདེ་ནི་ལོ་རྒྱུས་ཀྱི་ཁུངས་སྣེ་མ་རྟོགས་པར་ཁ་རོག་འུ་ཚོད་ཀྱིས་བཤད་པ་ཙམ་ཞིག་ལགས།དེར་བརྟེན་ངས་མི་ཉག་དེ་བོད་ཀྱི་མེས་པོའི་རུས་རྒྱུད་སྒ་དང་ལྡོང་ལས་མཆེད་ཚུལ་ཅུང་ཙམ་བརྗོད་པ་འདི་ལྟར་ཏེ།དུས་རབས་བཅུ་པའི་འགོའི་མེ་སྟག་ལོ་སྟེ་སྤྱི་ལོ906ལོར་བོད་རྒྱལ་གླང་དར་མ་ཆོས་ལུགས་པས་བཀྲོངས་པར་བརྟེན་བོད་སིལ་བུར་ཐོར་ཞིང་།ས་གླང་ལོ་སྟེ་སྤྱི་ལོ927ནས་འབངས་གྱེན་ལོག་གི་འགོ་བརྩམས་ཏེ་ལོ་དགུའི་རིང་ལ་མུ་མཐུད་དེ་བོད་ཀྱི་གནའ་ཤུལ་རིག་རྫས་དང་།རིག་གནས་ཀྱི་དཔེ་ཆ།དགོན་པ་དང་ཕོ་བྲང་།ཐ་ན་བོད་རྒྱལ་རྣམས་ཀྱི་པུར་ཁང་དང་བཅས་པ་ཐམས་ཅད་རྩ་བ་བརླག་ཏུ་བཏང་།བོད་འདི་ཉམས་རྒུད་ཆེན་པོར་གྱུར་ཀྱང་།མི་ཉག་གི་རྒྱལ་རྒྱུད་རྣམས་བྱང་ཕྱོགས་རྒྱ་སོག་བར་གནས་ཡོད་སྟབས་ཉམས་མེད་པར་མ་ཟད་རིམ་གྱིས་སྟོབས་ཤུགས་ཆེ་རུ་ཕྱིན།རབ་བྱུང་དང་པོའི་ཆུ་སྤྲེལ་ལོ་སྟེ་སྤྱི་ལོ1032ལོ་ལ་རྒྱ་ནག་གོང་མ་སུང་གི་རྒྱལ་རབས་བཞི་པའི་ལག་ནས་རྒྱལ་ས་བླངས།རབ་བྱུང་བཞི་པའི་མེ་ཕག་ལོ་སྟེ་སྤྱི་ལོ1227བར་གོང་མའི་རྒྱལ་ས་ལོ་ཆིག་བརྒྱ་གོ་ལྔ་བཟུང་།མངའ་ཐང་རྒྱས་པའི་དུས་སུ་ཤར་རྒྱ་ནག་དང་ལྷོ་འཇང་།ནུབ་བོད།བྱང་སོག་པོ་དང་ཤིན་ཅང་བར་རྒྱ་བསྐྱེད།མངའ་འབངས་སུ་རྒྱ་རིགས་དང་སོག་རིགས།འཇང་རིགས།ཡུ་གུ་རིགས།བོད་རིགས་བཅས་ཡོད།མངའ་ཁོངས་སུ་ཀྲུའོ་ཉེར་གཉིས་དང་ལེ་དབར་ཉིས་ཁྲི་ལྷག་ཡོད་པར་གྲགས།མི་ཉག་གི་རྒྱལ་རབས་བོད་ཀྱི་ལོ་རྒྱུས་དཔེ་ཆ་རྒྱ་བོད་ཡིག་ཚགས་དང་།ཡར་ལུང་ཇོ་བོའི་ཆོས་འབྱུང་སོགས་སུ་རྒྱལ་རབས་བཅུ་གཉིས་ཀྱིས་གོང་མའི་རྒྱལ་ས་ལོ་ཉིས་བརྒྱ་དྲུག་ཅུ་བཟུང་ཞེས་དང་།ཡང་རྒྱ་བོད་ཀྱི་དཔྱད་གཞི་འགར་རྒྱལ་རབས་གཉིས་ཀྱིས་