བོད་ཀྱི་དམངས་ཁྲོད་དུ་དར་བའི་ཁང་ཚོན་རི་མོའི་སྐོར་ངོ་སྤྲོད་མདོར་བསྡུས།

ལྷག་པ་དོན་གྲུབ།    ཀྲུང་གོའི་བོད་རིག་པའི་དྲ་བ།    2011-03-28

བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་སྡོད་ཁང་གི་གཟིན་ཆུང་ལྡེབས་དང་།  བར་ཁྱམ།  སྒོ་བཀག་བཅས་ཀྱི་ངོས་སུ་འོས་ཤིང་འཚམས་པའི་སྒོ་ནས་ཚོན་མདངས་རྣམ་པར་བཀྲ་བའི་རི་མོ་འབྲི་སྲོལ་ཡོད། དེ་ནི་མཛེས་མཚོན་ཙམ་མ་ཟད།  དེ་ལས་གལ་ཆེ་བ་ཞིག་ནི་རི་མོ་དེ་དག་བྲིས་ནས་འགལ་རྐྱེན་ཐམས་ཅད་ཞི་ཞིང་མཐུན་རྐྱེན་མཐའ་དག་བདེ་བླག་ཏུ་འགྲུབ་པའི་རྟགས་དང་།  རྟེན་འབྲེལ་དུ་མ་མཚོན་པར་བྱས་ཡོད། 

དེ་ཡང་སྤྱི་ལོའི་དུས་རབས་དགུ་པར་བཙན་པོ་གླང་དར་མས་བསྟན་པ་བསྣུབས་རྗེས་ཤོད་རྒྱུད་དུ་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་ཡོད་མཁན་ཚོས་སྡོམ་བརྩོན་དམ་པའི་རི་མོ་འདི་བརྩམས་ཏེ་འདིའི་ཐོག་ནས་མཁན་སློབ་ཆོས་གསུམ་མཚོན་པར་བྱས་ཤིང་།  དབུས་ཀྱི་མེ་ཏོག་པད་མའི་སྟེང་རལ་གྲི་བསླངས་པ་ནི་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་།  གཡས་སུ་ངང་སེར་མགོ་གཉིས་ཅན་ནི་སྐད་གཉིས་སྨྲ་བའི་དབང་ཕྱུག་ངུར་སྨྲིག་འཛིན་པ་མཁན་ཆེན་ཞི་བ་འཚོ།  གཡོན་དུ་ནེ་ཙོ་མགོ་གཉིས་ཅན་ནི་སྒྲ་སྒྱུར་གྱི་ལོ་ཙཱ་བ་དང་།  གསང་སྔགས་རྙིང་མ་བའི་སྲོལ་གཏོད་སློབ་དཔོན་པདྨ་འབྱུང་གནས་བཅས་སོ།།

མཐུན་པ་སྤུན་བཞི་འབྲི་བ་ནི།  སངས་རྒྱས་ཀྱི་གསུང་ལས།  རྒྱ་གར་གྱི་ཡུལ་ཀ་ཤི་ཀ་རུ་ཤིང་ན་ཡ་གྲོ་ཏ་ལ་རྟེན་ནས་ཧ་ཅང་གིས་འཆམ་མཐུན་བྱུང་བའི་རིགས་མི་གཅིག་པའི་སྲོག་ཆགས་བཞི་སྟེ།  གླིང་ཆེན་དང་།  སྤྲེའུ།  རི་བོང་།  བྱ་སྲེག་པ་བཅས་གཅིག་ཐོག་གཅིག་ཁྱེར་གྱིས་ཡུལ་འདིར་སླེབས་སྔ་རྟིང་གིས་གུས་ཞབས་མཚོན་པར་བྱས་པ་དེ་དང་།  གཞོགས་སུ་ལྗོན་ཤིང་འབྲས་བུས་དུད་པ།  ནེའུ་གསིང་གཡུ་ཡི་བཅལ་ལྟར་བཀྲ་བ་ལ་དར་གྱིས་སྐ་རག་བཅིངས་པ་འདྲ་བའི་དལ་འགྲོ་བཅས་ཀྱིས་མཛེས་པར་བྱས་ཡོད།  རི་མོ་དེ་ནི་ཁྱིམ་ཚང་འཆམ་མཐུན་ཡོང་བ་དང་།  ཁྱིམ་མི་རྒན་གཞོན་བར་ལ་བརྩི་བཀུར་ཆེ་བ་སོགས་ཡ་རབས་དམ་པའི་ངང་ཚུལ་ཡོང་ཆེད་ཡིན།

