བོད་ཀྱི་རི་མོ་བ་གྲགས་ཅན་ཉི་མ་ཚེ་རིང་།

དཀོན་མཆོག་རྡོ་རྗེ།        2010-12-30

བོད་ཀྱི་རི་མོ་བ་གྲགས་ཅན་ཉི་མ་ཚེ་རིང་།

 
ཉི་མ་ཚེ་རིང་ནི་དཀར་མཛེས་ཁུལ་གྱི་འབའ་ཐང་དུ་སྐྱེས་པ་དང་། ཆུང་ནས་བོད་ཀྱི་རིག་གནས་ཀྱི་བང་མཛོད་དུ་གྲགས་པའི་ཁམས་སྡེ་དགེ་རུ་འཚར་ལོངས་བྱུང་། ཁོང་གི་ཁྱད་དུ་འཕགས་པའི་བཟོ་རྩལ་བཅས་ལས་བོད་གངས་ཅན་ལྗོངས་ཀྱི་ངོ་མཚར་བའི་རི་ཆུ་དང་གཏིང་དཔོག་དཀའ་བའི་རིག་གནས། ལོ་རྒྱུས། འཇིག་རྟེན་གྱི་རྣམ་པ་ཡོངས་སུ་མཐོང་ཐུབ། ཁོང་གིས་བྲིས་པའི་རི་མོའི་ཁྱད་ཆོས་གཙོ་བོ་ནི་ཚོན་མདངས་རྣམ་པར་བཀྲ་བའི་བོད་ཀྱི་སྲོལ་རྒྱུན་གྱི་འབྲི་སྟངས་གཞིར་བཞག་སྟེ་བསམ་ཡུལ་ལས་འདས་པའི་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་ཀྲུང་གོའི་རི་མོའི་སྐྱ་རིས་འཐེན་ཚུལ་དང་ནུབ་ཕྱོགས་སྒྱུ་རྩལ་གྱི་འབུར་གཟུགས་བཅས་འདྲེས་མའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཉམས་འགྱུར་ཞིག་ལྡན་ཞིང་། བོད་ཀྱི་སྲོལ་རྒྱུན་གྱི་ཐང་ཀ་དང་བསྡུར་ནའང་དབྱེ་བ་ཆེན་པོ་ལྡན་པའི་བོད་ཐང་གསར་མའི་འབྲི་སྲོལ་ཞིག་ཆགས་ཡོད།
ཉི་མ་ཚེ་རིང་གི་རི་མོའི་ནང་བོད་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་དཔེར་ན་འབྲུག་མོས་ལྷ་བྱ་ཁྲུང་ཁྲུང་ལ་འཕྲིན་བསྐུར་བ་དང་། མཐུན་པ་སྤུན་བཞི། མུ་འབྲེལ་རི་མོ་གླིང་གེ་སར་རྒྱལ་པོ། ལྡེབ་བྲིས་པཎ་ཆེན་སྐུ་ཕྲེང་བཅུ་པ། སྲོལ་རྒྱུན་རི་མོ་མི་ལ་རས་པ། དེང་རབས་ཀྱི་ཉམས་འགྱུར་ལྡན་པའི་གནས་མཆོག་གི་རྨི་ལམ་དང་ཚེ་སྲོག   དཀར་ནག་གི་འཇིག་རྟེན་སོགས་སྒྱུ་རྩལ་གྱི་མཚོན་སྟངས་རྣམ་པ་སྣ་ཚོགས་ལྡན་ནོ། །ཁོང་གིས་བྲིས་པའི་བོད་རིས་ནི་ཐང་ཀ་རྐྱང་པ་མ་ཡིན་ཞིང་། དེ་ནི་རྒྱ་མིས་བལྟས་ན་བོད་རིས་འདྲ་བ་དང་། ཕྱི་རྒྱལ་གྱི་མིས་བལྟས་ན་ཀྲུང་གོའི་རི་མོ་འདྲ་བ། བོད་མིས་བལྟས་ན་རྒྱ་རིས་