ལོ་ཆིག་བརྒྱ་དགུ་བཅུར་རྒྱལ་ས་འཛིན་པར་བཤད།བོད་ཀྱི་ལོ་རྒྱུས་མང་ཆེ་བར་རྒྱལ་རབས་དགུ་བྱོན་པར་བཀོད་ཀྱང་།རྒྱལ་རབས་སོ་སོའི་མིང་གསལ་པོར་བཀོད་པ་ཞིག་མཐོང་རྒྱུ་མེད་ཅིང་།མི་ཉག་སྤྱིའི་ལོ་རྒྱུས་གོ་རིམ་ལྡན་ལ་ཆ་ཚང་བ་ཞིག་དེ་སྔར་རྒྱ་བོད་གང་དུའང་མ་བྱུང་བ་འདྲ།
རྒྱལ་རབས་མིང་གི་སྐོར།
རྒྱ་ཡིག་གི་དཔྱད་གཞི་འགར་སི་ཧུ་རྒྱལ་པོ་ལ་རྒྱ་ལུགས་ཀྱི་རུས་མིང་ཞིག་བཏགས་ནས་ལི་ཡན་ཧུ་ཞེས་དང་།རྒྱལ་རབས་ལ་ཤིས་ཤཱ(ནུབ་འཇང་།)ཟེར་ནས་མི་ཉག་འདི་འཇང་ཡིན་པའི་ཁོངས་སུ་རྩིས་འདུགའོན་ཀྱང་ཧུ་ཞེས་པའི་སི་ཧུའི་སྒྲ་ལ་བརྟེན་ནས་བྱུང་ངམ་སྙམ།རྒྱའི་དཔྱད་གཞི་མང་ཆེ་བར་མི་ཉག་གིས་རྒྱལ་ས་བཟུང་བའི་རྒྱལ་ཁབ་ལ།འཇང་ཆེན་པོའི་རྒྱལ་ཁབ་ཅེས་མི་ཉག་དང་འཇང་གཅིག་ཏུ་འཛིན་པ་དང་།ཐང་དེ་བོད་ཀྱི་རྒྱལ་ཁབ་དང་།བོད་ཆེན་པོའི་རྒྱལ་ཁབ་ཅེས་མི་ཉག་དང་བོད་གཅིག་ཏུ་བྱས་པ་སོགས་དང་དཔྱད་གཞི་འགར་ཏང་ཤཱ་རིགས་ཞེས་པ་དེ་འཇང་གི་མི་རིགས་བྱེ་བྲག་པ་ཡིན་པར་བརྩིས།བཅིངས་འགྲོལ་མ་གཏོང་སྔོན་སི་ཁྲོན་གྱི་རྒྱ་རིགས་རྣམས་ཀྱིས་མི་ཉག་གི་མི་རྣམས་ལ་སྨན་ཙེ་ཟེར།རྒྱ་རིགས་དང་ཕན་ཚུན་གླེང་མོལ་བྱེད་དུས།ཁེ་ཅཱ་དང་སྨན་ཅཱ་ཟེར་བ་ལས་རྒྱ་དང་བོད་ཟེར་སྲོལ་མེད།བཅིངས་འགྲོལ་བཏང་རྗེས་སྨན་ཙེ་ཞེས་པ་སྨ་འབེབས་རེད་ཟེར་ནས་འབོད་མི་ཆོག་པར་བྱས་ཏེ་ད་ནི་ཐོས་རྒྱུ་མི་འདུགའོན་ཀྱང་ང་རང་གིས་བསམ་ན་སུང་གི་རྒྱལ་ས་མི་ཉག་གིས་འཛིན་རྗེས་སུང་ལྷོ་མའི་རྒྱལ་རབས་ཀྱི་མིང་སྨན་ཙེ་མི་ཉག་ལ་འབོད་སྲོལ་བྱུང་བ་ལས་སྨ་འབེབས་མིན་པར་སྙམ།རྒྱ་ཡིག་གི་དཔྱད་གཞི་རྣམས་སུ་མི་ཉག་ཅེས་པའི་མིང་ཙམ་ཡང་མ་བྱུང་བ་འདི་ནི་ཤིན་ཏུ་སྐྱོ་བའི་གནས་ལགས་སོ།།
