འབྲོག་པའི་ཁ་མཆུ།

        2014-09-30

འབྲོག་མི་ཚོས་ཁ་མཆུ་ལ་གྱོད་ཅེས་དང་།ཁ་མཆུ་ཅན་ཕན་ཚུན་ལ་གྱོད་པ་ཞེས་དང་།ཁ་མཆུའི་འདུམ་བྱེད་མཁན་རྣམས་ལ་གཟུ་པ་ཞེས་དང་།འདུམ་གྱི་ཆོད་དོན་ལ་གཟུ་ཞེས་ཟེར་སྲོལ་འདུག གྱོད་པ་ཕན་ཚུན་ནས་འཁོན་གཞི་བཤད་པའི་ཚེ།རྫིག་ཅེས་བྱ་བ་བཤད་བྱའི་ཚིག་དངོས་མ་སྨོས་པར་གངས་རི་དང་།སེང་གེ་དང་།རྒྱ་མཚོ་ལ་སོགས་པའི་དཔེ་བཞག་ཅིང་།དཔེའི་སྟེང་ནས་གྱོད་ཀྱི་དོན་འབྲས་བཤད་པ་དང་།ཡང་སྙག་ཅེས་བྱ་བ་གྱོད་ཀྱི་རྩ་བ་མི་སྟོང་སོགས་གང་ལ་ཐུག་པ་དེའི་ཆེད་དུ་རྒྱུ་དངོས་འདི་དགོས་ཀྱི་མཛུབ་སྟོན་བྱེད་ཅིང་།ང་ལ་སྙག་འདི་ཙམ་བྱུང་ན་གྱོད་བཤད།མ་བྱུང་ན་མི་བཤད་ཅེས་བྱ་བ་ཞིག་ཀྱང་ཡོད་པ་རེད། གྱོད་ཀྱི་ལས་ཁུངས་ནི་ཡུལ་གྱི་རྒན་པོ་ཕན་ཚུན་གཉིས་དང་།རྫིག་པ་ཞེས་བྱ་བ་གྱོད་པ་ཕན་ཚུན་ལ་འདྲི་བསྡུར་བྱེད་མཁན་གྱི་མི་རང་བཞིན་དྲང་ཞིང་རིག་པ་བཀྲ་བ་གཉིས་བཅས་དགོས་ཀྱི་ཡོད་པ་རེད།
གཟུ་པ་གཉིས་ནི་ཕྱོགས་རིས་མེད་པ་དང་།མ་ཟད་གཟུ་པ་རང་ཕྱོགས་ཀྱི་གྱོད་ཡ་ལ་ཅུང་ཕམ་ཁ་སྤྲོད་མཁན་རེ་དགོས་འདུག་ཅིང་།གལ་ཏེ་གཟུ་པ་གང་རུང་གིས་ཕྱོགས་ཞེན་བྱས་ཏེ་གཞན་ཕྱོགས་ལ་ཕམ་ཁ་སྤྲད་འདུག་ན།གྱོད་ཡ་དེས་གཟུ་པའི་གཟུ་ལ་མི་ཉན་ཞིང་གཟུ་པ་ལའང་གྱོད་བྱེད་ཆོག་པ་དང་།དེ་འདྲ་བྱུང་ན་གཟུ་པ་གསུམ་པ་ཞིག་བཙལ་ཏེ་བདེན་རྫུན་ཤན་འབྱེད་ཐོག་གཟུ་པ་སྔོན་རྗེས་ཐུན་མོང་ནས་གཟུ་བཏང་དགོས་ཀྱི་ཡོད་པ་རེད།
གྱོད་བཤད་ཚུལ་དངོས་ནི།རྫིག་པ་གཉིས་ཀྱིས་རྫིག་རྡེབ་ཅེས་བྱ་བ་ཉིན་གྲངས་མང་པོའི་བར་དུ་གྱོད་པ་ཕན་ཚུན་གྱི་གྱོད་རྩ་འདྲི་བསྡུར་བྱེད་ཅིང་དེ་དག་གི་དོན་འབྲས་རྣམས་རེ་རེ་བཞིན་གཟུ་པར་ཞུ་བ་དང་།གཟུ་པ་ཚོས་ལེགས་ཉེས་དཀར་ནག་ཤན་འབྱེད་ཀྱི་སྟེང་ནས་གཟུ་གཏང་དགོས་པ་རེད། སྤྱིར་འབྲོག་མིའི་ཁ་མཆུ་འདུམ་མཁན་ནི་སྐྱེ་བོ་ཉམ་ཆུང་ཡིན་ཡང་བློ་ཁོག་དྲང་ན་གཟུ་ཆེན་པོ་དག་ཀྱང་གཏང་ཐུབ་པ་སྟེ།མི་སྡེའི་ཁ་དཔེ་ལའང་།གཟུ་ར་སླག་ཅན་གྱིས་བཏང་ན།སྟག་སླག་ཅན་གྱིས་ཡར་རྫོག་མེད་ཅེས་བརྗོད་པ་ལྟར་བརྩི་འཇོག་བྱེད་དགོས་པ་དང་།གལ་ཏེ་གཟུ་པ་ཕན་ཚུན་ནས་དྲང་བདེན་གྱི་གཟུ་བཏང་ཟིན་པའི་རྗེས་སུ་གྱོད་ཡ་གང་རུང་ནས་གཟུ་དེ་དང་ལེན་མ་བྱས་ན་གྱོད་གཟུ་པའི་གྱོད་ཅེས་པ་གཟུ་པ་རྣམས་དང་གྱོད་ཡ་དེ་བཅས་གྱོད་གཞི་ཆེན་པོར་ཆགས་ཀྱི་ཡོད་པ་རེད།  གལ་ཏེ་འབྲོག་སྡེ་ཕན་ཚུན་གྱི་རྩོད་གཞི་ཆེ་རིགས་ཡིན་ན་ཕྱོགས་ཕན་ཚུན་གྱི་རྒན་པོ་རྣམས་དང་།ལྷག་པར་ཡུལ་སོ་སོའི་བླ་སྤྱི་དང་དགོན་སྤྱི་དག་གིས་གཟུ་གཏང་དགོས་པ་དང་།རུ་ཁག་ནང་ཁུལ་གྱི་གྱོད་ཆུང་ངུའི་རིགས་ཡིན་ན་དེར་ཡོད་ཀྱི་གཟུ་པ་རྒན་པོ་གཅིག་དང་།རྫིག་པ་གཅིག་བཅས་ཀྱིས་ཀྱང་འཐུས་ཀྱི་ཡོད་པ་རེད།
  • ལེ་ཚན་སྔོན་མ།:འབྲོག་པའི་ཏིས་རྩོད།
  • ལེ་ཚན་རྗེས་མ།:འབྲོག་པའི་སྐྱེལ་འགྲུལ།