བོད་མིའི་སེམས་ནང་གི་བཀྲ་ཤིས་པའི་ཨང་ཀི།

ཕུན་ཚོགས་བཀྲ་ཤིས།    ༢༠༠༦ལོའི་མི་རིགས་དུས་དེབ་གཉིས་པ་ལས་བདམས།    2014-02-17

ཨང་ཀིར་དགའ་གཅེས་བྱ་རྒྱུའི་ཐད་གནམ་འོག་གི་མི་རྣམས་ཀྱིས་རང་ཉིད་ཀྱི་སེམས་ནང་དུ་ཚོད་ཅིག་ཡོད་ཅིང་། ཨའོ་གླིང་གི་ས་གནས་ཁ་ཤས་སུ་མི་རྣམས་ཀྱིས་ཨང་ཀི་༼༨༽པ་དེ་བརྟན་བརླིང་དང་འཆམ་མཐུན་གྱི་མཚོན་རྟགས་ཤིག་ཡིན་པར་བརྩིས་པ་རེད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་ས་ཁུལ་ཁ་ཤས་ཀྱི་རྒྱ་རིགས་མང་ཚོགས་ཁྲོད་དུ་ཨང་ཀི་༼༨༽པ་དེ་འཕེལ་རྒྱས་དང་སྒྲ་གདངས་གཅིག་པ་འདྲ་བའི་དབང་གིས་འདྲ་མིན་སྣ་ཚོགས་ཀྱི་མཚོན་རྟགས་ཤིག་བཀོད་པ་དང་། ༼༨༨༨༽དེ་ཧ་ཅང་བཀྲ་ཤིས་པའི་ཨང་ཀི་ཞིག་ཏུ་ཆགས་ཡོད་པ་རེད། འོན་ཀྱང་བོད་ཁུལ་དུ་མི་རྣམས་ཀྱིས་ཨང་ཀི༼༨༽འདོན་སྨོན་ཆེན་མོ་མེད་ཅིང་། བོད་མི་རྣམས་ཀྱིས་ཨང་ཀི་༼༦༽དེ་ཨང་ཀི་གསུམ་གྱི་ལྡབ་ལོག་ཡིན་པར་བརྩིས་ནས་བེད་སྤྱོད་བྱེད་དུས་རྣམ་རྟོག་ཟ་མི་དགོས་པ་རེད། བདེ་ཐང་ཡོང་བར་སྨོན་འདུན་དང་འབྲོག་དམངས་རྣམས་ཀྱི་འདུ་ཚོགས། ཕྱི་རུ་ཐོན་པ་དང་མཐའ་གཟི་བརྗིད་ལྡན་པའི་མཛད་སྒོ་བཅས་སྤེལ་དུས་ཚང་མ་ཟླ་བ་རེའི་ཟླ་སྟོད་ཀྱི་ཡ་གྲངས་ཀྱི་ཉིན་ཞིག་ལ་སྤེལ་རྒྱུ་བཀོད་སྒྲིག་བྱས་པ་རེད། དཔེར་ན།ཆང་ལ་དགའ་བའི་མི་ཞིག་གིས་གྲོགས་པོ་ལ་ཆང་ཕུལ་དུས་ཕན་ཚུན་བར་ཆང་འདྲེན་ཐེངས་གསུམ་རེ་བྱས་པ་དང་གླུ་ཚིག་དེ་༼ཆང་ལ་དང་པོ་དཀོན་མཆོག་གསུམ་ལ་ཕུལ། ཆང་གསོལ་དར་དཀར། བཀྲ་ཤིས་བདེ་ལེགས་ཤོག  ཆང་ལ་གཉིས་པ་དྲིན་ཆེན་ཕ་མ་ལ་ཕུལ། ཆང་གསོལ་དར་དཀར། བཀྲ་ཤིས་བདེ་ལེགས་ཤོག  ཆང་ལ་གསུམ་པ་འདིར་བཞུགས་གྲོགས་པོ་ལ་ཕུལ། ཆངལ་གསོལ་དར་དཀར། བཀྲ་ཤིས་བདེ་ལེགས་ཤོག ༽ཞེས་པ་ཆང་གླུ་འདིའི་གླུ་ཚིག་གི་ཐོག་ནས་ཨང་ཀི་༼༣༽དང་མཚུངས་པ་མཚོན་ཞིང་། གཞན་ཡང་བོད་ཀྱི་ལོ་གསར་སྐབས་སུ་དགོན་པའི་གྲྭ་པས་སྤྲུལ་སྐུ་དང་ཡོངས་འཛིན་ལ་སིལ་སྐལ་མཉམ་འབྲེལ་གྱི་འབུལ་བ་ཕུལ་དུས་འབུལ་བ་ནང་གི་རྣམ་གྲངས་དེ་ཨང་ཀིའི་ཐོག་ནས་རྩིས་ནས་སྣ་ཁ་གཅིག་དང་། གསུམ། ལྔ། བདུན། དགུ  བཅུ་གཅིག་བཅས་བྱེད་ཆོག་པ་དང་།  མང་ན་སྣ་ཁ་བཅུ་གསུམ་བྱེད་ཆོག  ཆ་གྲངས་ཀྱི་ཨང་ཀི་གཏན་ནས་བེད་སྤྱོད་མི་བྱས་པའི་སྲོལ་ཆགས་ཡོད་ཅིང་། དཔེ་དེ་ཚོའི་ཐོག་ནས་བོད་རིགས་མི་དམངས་ཀྱིས་འཚོ་བའི་དངོས་ཀྱིནང་ཨང་ཀི་དང་ཐུག་པའི་བྱེད་སྒོ་སྤེལ་དུས་ཡ་གྲངས་ལ་སྨོན་འདུན་དང་ཆ་གྲངས་ལ་འདོན་སྨོན་མེད་པའི་རྩ་དོན་བརྩི་སྲུང་བྱེད་ཀྱི་ཡོད་པ་རེད།
