བོད་ཀྱི་དེབ་ཐེར་ནང་བཀོད་པའི་རྒྱན་གོས་སྐོར་གྱི་གླེང་ཚུལ།

གླང་མདུན་དཔལ་འབྱོར་ནས།    ཁམས་པའི་ཚགས་པར་ལས་དྲངས།    2010-08-18

བོད་ཀྱི་དེབ་ཐེར་ནང་བཀོད་པའི་རྒྱན་གོས་སྐོར་གྱི་གླེང་ཚུལ།

སྤྱི་ལོ༡༧༣༣ལོར་བརྩམས་གྲུབ་པའི་《མི་དབང་རྟོགས་བརྗོད》ནང་དུ་མི་དབང་ཕོ་ལྷ་གཞོན་ནུའི་དུས་སུ་གཞིས་ཀ་རྩེར་པཎ་ཆེན་བློ་བཟང་ཡེ་ཤེས་མཇལ་བར་ཕེབས་སྐབས་སུ།གཞིས་རྩེར་རྫོང་དཔོན་དང་འབངས་རྣམས་ཀྱི་ཆ་ལུགས་ཞིབ་པར་བཀོད་པ་འདི་ལྟར་ཏེ།དེའི་དུས་ན་བསིལ་ལྡན་གྱི་ལྗོངས་འདིར་ཡང་སྐྱེ་དགུ་རྣམས་ཀྱིས་གནའ་བོའི་སྲོལ་བཟང་པོ་ནུབ་པ་མེད་པ་སྐྱོང་ནས།ཆས་ཀྱིས་མཛེས་ཤིང་ཁྲིམས་ཀྱིས་སྤ་བ་ཡིན་པས་རྒྱལ་པོའི་ཁབ་བསམ་གྲུབ་རྩེར་སྣེ་མོར་སྤྱོད་པའི་རྗེ་བོ་དག་ཀྱང་ཞྭ་བཟང་པོ་ཀ་ཤི་ཀའི་ལ་ཐོད་ཅན་ཨུཏཔལ་རབ་ཏུ་རྒྱས་པའི་རྫིང་བུའི་དབུས་སུ་བཞིན་རས་ཀྱི་ཟླ་བ་ཁྲུས་ལ་ཞུགས་པ་ལྟ་བུའི་རྣ་རྒྱན་འཆང་བ་བཻཌྰརྱ་ཁུ་རྒྱུན་གཙང་མ་རླུང་གིས་བསྐྱོད་པའི་གཉེར་རིས་སྙོམས་པར་ཁྱབ་པ་ལྟ་བུའི་གོས་བཟང་པོ་དང་ཐུན་མཚམས་ཀྱི་སྤྲིན་གསར་པ་དབང་པོའི་གཞུ་མཚར་པོས་དཀྲིགས་པ་དང་མཚུངས་ཀྱི་སྤྲིན་གསར་པ་དབང་པོའི་གཞུ་མཚར་པོས་དཀྲིགས་པ་དང་མཚུངས་པའི་སྟོད་གཡོགས་དང་།པད་མ་དམར་པོའི་སྐུད་པ་ཐགས་སུ་བྲན་པ་དང་འདྲ་བའི་རྔུལ་གཟན་མནབས་ཏེ་ཡ་རབས་དྲ་མའི་ཆས་ཀྱིས་མཛེས་པ་དང་།འབངས་རྣམས་ཀྱང་སྐྲ་དོ་ཀེར་དུ་བཅིངས་པ་དང་།སིལ་བུར་གྲོལ་བ་དང་།གོས་ཀྱི་སྟ་ཟུར་སུལ་བཞི་ཅན་དང་།གུར་གུམ་གཞོན་ནུའི་མེ་ཏོག་འབར་བ་ལྟ་བུའི་ཞྭ་བཟང་པོས་ཀླུབས་པར་བྱེད།ཅེས་བཀོད་ཡོད་པ་འདི་ནས་ལ་ཐོད་དང་གཤམ་ཐབས་ལྟ་བུའི་གོས་གཉིས་དེའི་སྐབས་ནས་གྱོན་སྲོལ་ཡོད་པ་མཚོན་ཞིང་།རྒན་རབས་ཚོའི་སྒྲོས་ལས