མི་ཉག་རང་གི་སྐད་དུ་མི་ཉག་རྒྱལ་པོ་དང་པོ་ལ་མི་ཉག་སི་ཧུ་རྒྱལ་པོ་ཟེར།སི་ཉིན་མོ་དང་ཧུ་མཚན་མོའི་དོན་ཡིན་པས་དུས་ལྟོས་མེད་ཀྱི་རྒྱལ་པོ་ཞེས།རྒྱ་ནག་པས་གོང་མ་ལ་ཁྲི་ལོ་ཟེར་བ་ལྟར་རྒྱལ་པོ་ལ་བསྟོད་བཀུར་གྱི་ཚིག་ཡིན།མི་ཉག་མངའ་ཐང་རྒྱས་ཏེ་དར་གོས་ལམ་ཆེན་སྟོང་སྐུ་ལྷ་ཁང་སོགས་ཀྱང་དབང་དུ་བསྡུས་པའི་དུས་སུ།མི་ཉག་པས་རང་གི་རྒྱལ་པོ་ལ་ཏུང་སྐུས་རྒྱལ་པོ་ཞེས་མཚན་གསོལ།ཏུང་སྐུས་ནི་མི་ཉག་སྐད་དུ་དར་གོས་ཀྱི་མིང་ཡིན།ད་དུང་མི་ཉག་པས་རང་གི་རྒྱལ་པོ་དབང་ཐང་ཤིན་ཏུ་དར་བའི་སྐབས་སུ་ཙ་མི་རྒྱལ་པོ་ཞེས།མི་ཉག་སྐད་དུ་ཙ་ས་དང་མི་གནམ་གྱི་དོན་ཡིན་པས་གནམ་ས་གཉིས་ཀྱི་བདག་པོ་ཞེས་བསྟོད།དེའི་ཕྱིར་སི་ཧུ་རྒྱལ་པོ།ཏུང་སྐུས་རྒྱལ་པོ།ཙ་མི་རྒྱལ་པོ་ཞེས་པ་རྣམས་མི་ཉག་རང་སྐད་དུ་རྒྱལ་པོར་འབོད་པའི་མིང་ཡིན་ནོ།།
བོད་ཀྱི་ལོ་རྒྱུས་མཁས་དབང་རྣམས་ཀྱིས་རྒྱལ་རབས་དང་ཆོས་འབྱུང་ལོ་རྒྱུས་དེབ་ཐེར་སོགས་ཡིག་ཆ་གྲངས་མེད་བརྩམས་ཡོད་པ་ཚང་མའི་ནང་མི་ཉག་རྒྱལ་རབས་དང་།མི་ཉག་ལོ་རྒྱུས།མི་ཉག་ཆོས་འབྱུང་ཞེས་པ་སོགས་མི་ཉག་སྐོར་མང་པོ་བྲིས་ཡོད་ཀྱང་།མི་ཉག་འདི་བོད་ཀྱི་ཆ་ཤས་ཤིག་ཏུ་བརྩིས་མེད་པར།ཧོར་དང་རྒྱ་ནག་ལྟར་རྒྱལ་རབས་ཟུར་པ་ཞིག་ཏུ་བཞག་ཅིང་།དེ་ནི་མི་ཉག་སྐད་ལ་ཆ་རྒྱུས་མེད་སྟབས་སི་ཧུ་ལ་སིའུ་ཞེས་པ་དང་།ཏུང་སྐུས་ལ་ཏང་ཁུན་ཙ་མི་ཟེར་བ་ལ་ཙར་མགོ་ཅན་བྲིས་ནས་རྩ་མི་ཤིང་མི་ཟེར་བ་སོགས་དངོས་དོན་དང་འབྲེལ་བ་མེད་པ་མང་པོ་བྲིས་འདུགདེའི་ཕྱིར་མིང་དེ་དག་མི་ཉག་སྐད་དངོས་དང་བསྡུར་ནས་དཔྱད་དགོས་པ་ཤིན་ཏུ་གལ་ཆེའོ།།
བོད་རྒྱལ་པོའི་དུས་སུ་བོད་དང་མི་ཉག་གི་འབྲེལ་བ།