ཚེ་རིང་རྣམ་དྲུག་སྟེ།  སྐྲ་དང་སྨྲ་ར་དུང་ལྟར་དཀར་བའི་དྲང་སྲོང་གི་དྲུང་དུ་བག་ཕེབས་ངང་གནས་པའི་ཤ་བ་དང་།  བྱ་ཁྲུང་ཁྲུང་། ཉེ་འགྲམ་དུ་ལྗོན་ཤིང་།  གཡང་གཟར་ཅན་གྱི་བྲག་སྟེང་ནས་ཆུ་བོའི་རྒྱུན་ལྷུང་ལྷུང་དུ་བབས་པ།  ཁོར་མོ་ཡུག་ཏུ་སྤང་དང་སྤང་རྒྱན་མེ་ཏོག་གིས་མཛེས་པར་བྱས་པ་བཅས་ཀྱི་རི་མོ་འདི་ནི་ཁྱིམ་ཚང་ཚེ་རིང་ནད་མེད་ཡོང་བའི་ཆེད་དུའོ། །
ཕྱུག་པོ་རྣམ་གསུམ་སྟེ།  ཚེ་ཡིས་ཕྱུག་པའི་བགྲེས་སོང་དང་།  བུ་ཡིས་ཕྱུག་པ།  པང་དུ་བུ་ཉར་བ།  ནོར་གྱིས་ཕྱུག་པ་རིན་ཆེན་དུ་མའི་རྒྱན་གྱིས་སྤྲས་པ་སྐྱེ་བོ་བཅས་བསྟར་པ་གཅིག་ཏུ་བྲིས་པ་འདི་ནི་གོང་གི་ལེགས་ཚོགས་རྣམ་གསུམ་ཁྱིམ་དུ་འཛོམས་པའི་དོན་དུའོ། །

གོང་གསལ་རི་མོ་ཁག་གཉིས་པོ་འདིའི་བྲིས་ཆ་ནས་དཔྱད་ན་རྒྱ་ནག་ནས་དར་བ་རེད་སྙམ།  སྒོ་དང་རྒྱལ་སྒོའི་སྟེང་དང་ལྡེབས་སུ་རྣམ་བཅུ་དབང་ལྡན་ཞེས་པད་གདན་གྱི་སྟེང་དུ་དཔལ་དུས་ཀྱི་འཁོར་ལོའི་བརྗོད་བྱ་རྣམས་ཡི་གེ་བཅུ་རུ་བསྡུས་ཏེ་གཅིག་ཐོག་གཅིག་བརྩེགས་ལྟ་བུས་དབྱིབས་གཟུགས་གཅིག་ཏུ་མཚོན་པ་དང་།  ཡི་གེ་རེ་རེ་ཚོན་མདོག་མི་འདྲ་བ་ལ་ལན་ཙའི་རྣམ་པར་གནས་པ་འདི་ནི་དབང་དང་གྲགས་པ་ཕུན་སུམ་ཚོགས་པོ་ཐོབ་པའི་ཆེད་དུའོ། །

ཁང་ཆེན་ཁག་གི་རྒྱལ་སྒོའི་ནང་ལྡེབས་སུ་སོག་པོ་སྟག་འཁྲིད་ཅེས་རྒྱ་སྟག་ངར་མ་སྒོ་ཕྱོགས་སུ་ཤོར་བ་ལ་ཁལ་ཁ་ཟུར་དང་ཞྭ་མོ་ཝ་ཀིལ་གྱོན་པའི་མི་ཕོ་འདྲ་ཆགས་ཤིག་གིས་སྟག་གི་སྐེ་ལ་བཅིངས་པའི་ལྕགས་ཐག་ཚུར་འཐེན་པའི་རྣམ་པ་འདི་ནི་ཁྱིམ་འདིར་གཟུགས་མེད་གདོན་འགེགས་ཀྱིས་བར་དུ་གཅོད་པའི་གནོད་པ་མི་ཡོང་བའི་སླད་དུའོ།  རི་མོ་འདིའི་མིང་དང་ཆས་གོས་ནས་དཔྱད་ན་སྤྱི་ལོའི་དུས་རབས་བཅུ་བདུན་པར་བོད་དུ་སོག་རིགས་ཀྱི་དཔོན་པོ་ལ་སོགས་པ་མང་པོ་ཡོད་པས་སྐབས་དེར་ཁོ་ཚོའི་ཆ་ལུགས་ལྟར་བྲིས་པ་མིན་ནམ་སྙམ།  ཡང་ན་བྲམ་ཟེ་གླང་འཁྲིད་ཁང་པའི་ནང་ངོས་སུ་བལྟས་པ་དེ་ནི་རྒྱ་གར་གྱི་རིགས་རུས་ཤིག་ཡིན་པའི་བྲམ་ཟེས་གླང་པོ་ཆེ་རྒྱན་དུ་མས་བརྒྱན་པ་ཞིག་གི་སྟེང་ནོར་བུ་བཀལ་ཏེ་འཁྲིད་པའི་རི་མོ་འདིས་ཁྱིམ་དུ་ནོར་གཡངས་འཕེལ་ནས་འདོད་རྒུའི་ལོངས་སྤྱོད་མེ་ལྟར་འབར་བའི་སླད་དུའོ།  བྲིས་ཆ་འདི་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་ཀྱི་ནང་ཚན་ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ལས།  ཡུལ་མཐའ་འཁོབ་བྱེ་མ་ཤིང་དྲུང་གི་བྲམ་ཟེས་རྒྱལ་པོ་དྲི་མེད་ཀུན་ལྡན་ལ་ནོར་བུ་དགོས་འདོད་དཔུང་འཇོམ་སྦྱིན་པ་ཞུས་ཏེ་གླང་པོ་ཆེར་བཀལ་ནས་རང་ཡུལ་དུ་ཆས་པའི་འདྲ་རིས་རེད་སྙམ།  དེ་ཡང་རྣམ་ཐར་ལས།  “ལེགས་ལྡན་བྲམ་ཟེ་ཆེན་པོ་ད་བཞེངས་ཤིག   གཞོན་ནུ་སྟོབས་རྩལ་ལྡན་པའི་གླང་ཆེན་ལ།  དཔུང་འཇོམ་འདོད་རྒུའི་གཏེར་ཆེན་མགྱོགས་པར་ཀོལ་”ཞེས་པ་ནས་མཚོན་ནོ།  བོད་ཀྱི་གནམ་ལོ་གསར་དུ་བཞད་སྐབས་ཐབ་ཚང་གི་ལྡེབས་སུ་ནོར་བུས་བྱུར་བུར་གཏམས་ཤིང་།  དེའི་སྟེང་དུ་མེ་རིས་ཡོད་པའི་ནོར་བུ་མེ་འབར་དབང་གཡུང་དྲུང་ནང་བསྐོར་སོགས་ཀྱི་རི་མོ་རྣམས་གྲོ་ཕྱེས་བྲིས་སྲོལ་ཡོད་པས་དེའི་རི་མོ་རྣམས་ནས་དཔལ་དང་འབྱོར་པ་རྒྱས་པ་དང་།  མཐུན་རྐྱེན་གྱི་ལེགས་ཚོགས་མཐའ་དག་ནམ་ཡང་མི་འགྱུར་བར་གཡུང་དྲུང་ལྟར་བརྟན་པ་བཅས་དང་།  བྲི་བྱེད་ཀྱི་གྲོ་ཕྱེ་དེ་ནས་ས་ཕྱོགས་གང་དུ་ཕྱིན་ཀྱང་ཁ་གྲོ་པོ་ཡོང་པ་སྟེ།  བོད་རིགས་ཀྱི་གོམས་སྲོལ་དུ་གྲོ་ནི་དོན་གང་བྱས་ཀྱང་སྟོང་ལོག་ཏུ་མ་གྱུར་བར་དེ་བསྒྲུབས་པའི་རྟེན་འབྲེལ་ཡོད་པའི་རྫས་ཤིག་ཏུ་བརྩི་གི་ཡོད།  དཔེར་ན་ལོ་གསར་གྲོ་ཟོ་ཕྱེ་མར་ཞེས་འབོའི་གཞོགས་གཅིག་གྲོས་བསྐངས་པ་དང་ལོ་གསར་ཚེས་གཅིག་གི་སྔ་དྲོ་གྲོ་ཐུག་བཏུང་བ་སོགས་བྱེད་ཀྱི་ཡོད་དོ། །

གོང་གསལ་རི་མོ་དེ་དག་སྡོད་ཁང་ནང་དུ་བྲིས་ཚེ་བལྟས་པ་ཙམ་གྱིས་བོད་ཀྱི་རི་མོའི་སྒྱུ་རྩལ་དང་།  མི་རིགས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པ་ཡིན།  ད་དུང་རི་མོ་སོ་སོའི་ནང་དོན་ནས་རྣམ་པ་མི་འདྲ་བའི་ཐོག་ནས་རྟགས་པ་རྟེན་འབྲེལ་རེ་མཚོན་པར་བྱས་ཡོད་པ་འདིས་ཁུངས་དང་རྒྱུ་མཚན་ངེས་ཅན་ཞིག་དྲངས་པའི་ཐོག་ནས་བོད་རིགས་ནི་སྔ་རབས་ནས་ཤེས་རིག་རྣམ་པར་བཀྲ་བའི་མི་རིགས་ཤིག་ཡིན་པ་གླེང་མེད་དུ་མངོན་པ་བཅས་སོ།།

  • ལེ་ཚན་སྔོན་མ།:ལམ་རྟགས་བརྩི་སྲོལ།
  • ལེ་ཚན་རྗེས་མ།:བོད་མིའི་མིང་འདོགས་ཚུལ།