་ད་ནས་ལོ་དགུ་བཅུ་ཙམ་གྱི་སྔ་རོལ་ན་ལྷ་སའི་མི་དྲག་གི་ཆུང་མ་རྣམས་ཀྱིས་གཟབ་བཞེས་སྐབས་གོས་ཞེས་པའི་གཤམ་ཐབས་གྱོན་སྲོལ་ཡོད་ཚོད་འདུག་ལ།ཉེ་ལམ་བར་རྒྱན་བཟང་མའི་གོས་ཞེས་པའི་གཤམ་ཐབས་གྱོན་མུས་རེད།ལ་ཐོད་མགོ་ལ་དཀྲི་རྒྱུ་དེ་དུས་འགོར་ཆེ་བས་སྟབས་མི་བདེ་བར་བརྟེན།ལ་ཐོད་ཀྱི་མཚོན་བྱེད་དུ་ཨར་ཀོང་གྱོན་ཏེ་རྗེས་སོར་གཞུང་ཞབས་ཀྱིས་བཞེས་པའི་རྒྱ་ལུ་ཆས་ཞེས་པར་འགྱུར་བར་སྣང་།
  ལོ་ངོ༡༧༠ལྷག་གི་སྔ་རོལ་ན་དགའ་བཞི་བའི་རིགས་རྒྱུད་རྡོ་རིང་བཀའ་བློན་བསྟན་འཛིན་དཔལ་འབྱོར་གྱིས་བརྩམས་པའི《དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ》ཞེས་བྱ་བའི་རྣམ་ཐར་དུ་རྡོ་རིང་བསྟན་འཛིན་དཔལ་འབྱོར་ལ་གཙང་ཡང་གཞིས་བཀྲ་ཤིས་རྩེ་བའི་བུ་མོ་རྣམ་རྒྱལ་སྒྲོལ་མ་བག་མར་ལེན་སྐབས་དེའི་བུད་མེད་ཀྱི་རྒྱན་གོས་ནི་གནའ་རབས་ཀྱི་དུས་ལས་རྣམ་གྲབས་ཆེས་ཆེར་མང་དུ་སོང་ཞིང་།སྐབས་དེའི་སྤྱི་ཚོགས་ཀྱི་དངོས་པོའི་ཐང་གཞིར་གཞིགས་ན་བུད་མེད་རྒྱན་ཆར་དངུལ་སྲང་སུམ་སྟོང་བརྒྱད་བརྒྱ་ལྔ་བཅུ་ང་བདུན་གྱི་གོང་ཟིན་པ་ནི་ཧ་ལས་དགོས་པའི་རིན་ཐང་ཡིན་པས་སྐབས་དེར་མི་དྲག་རྣམས་ཀྱིས་བུད་མེད་ཀྱི་རྒྱན་གོས་ལ་དང་ཞེན་ཆེན་པོ་བྱེད་པ་མཚོན་པ་རེད།འོན་ཀྱང་ཉེ་ལམ་ལོ་རབས་ལྔ་བཅུའི་ནང་སྐུ་དྲག་གི་ལྕམ་གྱི་རྒྱན་ཆ་ནི་བཟོ་དབྱིབས་ལ་འགྱུར་བ་ཆེན་པོ་བྱུང་ཡོད་པ་སྨོས་མེད་ཐོག་རིན་ཐང་ཧ་ཅང་ཆེ་བའི་རྡོ་རྗེ་ཕ་ལམ་དུ་མ་དང་།རིན་ཆེན་ཁྲ་ཡི་འཕྲུལ་འཕྲུལ་དང་།ཡང་འཐེན།རྣ་རྒྱན།གདུ་བུ།ཚིག་ཁེབས་སོགས་མཛེས་པར་བརྒྱན་ཏེ་རིན་ཐང་ཆེས་ཆེར་འཕར་བ་རེད།
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:གནའ་དུས་སྐུ་དྲག་རྣམས་ཀྱི་རྒྱན་གོས་དང་རྟ་རྒྱན།