འབྲོག་པའི་སྐྱེལ་འགྲུལ།

མཁས་དབང་ནམ་མཁའི་ནོར་བུ།        2014-12-24

འབྲོག་པའི་སྐྱེལ་འགྲུལ།


འབྲོག་མི་ཚོས་གཡག་གི་འགྲོས་ལ་བརྟེན་ནས་འབྲོག་ཡུལ་ཕན་ཚུན་དང་།རོང་ཡུལ་ཁག་ཏུ་ཚོང་འགྲུལ་དང་།དབྱར་དགུན་གྱི་མཚེར་ས་སྤོ་འཇོག་སོགས་གང་དགོས་པའི་སྐྱེལ་འགྲུལ་གྱི་བྱ་བ་མཐའ་དག་བྱེད་ཐུབ་ཀྱི་ཡོད་པ་རེད།སྤྱིར་བཏང་དུ་གཡག་གིས་རྒྱབ་དོས་ཆུང་ཞིང་ཡང་བ་ལས་འཁུར་མི་ནུས་པ་དང་།གཡག་ནི་ཉིན་རེར་ས་ཐག་ཐུང་ངུ་ལས་འགྲུལ་བཞུད་བྱེད་མི་ཐུབ་པ་དང་།དབྱར་དུས་སུ་གཡག་རྒོད་རྣམས་ཀྱིས་རྒྱབ་དོས་མང་པོ་གཏོར་རློག་བྱེད་པ་སོགས་གཡག་ལ་བརྟེན་པའི་སྐྱེལ་འགྲུལ་ནི་དཀའ་ངལ་དང་ལྡན་པ་ཞིག་ཏུ་སྣང་ནའང་།འབྲོག་ཡུལ་གྱི་གནས་ཚུལ་ལ་ལྟོས་ན་གཡག་གི་རིགས་ནི་གངས་དང་ཆབ་རོམ་མཐའ་དག་བརྒལ་ཐུབ་པའི་སེམས་ཅན་ཞིག་ཡིན་སྟབས་འབྲོག་མི་ལ་ཕན་ནུས་ལྷག་པར་ཆེ་ཞིང་།འབྲོག་མི་ཚོར་འགེལ་གཡག་མང་དུ་ཡོད་པ་དང་།མ་ཟད་འབྲོག་མི་རེ་རེས་འགེལ་གཡག་སུམ་ཅུ་ལྷག་གི་ལག་དོ་རང་རྒྱ་ཐུབ་པ་བྱེད་ནུས་པའི་ཐོག་རྒྱབ་ཁལ་འགེལ་འཕོག་གི་བྱ་བ་མཐའ་དག་བྱེད་པ་མྱུར་ཞིང་ལས་སླའི་ངང་ནས་བསྒྲུབ་ཐུབ་པ་སོགས་མདོར་ན་འབྲོག་མི་ཕོ་མོ་མཐའ་དག་ལ་གཡག་ཁག་འགེལ་བའི་གོམས་རྩལ་ཆེ་བར་ཡོད་འདུག་པ་བཅས་ལ་བརྟེན།དེ་དག་གིས་གང་དགོས་པའི་སྐྱེལ་འདྲེན་གྱི་བྱེད་སྒོ་འགོག་མེད་དུ་བསྒྲུབ་ཐུབ་པའོ།།(དཀོན་མཆོག་རྡོ་རྗེས་པར་བླངས།)

འབྲོག་པའི་སྐྱེལ་འགྲུལ།

  • ལེ་ཚན་སྔོན་མ།:འབྲོག་པའི་ཁ་མཆུ།
  • ལེ་ཚན་རྗེས་མ།:འབྲོག་པའི་ཕྱུགས་ལས།