གྱོན་ཆས་ཐད་ཞིང་ཁུལ་དུ་སྐྱེས་པས་ཨམ་ཕྲག་གཡས་གསག་ཅན་གྱི་སྣམ་བུའི་ཕྱུ་པ་དཀར་ནག་གང་རུང་གྱོན་ཤིང་། རྐང་ལ་ལྷམ་ཤུད་ཙེ་འམ་ཟོམ་པ་སོགས་གང་རུང་གྱོན་པ་དང་། སྐྲ་ལོ་ལྷས་མོ་བསླས་ཏེ་སྐྲ་གཞུག་བརྒྱབ་ནས་སྤ་སྐོར་རྒྱག་པ། རྣ་བ་གཡས་ལ་གཡུ་དང་གཡོན་ལ་གསེར་དངུལ་རག་གསུམ་འབྱོར་པས་གང་སྤོབས་ཀྱིས་རྣ་ལོང་འདོགས་པ་བཅས་བྱེད། བཙུན་པ་རྣམས་ནི་གྲྭ་ཆས་སེ་འབྲུམ་ལྟ་བུ་བཀླུབས་པ་སྟེ་སྨད་དུ་ཤམ་ཐབས་དང་། སྟོད་ལ་སྟོད་འགག་དང་གཟན། རྐང་པར་ལྷམ་ཤུ་སུམ་མ་སོགས་སོ། །ཞྭ་མོ་གྱོན་སྲོལ་ཡོད་ཀྱང་ཚོགས་ཚུགས་སྐབས་དང་སེར་སྦྲེང་སྐབས་མ་གཏོགས་གྱོན་པ་མིན། འོན་ཀྱང་བླ་སྤྲུལ་དང་རྩེ་དྲུང་གི་ལས་ཞྭ་ནི་ཕྱིར་སྐྱོད་སྐབས་གྱོན་འགྲོ་སྲོལ་ཡོད། གྲྭ་པ་དང་ཨ་ཎིའི་གྲྭ་ཆས་སོ་སོར་རིམ་པའི་དབྱེ་བ་ཡོད་པ་ནི་བཟོ་དབྱིབས་དང་། ཚོས་གཞི། སྤུས་ཀ་གང་གི་ཆ་ནས་ཀྱང་གོ་གནས་ལ་གཞིགས་ཏེ་གཏན་ལ་ཕབ་པ་དང་། གོ་གནས་མཐོ་བའི་གྲྭ་པ་དང་ཨ་ཎི་གང་ཡིན་ལ་མ་ལྟོས་པར་སྟོད་འགག་གི་དཔུང་གཤོག་ལ་སྐྱིང་ཁེབ་གཏོང་པ་དང་། ལྷམ་རས་ཟོམ་གྱོན་པ་ཡིན།ཞིང་ཁུལ་དང་གྲོང་ཁྱེར་གྲོང་བརྡལ་གྱི་བུད་མེད་རྣམས་དབྱར་དུས་སུ་ཕྱུ་པ་ཕུ་མེད་གྱོན་པ་དང་། དགུན་དུས་སུ་ཕྱུ་པ་ཕུ་ཡོད་གྱོན་ཞིང་། ཚོས་གཞི་སྣ་ཚོགས་ལ་མེ་ཏོག་ལྡན་པའི་གྲུ་ཙེ་ལ་སོགས་པའི་འོག་འཇུག་གྱོན་པ་དང་། པང་གདན་དཀྲི་བ། གཉེན་སྒྲིག་བྱ་རྒྱུའི་བུ་མོ་རྣམས་པང་གདན་འཆིང་སྲོལ་མེད། བོད་ལྗོངས་ས་གནས་ཁག་གི་རང་བྱུང་གི་ཆ་རྐྱེན་དང་གནམ་གཤིས་མི་གཅིག་སྟབས་གྱོན་ཆས་ཀྱི་བཟོ་དབྱིབས་ཀྱང་མི་འདྲ་བ་དཔེར་ན། ཀོང་པོ་དང་། ཆབ་མདོ། ལྷ་ཁ། གཞིས་རྩེ། ལྷ་ས་སོགས་སུ་གྱོན་ཆས་ས་ཁུལ་སོ་སོའི་ཁྱད་རྟགས་མངོན་གསལ་དོད་པོ་ཡོད་ལ་རྒྱན་ཆའི་ཐད་ལ་དེ་བས་ཁྱད་པར་ཆེ། སྤྱིར་བཏང་བུ་མོ་ལོ་ཆུང་མས་སྐྲ་ལྕང་ལོ་རྒྱག་པ་དང་། ན་སོ་དར་ལ་བབས་རྗེས་སྐྲ་ལྷས་གཉིས་རྒྱག་པ་ཡིན། བུད་མེད་ཀྱི་རྒྱན་ཆ་ནི་མགོ་ལ་བྱུ་རུའི་སྤ་