སྲོང་བཙན་སྒམ་པོས་མི་ཉག་རྒྱལ་པོའི་སྲས་མོ་རུ་ཡོང་བཟའ་ཁབ་ཏུ་བཞེས།བོད་ཀྱི་བཙུན་མོ་གསུམ་ལས་མི་ཉག་གི་བཙུན་མོས་ལྕགས་པོ་རིའི་བྲག་ལྷ་ཀླུ་སྦུག་ལྷ་ཁང་བཞེངས།བྲག་བྱེ་བྲེ་རེའི་ཕེད་གླ་ཚྭ་བྲེ་རེ་བྱིན་པ་སོགས་ལོ་རྒྱུས་ཚད་ལྡན་རྣམས་ལ་དཔྱད་ན།དེའི་དུས་སུ་རྒྱལ་པོ་གཉིས་བར་གཉེན་ཉེའི་འབྲེལ་བ་མ་གཏོགས་བོད་ཀྱི་མངའ་འོག་འདུས་མི་འདུག  སི་ཁྲོན་ནས་དཔར་དུ་བསྐྲུན་པའི༼ཡར་ལུང་ཇོ་བོའི་ཆོས་འབྱུང་༽གི་ལྡེབ31པར་ཕྱིས་བོད་ཀྱི་རྒྱལ་པོས་གཡང་གྱུའི༼གཡང་གྱུའི་ནི་ཀིམ་ཤིང་ཀོང་ཇོའི་བོད་དུ་སྐྱེལ་མཁན་གྱི་འགོ་པ་རེད༽ལ་ཟོག་མང་པོ་རྒྱའི་རྒྱལ་པོ་རྩར་བསྐུར་ནས་མི་ཉག་འདི་ཡུལ་ཆེན་པོ་དགུ་ཡོད་པ་དེ་ཀོང་ཇོ་ལ་གནང་བར་ཞུ།ས་དེར་རྩྭ་ཆུ་བཟང་བས་དེར་ངེད་ཀྱི་ནོར་འཇོག་པ་ཡིན་ཞུས་པ་དང་།རྒྱལ་པོས་གནང་ནས་མི་ཉག་གི་ཡུལ་ཐམས་ཅད་བོད་ཀྱིས་བཟུང་ཞེས་བཀོད་འདུག
པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས་པའི༼ཆོས་འབྱུང་མཁས་པའི་དགའ་སྟོན༽སྨད་ཆའི་ལྡེབ1403པར་བོད་ཀྱི་རྒྱལ་པོས་བུ་མོ་སློང་དུ་བྱུང་བ་ལ།རྒྱལ་པོའི་ནུ་བོ་ཁེ་ཛུང་གི་བུ་མོ་ཀིམ་ཤིང་ཀོང་ཇོ་བྱིན།རྫོངས་ལ་གོས་དར་ཁྲི་ཚོ་མང་པོ་དང་བཟོ་རིག་པ་སྣ་ཚོགས་དང་རོལ་མོ་མང་པོ་བྱིན།ཇག་ཡུའི་ཐང་གུན་དང་།གཡང་གའི་ཧན་ཟེར་བའི་མི་དཔོན་གཉིས་དམག་དང་བཅས་པ་སྐྱེལ་དུ་བཏང་།ཕྱིས་བྱང་ངོས་སྒ་སོགས་མི་ཉག་གི་ཡུལ་ཐམས་ཅད་ཀྱང་ཀོང་ཇོ་ལ་བྱིན།བོད་ཀྱིས་ལོ་སུམ་ཅུ་བདག་བྱས་པ་ཡིན་ཞེས་བཀོད་འདུགགཞན་ཡང་བོད་ཀྱི་ཡིག་རྙིང་མང་པོའི་ནང་མི་ཉག་འདི་གནའ་སྔ་མོར་རྒྱའི་འོག་ན་ཡོད་པ་ལ་ཕྱིས་བོད་ཀྱིས་དབང་འོག་ཏུ་བསྡུས་ཞེས་པ་སོགས་དཔྱད་གཞི་རྣམས་ལ་བལྟས་ན།སྤྱི་ལོའི་དུས་རབས་བརྒྱད་པའི་འགོ་ཙམ་ནས་མཚོ་སྔོན་ཁོངས་ཀྱི་སྒ་སྐྱེ་དགུ་མདོ་དང་།ཁམས་སྟོད་ཀྱི་རབ་སྟོང་སྒང་གི་མི་ཉག་རྣམས་བོད་རྒྱལ་གྱི་མངའ་འབངས་སུ་གྱུར་ཅིང་།བོད་ཡིག་དང་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་ནང་པ་སངས་རྒྱས་པའི་བསྟན་པ་ཤིན་ཏུ་དར།དབུས་གཙང་དུ་སངས་རྒྱས་བསྟན་པ་བསྣུབས་ཤིང་བོད་སིལ་བུར་ཐོར་བའི་དུས་ནའང་།མི་ཉག་གི་ཡུལ་དུ་བཤད་གྲྭ་དང་སྒྲུབ་གྲྭ་མང་ལ་དགོན་སྡེ་རྣམས་ཀྱང་ཉམས་མེད་པར་ལོ་ཙཱ་བ་དང་མཁས་པ་མང་པོ་བྱོན།དཔེར་ན་དུས་རབས་དགུ་པར་བྱོན་པའི་བླ་ཆེན་གྱི་སློབ་དཔོན་གོ་རོང་སེང་གེ་གྲགས་དང་།ཀྭ་འོད་མཆོག་གྲགས་བོད་དུ་དུས་འཁོར་ཐོག་མར་སྒྱུར་མཁན་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་སོགས་དང་།མི་ཉག་རྒྱལ་པོའི་རུས་སུ་འཁྲུངས་པའི་ཙ་མི་ལོ་ཙཱ་སངས་རྒྱས་གྲགས་དང་།དུས་རབས་བཅུ་པའི་དབུས་ཙམ་ལ་རྒྱ་གར་དུ་བྱོན་ནས་རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོ་དང་སྟོན་པའི་རྒྱལ་ཚབ་ཀྱང་མཛད་དེ་རྒྱ་གར་དུ་ལོ་ཉི་ཤུ་བཞུགས་ནས་འདས་པ་སོགས་ཀྱིས་མཚོན།བོད་སིལ་བུར་ཐོར་ཞིང་།འབངས་གྱེན་ལོག་ལངས་པ་སོགས་ཀྱིས་མི་ཉག་ལ་གནོད་ཆེ་མ་བྱུང་ཞིང་།བཤད་སྒྲུབ་ཀྱི་བསྟན་པ་ཡང་སྔར་བཞིན་གནས་པ་ཡིན་ནོ།།
 

བོད་ཀྱི་མེས་པོའི་རུས་རྒྱུད་སྒ་དང་ལྡོང་ལས་མཆེད་པའི་བོད་མི་ཉག་གི་གནས་ཚུལ་རགས་ཙམ་བཤད་པ།
 

  • ལེ་ཚན་སྔོན་མ།:བོད་ཀྱི་ལོ་རྒྱུས་རིག་པའི་ནང་མི་ཉག་གི་གནས་ཚུལ་དང་མི་ཉག་སྐོར་གྱི་མིང་ཚིག་འགར་དཔྱད་པ།
  • ལེ་ཚན་རྗེས་མ།:བོད་རིག་པ་བ་སྡེ་རོང་ཚེ་རིང་དོན་གྲུབ་ལགས་ལ་མི་ཉག་སྐོར་གྱི་བཅར་འདྲི་ཞུས་པ།