འབའ་ཐང་རྫོང་རྫོང་རྩ་གྲོང་སྡེའི་བོད་ཀྱི་ལོ་གསར་ཇི་ལྟར་བསུ་བའི་སྐོར་ཅུང་ཙམ་གླེང་བ།

ཨ་པད།        2014-02-18

 ས་ཆ་རེ་ལ་སྐད་ལུགས་རེ། ལུང་པ་རེ་ལ་ཆ་ལུགས་རེ་ཟེར་བའི་དཔེ་ལྟར་འབའ་ཐང་རྫོང་རྫོང་རྩ་གྲོང་སྡེ་ལའང་ས་ཆ་གཞན་དང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་བོད་ཀྱི་ལོ་གསར་བསུ་སྟངས་ཤིག་ཡོད་པ་རེད། རྫོང་རྩ་གྲོང་སྡེ་ནི་འབའ་ཐང་རྫོང་གི་མངའ་ཁོངས་སུ་ཆགས་ཡོད་ཅིང་། དུས་བཞི་ལ་དྲོ་གྲང་སྙོམས་ཤིང་ལོ་གཅིག་ལ་སྟོན་གཉིས་བསྡུ་ཆོག་པ་མ་ཟད། དབྱར་རྩྭ་དགུན་འབུ་དང་བེ་ཤ་སོགས་ཞོར་ལས་ཀྱི་ཐོན་རྫས་ཀྱང་ཕུན་སུམ་ཚོགས་པ། ད་དུང་གསར་སྦོས་བྱེད་བཞིན་པའི་ཞ་ཉེའི་གཏེར་ཁ་ཆེན་པོ་ཞིག་ཀྱང་ཡུལ་དེའི་རི་འགོ་ལ་ཡོད་པ་རེད། ས་ཞིང་སྒེར་སྤྲོད་དང་བཅོས་བསྒྱུར་སྒོ་འབྱེད་སོགས་ཏང་གི་སྲིད་ཇུས་བཟང་པོའི་ཉི་འོད་ཀྲུང་གོའི་ས་གཞི་ཡོངས་ལ་འཕྲོས་ནས་བཟུང་། ལས་ལ་བརྩོན་ཞིང་སྤྱང་གྲུང་འཛོམས་པའི་རྫོང་རྩའི་ཞིང་པའི་ཕོ་མོ་རྣམས་ཀྱིས་ས་ཞིང་ལ་དཀའ་སྤྱད་འབད་བརྩོན་བྱེད་པ་ཕུད། ད་དུང་ཞོར་ལས་ལའང་འབད་བརྩོན་ལྷོད་མེད་བྱས་པས། མང་ཚོགས་ཀྱི་འཚོ་བ་དང་དཔལ་འབྱོར་ཡང་དབྱར་མཚོ་རྒྱས་པ་ལྟར་རྒྱལ་ཡོངས་ཀྱི་ཡུལ་སྡེ་གཞན་དང་མཚུངས་པ་གོང་འཕེལ་ཧ་ཅང་ཆེན་པོ་བྱུང་དང་འབྱུང་བཞིན་མཆིས་ལགས་སོ།
     གཤམ་དུ་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ལ་རྫོང་རྩ་གྲོང་སྡེའི་བོད་ལུགས་ཀྱི་ལོ་གསར་ཇི་ལྟར་བསུ་བའི་སྐོར་མདོར་ཙམ་ངོ་སྤྲོད་བྱ་བ་ནི། ལོ་གསར་སྔོན་གྱི་གྲབས་གཤོམ་དང་ལོ་གསར་ཇི་ལྟར་བསུ་བ་གཉིས་ལས།
     དང་པོ་ལོ་གསར་སྔོན་གྱི་གྲབས་གཤོམ་སྐོར་ངོ་སྤྲོད་མདོར་ཙམ་བྱ་བ་ནི། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ནས་བཟུང་ལོ་གསར་གྲ་སྒྲིག་གི་འགོ་ཚུགས་དགོས་པ་རེད། ཚེས་ཉེར་ལྔ་ཉིན་ཚེས་བཟང་དུས་བཟང་ལ་བསྟུན་ནས་དུད་ཚང་སོ་སོའི་ཕོ་གསར་མོ་གསར་རྣམས་ལི་དགའ་ཞེས་པའི་ས་ཆ་རུ་ཁང་པ་ལ་རྒྱན་ཆ་སྤྲས་བྱེད་ཀྱི་ས་དཀར་ལེན་ས་འགྲོ་དགོས་པ་རེད། དེའི་ཉིན་མོ་ཕོ་མོ་རྣམས་ཀྱིས་གཟབ་འཆོར་སྤྲས་ཅིང་ཁ་ལག་གྱ་ནོམ་པ་ཁྱེར་ནས་ས་དཀར་ལེན་ཡུལ་དུ་ཇ་བསྐོལ། ཆང་བཏུང་ནས་སྐྱིད་སྐྱིད་གཏོང་བའི་ལུགས་སྲོལ་ཡོད་པ་རེད། ཚེས་ཉེར་དགུ་ཉིན་གྱི་ཞོགས་སྐེད་ཡུལ་སྡེ་དེའི་དུད་ཚང་ཚང་མས་ལོ་གཅིག་གི་དུ་རྒན་ཕྱགས་པའི་ལུགས་སྲོལ་ཡོད་པ། དེའི་ཉིན་མོ་དུད་ཚང་སོ་སོས་རང་ཉིད་ཀྱི་ཐབ་ཚང་དང་ཁྱིམ་ནང་གི་ཡོ་བྱད་ཐམས་ཅད་སྒོ་རྒྱབ་ཏུ་བསྐྱལ་ནས། ཇ་ཁང་དང་ཐབ་ཚང་། མགྲོན་ཁང་། ཉལ་ཁང་ལ་སོགས་པ་གཙང་དག་ཏུ་ཕྱགས་ཏེ། ཕྱག་ལུད་དང་གོན་པ་རྙིང་པ། གོ་ཐལ་སོགས་སྒྱེ་མོ་རུ་བླུགས་ཏེ་གྲོང་སྡེའི་མཐའ་རུ་དང་ཡང་ན་ཕྱོགས་ནག་གི་ཕྱོགས་སུ་འཕོ་འགྲོ་དགོས་པ་རེད། ཡུལ་སྐད་དུ་དུ་རྒན་འཕོ་ཞེས་ཟེར་བ་རེད། དུ་རྒན་འཕོ་ཚར་རྗེས་དུད་ཚང་སོ་སོའི་ནང་མི་ཚང་མས་ཟན་གྱི་ལུས་གྲིལ་བཟོ་སྟེ། ལུས་གྲིལ་དང་གླུད་རྫས། གོན་པ་རྙིང་པ། ཞལ་འདེགས་སོགས་ཁྱེར་ཏེ་གྲོང་སྡེའི་ལྷ་ཁང་དུ་བསྐྱལ་འགྲོ་དགོས་པ་རེད། གྲོང་སྡེས་ཀྱང་དེའི་ཉིན་མོ་བོན་རྒན་དང་གྲོང་སྡེའི་ནང་བོད་ཡིག་ཤེས་མཁན་ཐམས་ཅད་བསྡུ་རུབ་བྱས་ཏེ་བཀའ་བསྟན་འགྱུར་ཞལ་ཕྱེ་དང་ཟབ་མདོ་སོགས་ཡིག་སྣ་གང་མང་འདོན་ཏེ། ཕྱི་དྲོ་བོན་རྒན་ཚོས་ལུས་ལ་བོན་ཆས་རྒྱན་ཏེ་གྲོང་སྡེ་ནང་གི་ཕོ་གསར་ཡོད་དགུ་ཁྲིད་དེ་གྲོང་སྡེའི་མཐའ་རུ་གླུད་འཕེན་འགྲོ་དགོས་པ་རེད། དེའི་ཉིན་མོ་གྲོང་སྡེ་ནང་གི་ཕོ་མོ་རྒན་བྱིས་ཚང་མས་མགོ་བཀྲུ་བ་དང་གོན་ཆས་ཡོད་དགུ་བཀྲུ་དགོས་ཤིང་དགུ་བཀྲུ་དགུ་བཤལ་ཞེས་འབོད་སྲོལ་ཡོད། སྐྱིད་ན་ཉིན་སྐྲ་མ་བཀྲུ། སྡུག་ན་ལོ་སྐྲ་མ་བཞག་ཅེས་ཟེར་སྲོལ་ཡོད་པས། ཁྱིམ་ཚང་སུ་དང་གང་ཞིག་ཡིན་ཡང་། སྡུག་བསྔལ་ཅི་དང་གང་འདྲ་ཞིག་ཡོད་ཀྱང་རུང་། དེའི་ཉིན་མོ་མགོ་མ་བཀྲུ་ནས་བཞག་མཁན་གཅིག་ཀྱང་ཡོད་པ་མ་རེད། གལ་སྲིད་གྲོང་སྡེའི་ནང་ཁྱིམ་མི་ཤི་ནས་ཞག་མ་ཁ་ཤས་ལས་མ་རྒལ་པ། ད་དུང་སྡུག་བསྔལ་དཔག་ཏུ་མེད་པ་བྱེད་བཞིན་ཡོད་པའི་དུད་ཚང་ཡོད་ནའང་། གྲོང་སྡེ་དེའི་རྒན་པ་ཚོ་དུད་ཚང་དེ་རུ་སོང་སྟེ་སེམས་གསོ་བྱེད་པ་མ་ཟད། ད་དུང་དུད་ཚང་དེའི་བཟའ་མི་རྣམས་ལ་མགོ་བཀྲུ་བཅུག་པ་རེད། གནམ་གང་ཉིན་གྱི་སྔ་དྲོ་ཁང་པ་ལ་ས་དཀར་བཅུ་བའི་ལུགས་སྲོལ་ཡོད་པ་རེད། དེ་ཉིན་གྱི་ཞོགས་སྐེད་ཉི་མ་གྲོང་སྡེར་ཕོག་པ་དང་དུད་ཚང་ཚང་མས་རང་ཉིད་ཀྱི་ཁང་པ་ལ་ས་དཀར་བཅུ་འགོ་ཚུགས་ཤིང་། ཁང་པ་ལ་ས་དཀར་བཅུ་ཚར་རྗེས་དུད་ཚང་སོ་སོས་རང་ཉིད་ཀྱི་ཀླུ་ཁང་དང་གཉན་ཁང་། སྒང་བསངས་གཏོང་བྱེད་ཀྱི་བསངས་ར། གྲོང་སྡེའི་ལྷ་ཁང་། དགོན་པ་ལ་སོགས་པར་ས་དཀར་བཅུ་འགྲོ་དགོས་པ་རེད། དེའི་ཉིན་མོ་ད་དུང་ཆན་རྡུང་པ་དང་ཆན་བསྐོལ་དགོས་པ་མ་ཟད། གཡང་བེ་དང་གཡང་ཤིང་ཁུར་བའི་ལུགས་སྲོལ་ཡང་ཡོད་པ་རེད། ས་དཀར་བཅུ་བའི་དགོས་པ་ཡང་གཅིག་ནི་ཁང་པ་དང་ལྷ་ཁང་བསང་ར་སོགས་ལ་ཡང་གོས་གསར་གྱོན་པའི་ཚུལ་དང་གཉིས་སུ་ལོ་རྙིང་པ་ཕར་བསྐྱལ་ནས་ལོ་གསར་པ་ཚུར་བསུ་བའི་རྟེན་འབྲེལ་དང་། གསུམ་དུ་ཁང་པ་སོགས་ཆར་རླུང་འགོག་ཐུབ་པ་རེད། དེའི་ཕྱི་དྲོ་སྐྱེས་པ་ཚོས་བྱ་ཆུ་ལེན་འགྲོ་དུས་ཁུར་དགོས་པའི་སྒྲོན་ཤིང་དང་མདོང་མོའི་ཁ་ལ་མར་རྒྱན་སྦྱར་བ། ཕྱེ་མར་བཟོ་བ། ཆན་བསྐོལ་བ་སོགས་གྲ་སྒྲིག་བྱེད་པ་དང་། བུད་མེད་ཚོས་དགོང་ཟས་གྲ་སྒྲིག་བྱེད་པ། གནམ་གང་གི་ནུབ་མོ་ཤ་ཕོ་ལོག་དང་ཡང་ན་མཐུན་སྒྲིལ་ཕོ་ལོག་ཟ་རྒྱུའི་ལུགས་སྲོལ་ཡོད། དེ་ནི་ལོ་རྙིང་པ་ཚུར་བསྡུ་བ་མཚོན་བྱེད་ཡིན་ཞིང་། དེའི་ནུབ་མོ་ཕོ་མོ་རྒན་བྱིས་ཡོད་དགུས་ཕོ་བ་རྒྱགས་ཐག་ཆོད་ཟ་དགོས་པ་རེད། ཡུལ་སྡེར་གནམ་གང་གི་ནུབ་མོ་ཕོ་བ་རྒྱགས་ཐག་ཆོད་ཟ་དགོས་པ་མ་གཏོགས་གཤིན་རྗེ་ཆོས་རྒྱལ་གྱི་རྒྱ་མ་བཅག་དགོས་རེད་ཅེས་ཟེར་སྲོལ་ཡོད་པ་རེད། མི་རྣམས་ཀྱིས་ཕོ་བ་རྒྱགས་ཐག་ཆོད་ཟ་ཚར་རྗེས་ཁྱིམ་བྱ་དེ་ཕོ་ལའང་རྒྱགས་ཐག་ཆོད་ཀྱི་ཆན་བྱིན་དགོས་པ་རེད། དེའི་ནུབ་མོ་ཁྱིམ་བྱ་དེ་ཕོའི་ཕོ་བ་རྒྱགས་མེད་ན་བྱ་ཟི་ཕྱི་བ་རེད་ཅེས་ཟེར་སྲོལ་ཡོད་པ་རེད། དེའི་ནུབ་མོ་དགོན་པ་ལའང་ཚེ་བསྟོད་ཅེས་མཚན་མོ་གང་ཚོགས་པ་འཚོགས་རྒྱུ་ཡོད་པ་རེད། དེའི་ནུབ་སྦྲང་ཡོས་དང་གྲོ་གཅུར་སོགས་ཁ་ཟས་བཟོ་དགོས་ཤིང་ཚེས་གཅིག་ཞོགས་པའི་མཆོད་པ་བཤམ་ཡས་ཀྱི་གྲ་སྒྲིག་ཚགས་སུ་ཚུད་པ་ཡང་བྱེད་དགོས་པ་དང་། བྱིས་པ་ཚོའི་གྱོ ན་གོས་གསར་པ་ཡང་སྐབས་འདིར་སོ་སོའི་ལག་ཏུ་སྤྲད་ཡོང་བས་སྤྲོ་བ་བརྗོད་ལས་འདས་སོ།།