ཕྲུག་གྱོན་པ་དང་། རྣ་གཉིས་ལ་ཨ་སྒོར་འདོགས་པ། མགུལ་ལ་གའུ་འདོགས་པ་བཅས་ཡིན། འབྲོག་ཁུལ་གྱི་གྱོན་ཆས་ནི་ཕོ་མོ་གཉིས་ཀས་དབྱར་དགུན་མེད་པར་པགས་ཚགས་གྱོན་པ་ཡིན། སྐྱ་ཚགས་ཀྱི་སྒབ་མཐར་གོ་སྣམ་དམར་པོ་དང་ལྗང་ཁུས་འཇའ་ཁྲིད་སྲོལ་ཡོད། བུད་མེད་ཚོས་ཕྲུ་གུ་དམར་འབྱར་ཕྱུ་པའི་ཨམ་ཕག་དང་བཅངས་ནས་འགྲོ་སྲོལ་མང་། འབྲོག་མོ་རྣམས་ཀྱི་སྐྲ་ལ་སྤ་རིལ་མང་པོ་བརྒྱབ་ནས་ལྷས་མ་གཉིས་བསླས་ཏེ་དེ་ཐོག་ཏུ་གཡུ་བྱུར་སྤོས་ཤེལ་ལ་སོགས་པས་བརྒྱན་པ་དང་། མགུལ་ལ་གའུ་འདོགས་པ་བཅས་བྱེད།
མངའ་བདག་ཆེན་པོ་གསུམ་གྱི་གྱོན་ཆས་ནི་ཤིན་ཏུ་རྒྱས་སྤྲོས་ཆེན་པོ་ཡོད་ཅིང་། སྐུ་དྲག་ཕལ་ཆེ་བས་དར་གོས་ཆེན་པོ་དང་། སྲམ་ལྤགས། དབྱི་ལྤགས། ཝ་ལྤགས་བཅས་དང་དེ་བཞིན་ཕྱི་རྒྱལ་ནས་ཐོན་པའི་གོ་སྣམ་དང་ཐེར་མ་སོགས་གྱོན་པ་ཡིན། ལས་ཚན་རིགས་ཀྱི་གྱོན་ཆས་ལ་ཚོས་གཞི་དང་བཟོ་དབྱིབས་གང་ལའང་གནས་དང་རིམ་པའི་དབྱེ་བ་ཤིན་ཏུ་ནན་པོ་ཡོད་ཅིང་། སྡོམ་རྩིས་ལྟར་ན་ལས་ཚན་པའི་ཞྭ་མོ་ཁོ་ནར་སྣ་རིགས་སུམ་ཅུ་ལྷག་ཙམ་ཡོད། ཐ་ན་གདན་ཆས་དང་རྟ་ཆས་སོགས་ལའང་རིམ་པའི་དབྱེ་བ་ནན་པོ་ཡོད། སྐུ་དྲག་གི་བུད་མེད་ཚོའི་རྒྱན་གོས་ཐད་དང་དོད་ཤིན་ཏུ་ཆེན་པོ་ཡོད་ཀྱང་། སྤྱིར་བཏང་སོ་སོའི་ཁྱོ་བོའི་ལས་ཚན་གྱི་རིམ་པར་གཞི་བཅོལ་རྒྱུ་རེད། ཁོ་ཚོའི་སྤ་ཕྲུག་ལ་ཆ་བཞག་ན་མུ་ཏིག་དང་བྱི་རུའི་སྤ་ཕྲུག་རིགས་གཉིས་ཡོད་པས་མུ་ཏིག་གི་སྤ་ཕྲུག་ནི་ལས་ཚན་རིམ་པ་བཞི་པ་ཡན་གྱི་ལྕམ་ཆུང་ཚོས་གྱོན་པ་དང་། ལས་ཚན་དཀྱུས་མའི་བཟའ་ཟླས་བྱུ་རུའི་སྤ་ཕྲུག་གྱོན་པ་ཡིན། འོན་ཀྱང་གྱོན་འདོགས་མི་ཆོག་པའི་ཚད་ལས་མ་འགལ་ཚེ་སྐུ་དྲག་གི་ལྕམ་ཆུང་ཚོས་ལོ་གསར་དང་། དུས་ཆེན། གསོལ་སྟོན། རྟེན་འབྲེལ་གྱི་མཛད་སྒོ་སོགས་ལ་གསེར་དངུལ་དང་། གཡུ་བྱུར། མུ་ཏིག་ལ་སོགས་པའི་རིན་པོ་ཆེའི་རྒྱན་ཆ་སྣ་ཚོགས་ཀྱིས་བརྒྱན་པ་དཔེར་ན། ལྷ་ལྕམ་རེ་འགའི་རྒྱན་ཆ་ཆ་ཚང་གཅིག་ལ་སྒོར་ཁྲི་ཕྲག་གི་རིན་ཐང་གནས་པ་ཡིན།