  བོད་རིགས་མི་དམངས་ཀྱིས་བཀྲ་ཤིས་པའི་བྱ་བ་དེ་ཨང་ཀི་༼༣༽དང་མཉམ་དུ་འབྲེལ་བ་རེད། བོད་མི་རིགས་ཀྱི་སྐད་གྲགས་ལྡན་པའི་སྙན་རྩོམ་༼གླིང་གེ་སར༽གྱི་སྒྲུང་ནང་གནའ་རབས་གླིང་གི་ནང་ལྷ་ཆེན་གསུམ་དང་། དུས་གསུམ་སངས་རྒྱས། དགོན་ཆེན་གསུམ། གླིང་ཆེན་རྒྱུད་ཆུང་རྒྱུད་འབྲིང་རྒྱུད་གསུམ། འཕགས་པ་གསུམ། བཙུན་མོ་གསུམ་ལ་སོགས་པ་ཡོད་པ་དང། དེ་མ་ཚད། བོད་རིགས་མི་དམངས་ཀྱིས་རྒྱུན་དུ་ཨང་ཀི༼༣༽དེ་བཀྲ་ཤིས་པ་དང་རེ་འགའ་ཡི་མཚོན་རྟགས་ཤིག་བརྩིས་པ་དང་། ཁྱད་པར་དུ་བོད་ཀྱི་ནང་པ་སངས་རྒྱས་ཆོས་ལུགས་ནང་མིང་ཚིག་མི་ཉུང་བ་ཞིག་༼༣༽དེ་མཚོན་རྟགས་བྱས་ཡོད་པས། དཔེར་ན། ཉི་ཟླ་སྐར་གསུམ་དང་། འཇིག་རྟེན་དེ་ཁག་གསུམ་དུ་བགོས་ནས་གནམ་ཐོག་དང་ས་སྟེང་། དམྱལ་བ་བཅས་གསུམ་བྱས་པ་དང་། ཨང་ཀི་༼༣༽དེ་ཨང་གྲངས་གསུམ་གྱི་ལྡབ་ལོག་༼ཚེ་རིང་རྣམ་དྲུག༽དང་༼ཐེག་པ་གསུམ། ༽༼དཀོན་མཆོག་གསུམ།༽བཅས་ངོ་མཚར་བའི་རྟགས་མཚོན་ཞིག་བཀོད་ཡོད་པ་རེད། རང་རྒྱལ་གྱི་རྒྱ་རིགས་ཚོས་༼༡༠༽དང་༼༡༠༠༽ཡིས་གྲངས་འབོར་མང་པོ་ཡིན་པར་མཚོན་རྟགས་བྱས་པ་དང་། ༼༡༠༽དང་༼༡༠༠༽ཡི་ཨང་ཀི་དེ་གཏམ་དཔེ་ཡི་ནང་དུ་བྱ་བ་མཐའ་དག་ལ་ཧ་ཅང་མང་བ་དང་། ཐམས་ཅད། ཡོད་ཚད། སྣ་ཚོགས། དུས་ཡུན་ཧ་ཅང་རིང་བ།  གཅིག་བསྡུས་བཅས་ཀྱི་སྙིང་པོ་འདུས་ཡོད་པ་དང་། དཔེར་ན། ལོ་ངོ་བཅུའི་རིང་ལ་དཀའ་སྤྱད་སྙིང་རུས་ཀྱིས་སློབ་སྦྱོང་བྱས་པ་ལྟ་བུའོ། །
བོད་རིགས་ཀྱིས་ཨང་གྲངས་༩དེ་གྲངས་ཀ་མང་བ་བྱེད་པའི་མཚོན་རྟགས་བྱས་པ་དང་། ༼༩༽རྐྱང་པར་དཔེ་བྱས་ན། ཡོད་ཚད་དང་ཐམས་ཅད་ཀྱི་སྙིང་པོ་འདུས་པ་དང་། ཆུ་དགུ་འདུས་པ་ལྟ་བུ། ཆུ་དགུ་འདུས་པའི་ནང་གི་༼༩༽རྐྱང་པ་དེ་ཨང་ཀི་༼༩༽རྐྱང་རྐྱང་མ་ཡིན་པར། གྲངས་ཀ་མང་པོའི་གོ་དོན་དུ་བརྩིས་ཆོག་པ་རེད། གོང་གསལ་གྱི་དཔེ་དེ་དག་གི་ཐོག་ནས་ང་ཚོ་བོད་མི་རིགས་ཀྱིས་ཨང་ཀི་གང་ལ་དམ་འདོད་བྱེད་པར་ཤེས་ཐུབ་པ་རེད།
  • ལེ་ཚན་སྔོན་མ།:བོད་ཀྱི་ལོ་གསར་བྱེད་སྟངས།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་རྫོང་རྩ་གྲོང་སྡེའི་བོད་ཀྱི་ལོ་གསར་ཇི་ལྟར་བསུ་བའི་སྐོར་ཅུང་ཙམ་གླེང་བ།