     གཉིས་པ་ལོ་ཇི་ལྟར་བསུ་བའི་བསྐོར་མདོར་ཙམ་ངོ་སྤྲོད་བྱ་བ་ནི། ཚེས་གཅིག་གི་ཞོགས་པ་བྱ་དང་རྩེ་ཟི་བ་དང་བྱ་ཆུ་ལེན་ས་འགྲོ་དགོས་པ་རེད། བྱ་ཆུ་ལེན་མཁན་གྱིས་ལག་ཏུ་སྒྲོན་མེ་དང་ཕྱེ་མར། ཆན་ཁུར་བ་དང་། རྒྱབ་ཏུ་མདོང་མོ་ཁུར་ནས་བྱ་དང་རྩེ་ཟི་བ་དང་ཆུ་ཆེན་ཁར་གསེར་ཆུ་འཕྲོག་སུ་སྔ་བྱེད་དགོས་པ་དང་། ཆུ་ཆེན་ཁར་ཐོན་པ་དང་བྱ་ཆུ་ལེན་མཁན་གྱིས་སྐྱོགས་ནང་གི་ཆན་ཆུར་བླུགས་ཏེ། ཆུ་སྐྱོགས་གསུམ་ནམ་མཁའ་ལ་མཆོད་པ་དང་སྟོད་རྒྱ་གར་རྒྱལ་པོའི་ཆུ་གཡང་ཁུར་ཤོགས། སྨད་རྒྱ་ནག་རྒྱལ་པོའི་ཆུ་གཡང་ཁུར་ཤོགས། བར་བལ་པོ་རྒྱལ་པོའི་ཆུ་གཡང་ཁུར་ཤོགས། འཛམ་བུ་གླིང་གི་ཆུ་གཡང་ཁུར་ཤོགས་ཅེས་སྨོན་ལམ་བཏབ་ཏེ་ཆུ་མདོང་གང་ཐག་ཆོད་ཅིག་བཅུ་ནས། མདོང་མོའི་ནང་ཆུ་རྡོ་ཆུང་ཆུང་གསུམ་བཅུག་སྟེ་ཕྱིར་ཁྱིམ་དུ་ལོགས་དགོས་པ་རེད། གལ་སྲིད་ཆུ་ཁུར་ཏེ་ཚུར་ལོགས་ཡོང་སྐབས་དུད་ཚང་གཞན་དག་གི་བྱ་ཆུ་ལེན་མཁན་དང་འཕྲོད་སོང་ན། མྱུར་དུ་ལག་ཏུ་ཁུར་བཞིན་པའི་ཕྱེ་མར་མདོང་སྟོང་ཁུར་མཁན་ལ་ཟ་བཅུག་དགོས་པ་མ་ཟད། ད་དུང་མདོང་སྟོང་ཁ་ལ་ཕྱེ་མར་བླུགས་ཞེས་ཟེར་དགོས་པ་རེད། ཆུ་རྡོ་ཆུང་ཆུང་གསུམ་པོ་དེ་ནི་གསེར་གྱི་གཉའ་ཤིང་དང་གསེར་གྱི་ཐོང་གཤོལ་མཚོན་བྱེད་ཡིན་ཞེས་ཟེར་སྲོལ་ཡོད་པ་རེད། བྱ་ཆུ་ལེན་མཁན་ཁྱིམ་དུ་ཐོན་རྗེས། ནང་མི་གཅིག་ཀྱང་མ་ལུས་པར་ཕྱེ་མར་དང་གསེར་ཆུ་དངུལ་ཆུས་བསྐོལ་པའི་ཆན་གཏོང་དགོས་པ་རེད། ནང་མི་ཚོས་ཀྱང་ཕྱེ་མར་འགམ་པ་དང་ཆན་འཐུང་སྐབས། ལོ་གསར་ཨ་བཟང་། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨེ་མ་བག་བྲོ་སྐུ་ཁམས་བཟང་། གཏན་དུ་བདེ་བ་ཐོབ་པར་ཤོག་ཅེས་སྨོན་ལམ་རྒྱག་དགོས་པ་རེད། ཆན་བཏུངས་པ་དང་ཕྱེ་མར་འགམ་ཚར་རྗེས་ཁྱིམ་དུ་བོད་ཡིག་ཤེས་མཁན་ཡོད་ཚེ། དེས་གཡང་སྐྱབས་དང་བཀྲ་ཤིས་བརྩེགས་པ་སོགས་གང་མང་འདོན་ནས་གཡང་འབོད་བྱེད་དགོས་པ་རེད། གཡང་ལེན་བོན་རྒན་གྱིས་གཡང་འབོད་བྱེད་འགོ་བརྩམས་པ་དང་གཡང་ཐིག་སྦྱར་མཁན་གྱིས་སྒོ་ཕྱི་སྒོ་ནས་རིམ་བཞིན་ནང་སྒོ། སྐས་འགོ། ཇ་ཁང་། ཀ་འགོ། ཐབ་ཀ་བཅས་ལ་གཡང་ཐིག་གི་ཚོགས་ཕུལ་པ་དང་གཡང་ཐིག་གི་ཉི་མ་ཟླ་བ། གཡང་ཐིག་གི་གཡུང་དྲུང་རི་མོ་བྲིས་སྲོལ་ཡོད་པ་རེད། དེ་དང་དུས་མཚུངས་སུ་བྱིས་པ་ཚོའང་དུད་ཚང་སོ་སོར་ཆན་སྐྱེལ་རེས་བྱེད་པའི་ལུགས་སྲོལ་ཡང་ཡོད་པ་རེད། དེ་ནས་ཐོ་རེངས་ཤར་བ་དང་བྱེའུ་ཆུའང་དངུལ་ཆུ་ལེན་འགྲོ་དགོས་པ། དངུལ་ཆུ་ལེན་ཚར་རྗེས་ནང་མི་ཚང་མ་ཡར་ལངས་ནས་ཁྱིམ་ལས་བྱེད་མཁན་གྱི་ཁྱིམ་ལས་བྱེད། སྡེར་ཁ་བཤམས་མཁན་གྱི་སྡེར་ཁ་བཤམས། ཨ་མཆོད་ཤེས་མཁན་གྱི་ཨ་མཆོད་ཁ་འདོན་བྱེད་དེ་ཆེ་བས་ཆེ་ཐུབ་དང་ཆུང་བས་ཆུང་ཐུབ་ཀྱིས་རང་རང་སོ་སོའི་ལས་ལ་བྲེལ། དེ་ནས་ནང་མི་ཚང་མས་རང་རང་གིས་རྒྱན་གོས་གསར་པ་གྱོན་པ་དང་། གསེར་དངུལ་སོགས་ཀྱི་རྒྱན་ཆ་འདོགས་པ། མདོར་ན་རང་ཉིད་ལ་ཡོད་པའི་རྒྱན་ཆ་ཡོད་རྒུ་དེའི་ཉིན་མོར་རྒྱན་དགོས་པ་རེད། ཚེས་གཅིག་གི་སྔ་དྲོ་ལ་མི་ཚེ་རིང་བའི་རྟེན་འབྲེལ་གྱི་ཐུག་པ་རིང་པོ་ཟ་བའི་ལུགས་སྲོལ་ཡོད་པ། ཐུག་པ་རིང་པོ་འདིའི་བཟའ་སྟངས་དང་བཟོ་སྟངས་ཀྱང་བོད་ཁུལ་གྱི་ཡུལ་སྡེ་གཞན་དང་མི་འདྲ་བ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་ཞིག་ཡིན་སྟབས། བོད་ཁུལ་སྤྱི་དང་ཁྱད་པར་དུ་དཀར་མཛེས་ཁུལ་ལ་སྐད་གྲགས་ཆེན་པོ་ཡོད་པ་རེད། ཚེས་གཅིག་ཉིན་གཞན་གྱི་ཁྱིམ་ལ་འགྲོ་བའི་ལུགས་སྲོལ་མེད་རྐྱེན། ཚེ་རིང་པའི་ཐུག་པ་རིང་པོ་ཟ་ཚར་རྗེས་མདུན་ལྕོག་ཐོག་ཚལ་རིགས་དང་ཁ་ཟས་ཕུན་སུམ་ཚོགས་པ་ཡར་བཤམས་ནས། རྒན་པ་ཚོས་བོད་རག་གི་ཆང་བསྐོལ་འཐུང་བ་དང་། བྱིས་པ་ཚོས་ཀྱང་བསྲུབས་ཇ་གླ་ལྤགས་བཀྲ་ཤིས་འཐུང་ཞོར་ལ་ཚལ་རིགས་དང་ཁ་ཟས་ཟ་ཞོར་བྱས་ནས་དགའ་བའི་གླུ་དབྱངས་ལེན་པ་དང་། སྐྱིད་པའི་ཞབས་བྲོ་འཁྲབ་སྟེ་ཉིན་མོ་གང་ཁྱིམ་ལ་སྐྱིད་སྐྱིད་བཏང་ནས་སྡོད་པ་རེད། ཚེས་པ་གཉིས་ཉིན་གྱི་ཞོགས་པ་སྔ་མོ་རི་འགོ་ལ་ཉི་རྩེ་ཕོག་པ་དང་དུད་ཚང་སོ་སོའི་ཕོ་གསར་རྣམས་ཀྱིས་ལུས་ལ་རྒྱན་གོས་རྒྱན་པ་དང་། བསངས་རྫས་དང་བསངས་ཆུ། ལྷ་དར། ཁ་ཟས། ཤ་བཙོ་མ། ཨ་རག་སོགས་གྱ་ནོམ་པ་ཁུར་ནས་ལ་ཁ་སྒང་བསངས་གཏོང་ས་འགྲོ་དགོས་པ་རེད། སྒང་བསངས་ནི་དུད་ཚང་རང་རང་སོ་སོ་ལ་བསངས་ར་རེ་རེ་ཡོད་པས། བསངས་ར་ཁ་ལ་ཐོན་མ་ཐག་བསངས་གཏང་བྱེད་ཀྱི་བསངས་ཤུག་འཐུ་ཟིན་རྗེས་ཚང་མས་གཅིག་རྗེས་གཉིས་མཐུད་ཀྱི་སྒོ་ནས་བསངས་གཏོང་འགོ་བཙུགས་པ། དེ་ནས་ཕོ་གསར་རྣམས་ཀྱིས་ཕུ་ཐུང་ཕྲག་ལ་གཟར། ལག་ཏུ་ལྷ་དར་ཁུར་ནས་ཀི་ཀི་བསྭོ་བསྭོ་སྒྲོགས་ཏེ་བསངས་བསྐོར་རྒྱག་པ་དང་། ལྷ་དར་ཤར་བ། བསངས་ཡིག་འདོན་པ་བཅས་ཀྱི་བྱེད་སྒོ་དང་བཅས་བསངས་དགྲ་ལྷ་འཁོར་འཁོར་ཞིག་བཏང་པ་རེད། བསངས་མེ་ཚིགས་ཟིན་རྗེས་བསངས་རའི་ནང་གི་མེ་རོ་སྟེང་དུ་ས་དང་ཆུ། ཁ་བ་སོགས་ཀྱིས་མེ་བསྲེགས་ནས་སྐྱོན་མེད་པ་བཟོ་ཟིན་རྗེས་བྱ་ཟས་བསངས་རའི་གཡས་གཡོན་དུ་གཏོར་ནས་བྱ་མགྲོན་གདན་དགོས་པ་རེད། གལ་སྲིད་བྱ་མགྲོན་མ་ལོན་ན་རྟེན་འབྲེལ་མི་བཟང་ཅེས་ཟེར་སྲོལ་ཡོད་པ་རེད། དེ་ནས་བསངས་གཏོང་མཁན་ཚང་མ་སྤང་གཤོང་ཉི་མ་དྲོ་ཁུང་ཞིག་ཏུ་སྡོད་ནས་ཆང་འཐུང་བ་དང་ཁ་ཟས་ཟ་བ། ཕན་ཚུན་ཁ་ཤགས་རྒྱག་རེ་བྱས་ནས་ཉིན་གཞུང་གི་བར་དུ་འཁྱམ་པ་དང་། དེ་ནས་རྒན་པ་རྣམས་ཕར་འཁྱར་དང་ཚུར་འཁྱར་བྱས་ཏེ། ཨ་སྒྲུང་གི་རི་འགྲམས་འགྲམས་ལེན་པ་དང་། ཆུང་བ་རྣམས་ཀྱིས་རྒན་པ་རྣམས་སྐྱོར་བ་དང་ངག་སྐྱོར་བྱེད་རོགས་བཟོ་སྟེ་རང་རང་གི་ཁྱིམ་དུ་ལོག་པ་རེད། དེའི་ཉིན་མོ་ནས་བཟུང་ཁྱིམ་ཚང་སོ་སོས་རང་ཉིད་ཀྱི་གཉེན་ཉེ་མཛའ་རྣམས་ཕན་ཚུན་མགྲོན་མོ་ཁྲིད་རེས་བྱེད་པའི་འགོ་བཙུགས་པ་དང་། བུ་ཚ་བུ་མོ་ཚོས་འདུས་མོའི་འགོའང་བཙུགས་པ་རེད། ཚེས་པ་གསུམ་ཉིན་རང་འགོ་ཞེས་པའི་གཞི་བདག་ལ་བསངས་གཏང་འགྲོ་དགོས་པ་རེད། དེའི་ཉིན་མོ་ནི་རྫོང་རྩ་གྲོང་སྡེ་ལ་ཆ་མཚོན་ན་ལོ་གཅིག་གི་ནང་ཆེས་ཡིད་སྣང་སྤྲོ་བའི་ཉིན་མོ་ཞིག་ཡིན་པ་རེད། ཞོགས་པ་བྱ་དང་རྩེ་ཟི་བ་དང་དུད་ཚང་སོ་སོའི་ཕོ་གསར་རེ་རེ་གཞི་བདག་རང་འགོའི་དབུས་རྩེ་ལ་བསངས་གཏང་འགྲོ་དགོས་པ་རེད། བསངས་གཏང་འགྲོ་མཁན་གྱིས་བསངས་རྫས་དང་བསངས་ཆུ། ལྷ་དར། ཁ་ཟས། འོ་མ། ཤ་བཙོ་མ། གོ་རེ། ཨ་རག་སོགས་ཕུན་སུམ་ཚོགས་པོ་ཁུར་ནས་འགྲོ་དགོས་པ་རེད། དེ་རྣམས་ཀྱིས་རང་འགོ་དབུས་རྩེ་ལ་ཉི་རྩེ་ཕོག་པ་དང་བསངས་གཏོང་ཐུབ་པ་བྱེད་དགོས་པ་རེད། བསངས་བཏང་ཟིན་རྗེས་བསངས་རྫས་དང་བསངས་ཆུ་ཕྱེད་ཀ་མར་རང་འགོ་ཞབས་མ་ལ་