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་ལྡན་ཡོད། དབྱིན་ཇིའི་རྒྱལ་ཁབ་ཀྱBBCབརྙན་འཕྲིན་ཁང་གི་འཁྲབ་ཁྲིད་པ་ཞིག་གིས་ཉི་མ་ཚེ་རིང་གི་རི་མོའི་འགྲེམས་སྟོན་ལ་གཟིགས་རྗེས་ཧ་ལས་དགོས་པའི་ཚུལ་གྱིས་ང་ཚོ་ཨོ་གླིང་ཕྱོགས་ནས་ཆོས་ལུགས་ཀྱི་སྒྱུ་རྩལ་དེ་དེང་རབས་ཀྱི་སྒྱུ་རྩལ་དུ་འགྱུར་བར་ལོ༥༠༠ལྷག་གི་དུས་ཚོད་འགོར་ཡོད། ཁྱོད་ཚོ་ཀྲུང་གོའི་ཕྱོགས་ནས་ལོ༢༠ཡི་བརྒྱུད་རིམ་ནང་སྲོལ་རྒྱུན་མ་ཉམས་པའི་རྨང་གཞིའི་ཐོག་ཏུ་སྒྱུ་རྩལ་གྱི་མཚོན་སྟངས་གསར་པ་གསར་རྐྱང་ཞིག་འཕེལ་རྒྱས་བཏང་ཐུབ་པ་འདི་ཧ་ཅང་ངོ་མཚར་ཆེ། འདིའི་ཐོག་ནས་བལྟས་ན་མི་རིགས་ཤིག་གི་རིག་གནས་དེ་ཁོ་ཚོ་དཔལ་འབྱོར་གྱིས་དབུལ་བ་ཁོ་ནས་ཉམས་མི་ཐུབ་པར་ཁོ་ཚོས་བློ་བརྟན་འགྱུར་མེད་ཀྱིས་རང་གི་བསམ་བློའི་རིན་ཐང་དང་བྱམས་སེམས་སྙིང་རྗེ། ཚད་ལས་བརྒལ་བའི་བློ་རིག་གིས་མིའི་རིགས་ཀྱི་རིག་གནས་ཤིག་བརྟན་སྲུང་བྱེད་ཐུབ་ཡོད་པ་དེ་ནི་རླབས་ཆེ་བའི་བྱས་རྗེས་ཤིག་མ་ཡིན་ནམ་ཞེས་གསུངས།
སུའེ་ཙེར་རྒྱལ་ཁབ་ཀྱི་བོད་རིག་པ་དང་རི་མོ་མཁས་ཅན་ཧའོ་ཡིང་སི་ལགས་ཀྱིས་ཉི་མ་ཚེ་རིང་གི་རི་མོ་ནི་ཚེ་སྲོག་གི་རྒྱུ་བ་མངོན་ལ་རང་བྱུང་ཁམས་ཀྱི་གཤིས་ཀ་མཚོན་པའི་མཐོང་མི་ཐུབ་པའི་བསམ་བློའི་འཇིག་རྟེན་མཚོན་སྟངས་ཤིག་རེད་ཅེས་གསུངས།
ཉི་མ་ཚེ་རིང་ནི་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་བོད་ཀྱི་སྲོལ་རྒྱུན་ཐང་ཀ་དེ་དེང་རབས་ཀྱི་སྒྱུ་རྩལ་ཕྱོགས་སུ་འཕེལ་རྒྱས་བཏང་བའི་བོད་ཐང་གསར་མའི་སྲོལ་གཏོད་མཁན་གྲས་ཀྱི་རི་མོ་བ་མཁས་ཅན་ཞིག་ཡིན། ཁོང་གི་རི་མོ་སྔོན་རྗེས་སུ་རྒྱལ་ཕྱི་ནང་གི་ས་གནས་མང་དག་ལ་འགྲེམ་སྟོན་བྱས་ཤིང་བྱ་དགའ་ཡང་མང་དག་ཐོབ་མྱོངས། དེའི་ནང་གླིང་གེ་སར་རྒྱལ་པོ་དང་ཡོན་བོད་ཀྱི་མཐུན་འབྲེལ། གཟི་བརྗིད་ལྡན་པའི་མཛད་རྗེས། བཀྲ་ཤིས་བདེ་ལེགས། གངས་ལྗོངས། ཕྱི་རུ་འགྲོ་བ་སོགས་ལ་རྒྱལ་ཁབ་རིག་གནས་པུའུ་དང་ཀྲུང་གོ་མཛེས་རྩལ་མཐུན་ཚོགས་སོགས་ཀྱིས་སྟེར་བའི་རྒྱལ་ཡོངས་ཀྱི་མཛེས་རྩལ་འགྲེམས་སྟོན་གྱི་གསེར་གྱི་རྟགས་མ་གཅིག་དང་དངུལ་གྱི་རྟགས་མ་གཉིས་ཐོབ་པ་དང་། ད་དུང་སི་ཁྲོན་ཞིང་ཆེན་གྱི་མཛེས་རྩལ་བྱ་དགའ་མཐོ་གྲས་པཱ་ཧྲུའུ་རིག་རྩལ་གྱི་གསེར་གྱི་རྟགས་མ་སོགས་ཐོབ་མྱོངས།
ཉི་མ་ཚེ་རིང་ནི་རང་གིས་བྲིས་པའི་རི་མོ་འཁྱེར་ནས་འཛམ་གླིང་གི་གླིང་ཆེན་ལྔ་ལ་བསྐོར་བ་རྒྱག་པའི་བོད་ཀྱི་རི་མོ་བ་ཞིག་ཡིན། ཁོང་གིས་སྔོན་རྗེས་སུ་ཨ་རི་དང་། དབྱིན་ཇི། ཧྥ་རན་སི། ཝའོ་ལོ་སི། རྒྱ་གར། ཨོ་སི་ཁྲུ་རི་ཡ། ལྗར་པན། ཐུར་ཁེ། སུའེ་ཙེར། སེང་ཀ་ཕོར། སི་ཕེན། ཨེ་ཅིབ། དབྱི་སི་རལ། ཨར་པ་ནི་ཡ། ཧན་གོ་སོགས་རྒྱལ་ཁབ་དང་ཐའོ་ཝན་དང་ཧང་ཀང་ས་ཁུལ་སོགས་ཀྱི་མཛེས་རྩལ་ཁང་གྲགས་ཅན་ནང་མི་སྒེར་གྱི་རི་མོ་འགྲེམ་སྟོན་བྱས་ནས་སྐད་གྲགས་ཆེན་པོ་ཆགས་ཤིང་ཨ་རིའི་རྒྱང་བསྒྲགས་ཁང་དང་དབྱིན་ཇིའིBB།ཀྲུང་དབྱང་བརྙན་འཕྲིན་ཁང་སོགས་རྒྱལ་ཁབ་རིམ་པའི་རྒྱང་བསྒྲགས་བརྙན་འཕྲིན་ཐོག་ཁོང་གི་ཆེད་བཀོད་ལེ་ཚན་སྤེལ་བ་དང་། ད་དུང་མི་དམངས་ཉིན་རེའི་ཚགས་པར་དང་། ཀྲུང་གོའི་བརྙན་དེབ། ཀྲུང་གོའི་མཛེས་རྩལ། སོགས་ཀྱི་ཚགས་པར་དུས་དེབ་བཅུ་ཕྲག་ཁ་ཤས་ཐོག་པར་ངོས་རྒྱ་ཆེན་ཕུད་ནས་ཉི་མ་ཚེ་རིང་དང་ཁོང་གི་རི་མོའི་སྐོར་དྲིལ་བསྒྲགས་བྱས་ཡོད། མ་ཚད་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། རྒྱལ་ཁབ་ཕྱི་འབྲེལ་པུའུ། རིག་གནས་པུའུ་སོགས་ཀྱི་ཀྱང་དམིགས་བསལ་དུ་གཟེངས་བསྟོད་གནང་ཡོད།
ཉི་མ་ཚེ་རི་ངགི་བོད་བྲིས་གསར་མ་ལ་འཛམ་གླིང་གི་ས་གནས་ཁག་གི་མཁས་ཆེན་དང་ལྟ་མཁན་ཚོས་བསྔགས་བརྗོད་ཡང་ཡང་ཐོབ་ཡོད། དེར་བརྟེན། ཀྲུང་གོའི་མཛེས་རྩལ་བ་མི་ཁྲི་བརྒྱ་ལྷག་གི་ནང་ནས་ཉི་མ་ཚེ་རིང་གི་གྲུབ་འབྲས་འབུར་དུ་ཐོན་པས་ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་ཀྲུའུ་ཞི་གཞོན་པ་རུ་གདམས་ཐོན་བྱུང་བས་ཁོང་ནི་འཛམ་གླིང་རིག་གནས་ལ་བྱས་རྗེས་ཕུལ་བའི་མི་སྣ་ཞིག་ཏུ་གྱུར། དབྱིན་གོའི་ཅན་ཆའོ་དང་ཨ་རིའི་རྒྱལ་སྲིད་སྤྱིའི་མི་སྣ་ཞེས་པའི་ལོ་རྒྱུས་ནང་ཉི་མ་ཚེ་རིང་འཛམ་གླིང་གི་གྲགས་ཅན་མི་སྣ་ལྔ་བརྒྱའོ་ལོ་རྒྱུས་ཞེས་པ་དང། དུས་རབས་ཉི་ཤུ་པའི་ཆེས་བྱས་རྗེས་ཆེ་བའི་མི་སྣའི་ལོ་རྒྱུས་ཞེས་པའི་དེབ་ནང་བཀོད་པ་མ་ཟད་དཔང་རྟགས་ཀྱང་གནང་ཡོད། ༡༩༩༤ལོར་དབྱིན་ཇིའི་ཕུའུ་ཞེས་པའི་གྲོང་ཁྱེར་སྲིད་གཞུང་གིས་ཁོང་ལ་རྒྱལ་སྤྱིའི་བྱས་རྗེས་ཆེ་བའི་སྒྱུ་རྩལ་པ་ཞེས་པའི་མཚན་སྙན་གནང་བ་དང་། ༡༩༩༩ལོར་ཨ་རི་རྒྱལ་ཁབ་ཀྱི་ལུའི་ཡི་ཨུན་ནཱ་ཁུལ་པཱ་ཐའེ་ལིའུ་སྲིད་གཞུང་གིས་ཁོང་ལ་གཟི་བརྗིད་ཀྱི་མཚན་སྙན་མཚོན་པའི་ཧྲི་ཀྲང་ཞེས་པའི་དཔང་རྟགས་གནང་ཡོད། ད་དུང་རྒྱལ་སྤྱི་ཁྱབ་ཁང་སོགས་ཀྱིས་ཀྱང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་པ་དང་རྒྱལ་ཡོངས་ཀྱི་ཆེས་ཕུལ་བྱུང་བའི་སྒྱུ་རྩལ་པ་ཕུལ་བྱུང་གི་མི་དམངས་རིག་རྩལ་པ་སོགས་ཀྱི་དཔང་རྟགས་ཐེངས་མང་གནང་མྱོངས།
ཁོང་གིས་ད་སྔོན་བར་པཎ་ཆེན་སྐུ་ཕྲེང་བཅུ་པའི་ལྷ་བཟོ་བ་ཉི་མ་ཚེ་རིང་གི་རི་མོ་འདེམས་བཀོད། དང་ཉི་མ་ཚེ་རིང་གི་རི་མོ་ཕྱོགས་བསྒྲིགས། ནང་པ་སངས་རྒྱས་པའི་གཏམ་རྒྱུད། གངས་ལྗོངས་ལ་བསྟོད་པ། དབེན་གནས་སོགས་ཀྱི་རི་མོའི་བརྙན་དེབ་པར་དུ་བསྐྲུན་ཡོད་པ་དང་། ཡོན་བོད་ཀྱི་མཐུན་འབྲེལ་དང་། གངས་ལྗོངས་སོགས་རི་མོ་མང་དག་ཀྲུང་གོའི་མཛེས་རྩལ་ཁང་དང་རྒྱལ་ཕྱིའི་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད། །
  • ལེ་ཚན་སྔོན་མ།:ཀརྨ་སྒར་བྲིས་ཀྱི་རྒྱུན་འཛིན་པ་ཡོན་ཏན་ཚེ་རིང་།
  • ལེ་ཚན་རྗེས་མ།:དཀོན་མཆོག་བཀྲ་ཤིས་དང་གླིང་རྗེ་གེ་སར་རྒྱལ་པོའི་སྟོང་ཐང་ཆེན་མོའི་ལས་འབྲེལ།
  • དོ་སྣང་ཆེ་བའི་རྩོམ།