ཁུར་དགོས་པ་རེད། གེ་སར་དར་ནས་རྟ་རྒྱུགས་དར། འབྲུག་མོ་དར་ནས་གླུ་གར་དར་ཟེར་བའི་དཔེ་ལྟར། བོད་ཀྱི་ཡུལ་ཁམས་ཀུན་ལ་རྟ་རྒྱུགས་རྒྱན་འཇོག་གི་ལུགས་སྲོལ་ཡོད་པ་རེད། རྫོང་རྩ་གྲོང་སྡེའི་རྟ་རྒྱུགས་ནི་བོད་ཀྱི་ཡུལ་ཁམས་སྤྱི་དང་མི་འདྲ་བ་ལོ་གསར་ཚེས་པ་གསུམ་ཉིན་རྟ་རྒྱུགས་བྱེད་པའི་ལུགས་སྲོལ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་རེད། དེའི་ཉིན་མོར་རྟ་བདག་རྣམས་ཆེས་བྲེལ་བ་དང་ཆེས་སེམས་ཁྲལ་ཆེ་བའི་ཉིན་མོ་ཞིག་ཡིན་པ་རེད། རྟ་བདག་རྣམས་ནམ་མ་ལངས་སྔོན་ནས་དགོན་པ་ལ་གསོལ་ཀ་གཏོང་འགྲོ་བ་དང་ཁྱིམ་ལ་ལྷ་བསངས་གཏོང་བ། དཔུང་རྒྱན་འདོན་པ། རིམ་གྲོ་སྒྲུབ་པ། གསེར་སྐྱེམས་ཕུལ་བ། རྟ་ལ་ཇ་ཕྱེ་རྒྱག་པ་སོགས་གྲ་སྒྲིག་མང་པོ་བཟོ་དགོས་པ་རེད། དེ་ནས་སྔ་དྲོའི་ཆུ་ཚོད་བཅུ་པའི་ཐོག་རྟ་ལ་ལ་རྒྱུགས་རྒྱུའི་འགོ་བཙུགས་པ་རེད། རྟ་རྣམས་རྫོང་རྩ་གྲོང་སྡེ་ནས་རང་འགོ་ཞབས་མ་བར་རྒྱུགས་དགོས་པས། རྒྱུགས་ཐག་ཕལ་ཆེར་སྤྱི་ལེ་བཅུ་ལྷག་ཙམ་ཡོད་པ་རེད། རྟ་རྒྱུགས་འགོ་བཙུགས་པའི་བོའུ་སྐད་གྲགས་པ་དང་རྒྱུགས་རྟ་རྣམས་བྱ་འཕུར་བ་ལྟར་རང་འགོའི་ལ་ལ་རྒྱུགས་པ་རེད། དེའི་སྐབས་སུ་བོའུ་སྐད་དང་ཤོག་སྦག་གི་སྐད། ཀི་སྒྲ། སྐྱབས་འགྲོ་འདོན་མཁན་སོགས་ཀྱིས་སྒྲ་ཡིས་གནམ་ས་གང་བར་སྒྲོགས་པ་དང་། རྟ་ཐམས་ཅད་ལ་ཁ་ལ་ཐོན་ཟིན་པ་དང་རྟ་རྒྱུགས་ཀྱི་ཨངརིམ་ཕྱེ་ཚར་རྗེས། རང་འགོ་ཞབས་མའི་བསངས་ར་ལ་བསངས་གཏོང་བ་དང་ལྷ་དར་ཤར་བ། ཀི་སྒྲ་དང་བསྭོ་སྒྲའི་ལུང་པ་གང་ནས་བསངས་རྫས་བླུགས་པ་དང་བསངས་ཆུ་སྒྲོན་པ། བསངས་ཡིག་འདོན་པ། སྨོན་ལམ་རྒྱག་སྟེ་བསངས་རའི་འགྲམ་གྱི་སྤང་ཐོག་ཏུ་ཐམས་ཅད་སྒར་གྲལ་རྒྱག་སྟེ། རང་རང་སོ་སོས་ཁྱིམ་ནས་ཁུར་ཡོང་བའི་ཁ་ཟས་དང་། ཤ་བཙོ་མ། གོ་རེ་སོགས་རང་ཉིད་ཀྱི་མདུན་དུ་བཤམས་པ། དེ་ནས་ཡུལ་སྡེའི་འགོ་པ་ཚོས་གོ་རེ་ཡག་པོ་དང་ཤ་བཙོ་མ་ཡག་པོ། ཨ་རག་དམ་བི་སོགས་བསྡུ་རུབ་བྱེད་པ་དང་ལྷག་མ་རྣམས་ཐམས་ཅད་ལ་མར་བགོ་ནས་ཆང་འཐུང་བ་དང་། ཤ་དང་གོ་རེ། ཁ ཟས་སོགས་ཟ་ཟིན་རྗེས་རམ་བཞིན་མར་ཐང་ལ་བབས་པ་རེད། ཉིན་གཞུང་གི་ཆུ་ཚོད་བཅུ་གཉིས་ཐོག་ད་དུང་རྟ་ཐང་ལ་ཡང་ཐེངས་གཅིག་རྒྱུགས་དགོས་པ་རེད། རྒྱུགས་ཐག་ཕལ་ཆེར་སྤྱི་ལི་གསུམ་ལྷག་ཙམ་ཡོད་པ་རེད། རྟ་ཐང་ལ་རྒྱུགས་རྗེས་ཚང་མ་ཞིང་སྟོང་ཆེན་པོ་ཞིག་ཏུ་སྒར་གྲལ་རྒྱག་པ། སྒར་གྲལ་གྱི་ནང་དུ་དུད་རེ་མི་རེ་འདུག་དགོས་པ་དང་། གྲོང་སྡེ་རང་ཉིད་ཀྱི་བླ་མ་སྐྱེ་ཆེན་དམ་པ་རྣམས། ཕྱི་རོལ་ཡུལ་དུ་ལས་དོན་སྒྲུབ་བཞིན་ཡོད་པའི་འགོ་ཁྲིད་དང་ལས་བྱེད་པ་རང་ཡུལ་དུ་ལོ་གསར་བསུ་ཡོང་མཁན་ཚོ། ས་གནས་དེ་གའི་ཤང་ཏང་སྲིད་དང་དེ་མིན་གྱི་ལས་ཁུངས་སོ་སོའི་ལས་བྱེད་པ་སོགས་གདན་འདྲེན་ཞུ་ནས་གྲལ་ལ་འདུག་བཅུག་པ་རེད། སྒར་གྲལ་གྱི་ཁྲོད་དུ་བླ་མ་སྐྱེ་ཆེན་དམ་པ་དང་རྒན་རབས་པ། ཡུལ་སྡེའི་འགོ་ཁྲིད་པ་སོགས་ཀྱིས་གསུངས་བཤད་གནང་ཟིན་རྗེས། སྡེ་བའི་འགོ་པ་ལྕེ་བདེ་མོ་གཉིས་ཡར་ལངས་ཏེ་ལག་ཏུ་དར་དཀར་ཁུར་ནས་གཅིག་གཡས་གྲལ་དང་གཅིག་གཡོན་གྲལ་ལ་འགྲོ་སྟེ་གསོལ་རས་བསྡུ་བ་རེད། གསོལ་རས་ལ་ཆ་ཚད་མེད་རྐྱེན་སྟེར་མང་མཁན་གྱིས་ཤོག་སྒོར་ཆིག་སྟོང་ལྷག་དང་ཉུང་མཁན་གྱི་ཤོག་སྒོར་གཅིག་ནས་བརྒྱ་ཡས་མས་སྤྲོད་པ་རེད། ལོ་ལྟར་ཤོག་སྒོར་ཁྲི་བཅུ་ཡས་མས་ཙམ་འདུས་ཐུབ་ཀྱིན་ཡོད་པ་རེད། སྒོར་མོ་དེ་བེད་སྤྱོད་གཏོང་ནས་རྟ་ལ་ཐང་གཉིས་ཀྱི་ཨང་དང་པོ་ནས་ཨང་བརྒྱད་པའི་བར་དཔའ་རྟགས་སྤྲོད་པ་རེད། རྟའི་གསོལ་རས་སྤྲོད་ཚར་རྗེས་རིམ་བཞིན་མི་རྒྱུགས་འགྲན་པ་དང་། བོའུ་འབེན་འགྲན་པ། རྟ་འཕྱངས་བ་ལ་སོགས་པ་ལྟད་མོ་མིག་གིས་མི་བཟོད་པ་ཉིན་མོ་གང་ལྟ་ཆོག་པ་རེད། དེ་ནས་ཚེས་པ་བཞི་ནས་ཚེས་པ་བཅུ་བཞིའི་བར་ཉིན་ལྟར་བུ་ཚ་བུ་མོ་ཚོས་གྲོང་སྡེ་སོ་སོ་ལ་གཞས་འཁྱམས་པ་རེད། དགོང་མོར་ཨ་ཕ་རྒས་པོ་དང་ཨ་མ་རྒས་པོ་ཚོས་ཡུལ་སྡེའི་ལྷ་ཁང་དུ་གཞས་དང་བྲོ་འཁྲབ་ནས་རྒས་བྱིས་མེད་པས་གནམ་ལོ་གསར་པའི་བདེ་སྐྱིད་ཀྱི་དཔལ་ལ་རོལ་པ་རེད། ཚེས་བཅོ་ལྔ་ཉིན་དགོན་པ་ལ་སྨོན་ལམ་གྱི་དབང་ཞུ་ཟིན་རྗེས་ལོ་གསར་གྱི་མཇུག་ཀྱང་རིམ་བཞིན་རྫོགས་ལགས་སོ། ། 
  • ལེ་ཚན་སྔོན་མ།:བོད་མིའི་སེམས་ནང་གི་བཀྲ་ཤིས་པའི་ཨང་ཀི།
  • ལེ་ཚན་རྗེས་མ།: རོང་ཁུལ་གྱི་དར་བཤད་མདོ་དྲིལ་བསམ་པའི་དོན་འགྲུབ།