གླིང་བྲོ་བདེ་ཆེན་རོལ་མོ།

སྐལ་བཟང་བསྟན་འཛིན་ནས།        2014-11-28

གླིང་བྲོ་བདེ་ཆེན་རོལ་མོ།

༄༅། །བསྟན་པའི་ཤིང་རྟ་ཆེན་པོ་ཀུན་གཟིགས་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་དག་སྣང་གི་ཆོས་སྡེ་ལས་བྱོན་པའི་རིགས་གསུམ་གཅིག་བསྡུས་གེ་སར་ནོར་བུ་དགྲ་འདུལ་གྱི་རྟོགས་བརྗོད་ལས་བརྩམས་པའི་གླིང་བྲོ་བདེ་ཆེན་རོལ་མོ་དང་། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་མཛད་པའི་ཟུར་འཇུག་བཅས་བཞུགས་སོ།།དེ་ཡང་རི་དགོན་བཀྲ་ཤིས་ཆོས་གླིང་གི་གླིང་བྲོ་བདེ་ཆེན་རོལ་མོའི་ལོ་རྒྱུས་བཤད་པ་ལ། དང་པོ་ལོ་རྒྱུས་སྤྱིར་བཤད་པ་དང་། གཉིས་པ་གླིང་བྲོ་དགོན་གནས་འདིར་ཇི་ལྟར་དར་བའི་ཚུལ་བཤད་པ། གསུམ་པ་འཁྲབ་སྟོན་ཇི་ལྟར་བྱ་བའི་ཚུལ་བཤད་པ། བཞི་པ་འཁྲབ་སྟོན་བྱས་པ་དང་མཇལ་བའི་ཕན་ཡོན་བཤད་པ། ལྔ་པ་ལོ་རྒྱུས་ཀྱི་རིན་ཐང་ལྡན་ཚུལ་བཤད་པ། དྲུག་པ་བྲོ་ཡི་ནང་དོན་སྤྱིར་བཤད་པ། བདུན་པ་བྲོ་སྣ་རེ་རེའི་ནང་དོན་དང་མིང་མཛད་པ་པོ་བཤད་པ། བརྒྱད་པ་བྲོ་ཚིག་བཅས་རྣམ་པ་བརྒྱད་དུ་བཤད་པ་ལས།
དང་པོ་ལོ་རྒྱུས་སྤྱིར་བཤད་པ་ནི་།
གླིང་བྲོ་ཞེས་ལོ་རྒྱུས་ཀྱིས་རབ་ཏུ་ཕྱུག་ཅིང་སྒྱུ་རྩལ་གྱི་ཉམས་འགྱུར་ཕུན་སུམ་ཚོགས་པའི་བྲོ་གར་འདི་ཉིད་ད་བར་མི་ལོ་དགུ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཞིང་དེའང་ཞིབ་པར་བཤད་ན། རྒྱལ་སྲས་རིགས་གསུམ་མགོན་པོའི་རྣམ་འཕྲུལ། སློབ་དཔོན་པདྨ་འབྱུང་གནས་ཀྱི་ཕྲིན་ལས་ཀྱི་རང་གཟུགས། མངའ་བདག་ཁྲི་སྲོང་སྡེའུ་བཙན་གྱི་སྐུའི་སྐྱེ་བ་དེ་མ་ཐག་པ། ཚངས་སྲས་དོན་འགྲུབ་དཀར་པོ་དེ་ཉིད་འཇིག་རྟེན་ཁམས་ཀྱི་གདུལ་བྱ་སྤྱི་དང་། ཁྱད་པར་དུའང་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་འཚེ་བའི་ལོག་སྨོན་དུས་སུ་སྨིན་པའི་ནག་ཕྱོགས་ཀྱི་གཟུགས་ཅན་གཟུགས་མེད་གང་དག་ཞི་བས་མི་ཐུལ་བའི་རིགས་རྣམས་མངོན་སྤྱོད་དྲག་པོས་ཚར་གཅོད་ཅིང་འདུལ་བའི་ཕྱིར། སྟེང་གོང་མ་ལྷ་ཡི་ཕོ་བྲང་ནས་འཇིག་རྟེན་མི་ཡུལ་དུ་རུས་ཡབ་སྨུག་པོ་གདུང་ལས་ཆད་པའི་སེང་བློན་དང་། ཡུམ་ཀླུ་གཙུག་ན་རིན་ཆེན་གྱི་སྲས་མོ་ཡ་ག་མཛེས་ལྡན་ནམ་འགོག་བཟའ་ལྷ་མོ་གཉིས་ཀྱི་སྲས་སུ་སྤྱི་ལོ་  ༡༠༣༨ རབ་བྱུང་དང་པོའི་ས་ཕོ་སྟག་གི་ལོའི་རྒྱལ་ཟླ་བའི་ཚེས་ ༡༥ ཉིན་བོད་ཆེན་པོའི་ལྗོངས། ཤར་མདོ་ཁམས་ས་ཡི་ཐིག་ལེ། ཁྲ་མོ་གླིང་དཀར་སྟོད་ཀྱི་ས་ཆ། རྫ་འབྲུ་ཆུ་ཡི་བར་ཁམས། སྐྱིད་སོས་ཡག་གི་སུམ་མདོ་རུ་ངོ་མཚར་བསམ་གྱིས་མི་ཁྱབ་པའི་ལྟས་དང་བཅས་ཏེ་སྐུ་འཁྲུངས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་འཛམ་བུ་གླིང་གི་སྐྱེས་མཆོག་གེ་སར་ནོར་བུ་དགྲ་འདུལ་ཞེས་པའི་མཚན་གསོལ། །དགུང་ལོ་དྲུག་གི་བར་སྦས་ཚུལ་དང་རྫུ་འཕྲུལ་བརྟུལ་ཞུགས་ཀྱི་སྤྱོད་པ་ཁོ་ནས་འགྲོ་དོན་མཛད། སྤྱི་ལོ་ ༡༠༤༩ ས་མོ་གླང་གི་ལོའི་དབྱར་ཟླ་ར་བའི་ཚེས་ ༡༥ ཉིན་གླིང་དཀར་པོའི་རྟ་རྒྱུག་གི་རྒྱལ་ཁ་བཞེས་ཏེ་ཤར་མདོ་ཁམས་ཚོ་དྲུག་གླིང་གི་སྤྱི་རྗེར་མངའ་གསོལ་ཞུས། དགུང་གྲངས་བཅོ་ལྔའི་ཐོག་ཏུ་ཕེབས་པ་སྤྱི་ལོ་ ༡༠༥༢ ཆུ་ཕོ་འབྲུག་གི་ལོར་རྩ་གསུམ་ལྷ་དང་ཌཱཀྐིས་ཐུགས་རྒྱུད་བསྐུལ་བ་ལས་བྱང་བདུད་ཀླུ་བཙན་འདུལ་བར་ཕེབས་ཏེ་ཞག་པོ་དགུ་བཅུ་གོ་དགུའི་ཐོག་བདུད་རྗེ་བཏུལ་ཞིང་བདུད་ཡུལ་ཆོས་ལ་བསྒྱུར། དེ་ནས་བཟུང་ཧོར་དང་འཇང་། ཤིང་ཁྲི། སྟག་གཟིག་སོགས་བདུད་ཀྱི་སྡེ་ཆེན་པོ་བཞིའི་གཙོས་པའི་རྫོང་ཆེན་བཅོ་བརྒྱད་དང་། རྫོང་ཕྲན་བཅུ་གཉིས་རྣམས་ཆམ་ལ་ཕབས། སངས་རྒྱས་ཀྱི་བསྟན་པ་འཛམ་གླིང་མཐའ་དབུས་ཀུན་ཏུ་ཁྱབ་བརྡལ་དུ་སྤེལ་ཞིང་དཀར་ཕྱོགས་ཀྱི་དབུ་འཕང་དགུང་ལ་བསྟོད། སྐུ་ཚེའི་སྨད་ལ་འཇིག་རྟེན་ཁམས་ཀྱི་གདུལ་བྱའི་ཁམས་དབང་དང་མཐུན་པར་ངེས་དོན་རྫོགས་པ་ཆེན་པོའི་ཆོས་འཁོར་བླ་ན་མེད་པ་བསྐོར་ཏེ་འགྲོ་ཁམས་དོང་སྤྲུགས་ཀྱི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ་བའི་ངང་ནས་དགུང་གྲངས་གྱ་བརྒྱད་ལ་ཕེབས་པ་སྤྱི་ལོ་ ༡༡༢༥ ཤིང་མོ་སྦྲུལ་གྱི་ལོར་ངོ་མཚར་བའི་ལྟས་བསམ་གྱི་མི་ཁྱབ་པ་དང་བཅས་ཏེ་འཇའ་ལུས་ཆོས་སྐུའི་གོ་འཕང་མངོན་དུ་བརྙེས་པར་མཛད་པ་དང་། བློན་འཁོར་དཔའ་རྟུལ་རྣམས་ཀྱང་འཕགས་ཆེན་གྱི་ས་ལ་བཞུགས་པའི་རྒྱ་གར་གྲུབ་ཆེན་བརྒྱད་བཅུའི་རྣམ་འཕྲུལ་ཤ་སྟག་ཡིན་པས་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་མཐར་ཕྱིན་ནས་སྔ་ཕྱི་ཅུང་ཟད་ཙམ་ལས་ཐམས་ཅད་འཇའ་ལུས་ཆོས་ཀྱི་སྐུའི་ས་ལ་གཤེགས་ཤིང་། སྤྲུལ་པ་སྣ་ཚོགས་པས་སྐུ་གསུམ་གྱི་ཞིང་ཁམས་རྣམས་སུ་སླར་ཡང་འགྲོ་བའི་དོན་རྒྱ་ཆེར་མཛད་བཞིན་པའོ། དེ་ལྟར་ལོ་རྒྱུས་དང་རྗེས་སུ་འབྲེལ་བའི་གླིང་བྲོ་བདེ་ཆེན་རོལ་མོ་འདི་ཡང་། ཕྱི་སྙན་ངག་གི་ཉམས་འགྱུར། ནང་བྱིན་རླབས་ཀྱི་དྲོད་ཚད། གསང་བ་མདོ་སྔགས་ཀྱི་དགོངས་སྤྱོད་ཡོངས་སུ་རྫོགས་པའི་གླུ་བྲོ་ངོ་མཚར་ཅན་ཞིག་སྟེ།འདི་ཡི་ཚིག་དང་གར་གྱི་སྟངས་སྟབས་སོགས་ནི་དེ་ཡང་རྟ་རྒྱུག་ནོར་བུ་ཆ་བདུན་ལས་ཇོ་རུས་གླིང་དཀར་རྟ་རྒྱུག་གི་རྒྱལ་ཁ་བཞེས་ཏེ་གསེར་ཁྲིའི་སྟེང་དུ་ཕེབས་པ་དང་མཉམ་དུ་སྐུ་མཚན་པའི་གཟི་འོད་འབར་བའི་རྣམ་པ་ཇི་ལྟ་བ་སྣང་བར་མཛད་དེ་ལྷ་འབངས་གླིང་སྡེ་དཀར་པོ་ལ་བཀའ་གླུ་ཁྲོམས་ཆེན་ཟིལ་གནོན་བརྩལ་བའི་མཇུག་ཏུ་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས་རྟེན་འབྲེལ་སྨོན་ལམ་གྱི་གླུ་ཞུས་ཕུལ་བའི་ནང་། ཉི་མ་དེ་རིང་ནས་བཟུང་སྟེ། གླིང་དཀར་པོའི་བསམ་པ་འགྲུབ་པ་ཡིན། །དགའ་བའི་གླུ་དབྱངས་ལེན་རྒྱུ་བྱོས། །སྐྱིད་པའི་བྲོ་གར་འཁྲབ་རྒྱུ་བྱོས། འདིར་ཚོགས་ཐུགས་ལ་དེ་ལྟར་ཞོག །ཅེས་དང་དེའི་གཤམས་དུ་དེ་ནས་ཉི་བཅུ་གསུམ་གྱི་བར་དུ་གླུ་བྲོ་བདེ་དགའི་ངང་དུ་བཞུགས་ཞེས་དང་། །གཞན་ཡང་ཧོར་བདུད་མོན་འཇང་གི་གཙོས་པའི་རྫོང་ཆེན་བཅོ་བརྒྱད་དང་རྫོང་ཕྲན་བཅུ་གཉིས་ཐམས་ཅད་ཆམ་ལ་ཕབས་པའི་མཇུག་ཏུ་གཡུལ་ལས་རྣམ་པར་རྒྱལ་བའི་དགའ་སྟོན་གླུ་ལེན་བྲོ་བརྡུང་དང་རྟ་རྒྱུ་མདའ་འཕེན་བྱེད་གསོལ་ཡོད་པ་ལྟར། བདེ་ཆེན་རོལ་མོ་འདི་ཉིད་གླིང་གི་དུས་རབས་ནས་དབུ་བརྙེས་ཤིང་། ད་བར་གླིང་དཀར་པོའི་མཛད་རྗེས་གྱི་ལོ་རྒྱུས་དང་ངག་གི་དབྱངས་རྟ་བསྟོད་སྔགས་བྲོ་གར་བཅས་ནི་ཁ་བའི་ལྗོངས་འདིར་མི་རབས་ནས་མི་རབས་ལ་རྒྱུད་དེ་ཆུ་རྒྱུན་བཞིན་བར་མ་ཆད་པར་བཞུར་བཞིན་པའི་བྲོ་གར་ཞིག་གོ །འདི་ནི་རྗེ་བཙུན་འཇམ་པའི་དབྱངས་བསམ་བཞིན་མིའི་རྣམ་པར་རོལ་པ་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱིས་དགོངས་པའི་གཏེར་མཛོད་ལས་བྱུང་བ་འམ་ཡང་ན་ཕྱོགས་བསྒྲིགས་མཛད་པ་ཞིག་ཡིན་ལ། ཁོང་གི་སྐུ་རིང་ལ་རྫོགས་ཆེན་དགོན་དང་། སྡེ་དགེ་གླིང་ཚང་། སོགས་སུ་འཁྲབ་སྟོན་བྱས་པར་གྲགས། རྗེས་སུ་རྒྱལ་ཚབ་རྭ་སྒྲེང་སྐུ་ཕྲེང་ལྔ་པ་ཐུབ་བསྟན་འཇམ་དཔལ་མཆོག་གིས་  རྭ་སྒྲེང་དགོན་དུ་གླིང་བྲོ་གསར་དུ་བཙུགས་ནས་འཁྲབ་སྟོན་བྱས་ཤིང་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ཟུར་གསལ་གྱི་ཚིག་དང་སྟངས་སྟབས་ཀུན་ཚང་བའི་བྲོ་སྣ་འགའ་ཞིག་གསར་དུ་བསྣན་པས་ཆེས་ཕུན་སུམ་ཚོགས་པ་ཞིག་རྭ་སྒྲེང་དགོན་དུ་རྒྱ་ཆེར་དར་རོ།

གླིང་བྲོ་བདེ་ཆེན་རོལ་མོ།
 

གཉིས་པ་དགོན་གནས་འདིར་ཇི་ལྟར་དར་བའི་ཚུལ་བཤད་པ།
སྤྱི་ལོ་ ༡༩༣༥ གཡས་གཡོན་ཙམ་ལ་དགོན་གནས་འདིར་གླིང་བྲོ་བདེ་ཆེན་རོལ་མོ་འཁྲབ་སྟོན་བྱས་ཤིང་། དེ་ཡང་རི་བླའི་གདུང་རབ་བཞི་པ་འཇིགས་མེད་ཚེ་དབང་མཆོག་གྲུབ་ཀྱི་སྲས་མོ་བཀྲ་ཤིས་དཔལ་མོ་ཟུར་ཁང་དབང་ཆེན་ཚེ་བརྟན་གྱི་ལྕམ་བྱས་སྐབས་ཟུར་ཁང་གྱིས་དགོན་གནས་འདིར་ཕྱི་གཙུགས་ལག་ཁང་དང་ནང་སྐུ་གསུང་ཐུགས་རྟེན་སོགས་གསར་བཞེངས་དང་རྒྱ་སྐྱེད་བཅས་གང་སའི་ཐད་རོགས་སྐྱོར་གང་མང་གནང་བ་དང་། གླིང་བྲོ་ཡང་དེའི་སྐབས་སུ་དབུ་ཚུགས་ཤིང་། རྭ་སྒྲེང་རིན་པོ་ཆེའི་དབུ་བླ་ཞིང་སྒྲུབ་རིན་པོ་ཆེའི་སྐུ་མཆེད་སྟག་གསར་ཚང་བྲོ་དཔོན་ནོར་བཟང་གིས་རྭ་སྒྲེང་སྐུ་དུས་བྲོ་དཔོན་མཛད། སྐབས་དེར་བྲོ་པ་ཚེ་རིང་རྡོ་རྗེ་ཟུར་གང་གི་ཕྱག་གཡོག་བྱས་ནས་དགོན་འདིར་ཕེབས་སྐབས་དགོན་གནས་འདིའི་གྲྭ་པ་དང་བཙུན་མ་དམངས་ཚོགས་རྣམས་ལ་སླབས་ཏེ་ལོ་དུ་མའི་རིང་ལ་རྒྱ་ཆེར་དར་འོན་ཀྱང་དུས་བབ་ཟང་ཟིང་གིས་རྐྱེན་པས་གླིང་བྲོ་དེ་ཡང་རེ་ཞིག་མི་མངོན་པར་གྱུར་ཏོ། དེ་རྗེས་ཏང་གི་སྲིད་ཇུས་བཟང་པོ་དང་དུས་བཟང་གི་སྐྱ་རེང་དང་ལྷན་དུ་དགོན་གནས་འདིར་ཉིད་ཉམས་གསོ་བྱུང་བ་དང་། སྤྱི་ལོ་ ༡༩༨༧ ལོར་རྒྱ་གར་དུ་བཞུགས་པའི་རི་བླ་སྟོན་འཁོར་རྣམས་བོད་ལ་གཞེས་སྐོར་དུ་ཕེབས་སྐབས་ཕྱི་ནང་གཉིས་ལ་བཞུགས་པའི་བྲོ་པ་རྒན་གྲས་རྣམས་ཀྱིས་འདི་ཕྱོགས་གྲྭ་བཙུན་ཇོ་མོ་ཡུལ་མི་རྣམས་ལ་སྦྱོང་བརྡར་བྱས་ཏེ་སླར་ཡང་གླིང་བྲོ་བདེ་ཆེན་རོལ་མོའི་འཁྲབ་སྟོན་གྱི་དབུ་ཚུགས་ཞིང་ལོ་རྒྱུས་ཀྱི་ལེའུ་གསར་དུ་བསྐྲུན་ནས་གོ་ལའི་ལྗོངས་འདིར་གླིང་གི་དབྱངས་རྟ་སྙན་མོའི་འགྱུར་ཁུག་དང་། བྲོ་གར་གྱི་ལྡོག་སྒྲ་འགྲིགས་མོའི་གཟི་བརྗིད་ཀྱིས་གཟིགས་མོ་བའི་ཡིད་སེམས་འཕྲོག་ཅིང་གླིང་གི་དུས་རབས་ལ་དྲན་གསོ་ཞུ་རུ་འཇུག་གི་ཡོད། བྲོ་གར་འདི་ཉིད་ཀྱི་ཚིག་དང་སྟངས་སྟབས་ཚང་མ་མི་ཕམ་རིན་པོ་ཆེ་དང་རྭ་སྒྲེང་མཆོག་གིས་རྡོ་རྗེའི་ཚིག་ལ་བཟོ་བཅོས་བསྲེ་བསླད་བྲལ་ཞིང་ཡོངས་སུ་ཚང་བ་ཞིག་གོ།
གསུམ་པ་འཁྲབ་སྟོན་ཇི་ལྟར་བྱ་བའི་ཚུལ་བཤད་པ།
      ཡང་ཤིང་རྒྱ་ཆེ་བའི་སྤང་ལྗོངས་ལ་དཀར་དམར་མེ་ཏོག་ཀྱི་ཁྲ་ཚོམ་བཀོད་པ་ལྟ་བུའི་སྟེང་དུ་གངས་དཀར་རི་བོ་ལ་འདྲེན་པའི་གུར་ཆེ་ཆུང་སྣ་ཚོགས་པ་ནམ་མཁའི་སྐར་ཚོགས་ལ་འདྲེན་པ་ལྟ་བུ་གྲངས་མང་ཞིག་ཕུབ་སྟེ། བྲོ་མ་བརྡུང་བའི་སྔོན་དུ་ཉིན་འགའ་ལ་གེ་སར་གྱི་དཀྱིལ་འཁོར་གཤམ་བཀོད་བྱས་ཏེ་བླ་གྲྭ་རྣམས་ཀྱི་གེ་སར་གྱི་ཆོ་ག་དང་བསང་གསོལ་སོགས་བྱེད་དགོས། དངོས་གཞི་བྲོ་ལ་ཡང་བརྡུང་མཁན་ཀྱང་སྐྱ་སེར་གང་ཡོད་ཆོག །གྲངས་ཀྱང་བུ་བཞི་དང་བུ་མོ་བཞི་ཡང་ན་བཅུ་དྲུག་བཅུ་དྲུག་སོགས་རྟེན་འབྲེལ་ཆེ་བར་བཤད་པ་དང་དེ་ལས་མང་བར་བྱུང་ན་བཟང་བར་བཤད་པས། དགོན་འདིར་བརྡུང་སྐབས་བུ་སུམ་བཅུ་ནས་བཞི་བཅུ་བར་དང་བུ་མོ་དེ་མཚུངས་ཡོད། བྲོ་པའི་རྒྱན་ཆ་ལ། ཁྲབ་རྨོག་དང་ མདའ་མདུང་ རལ་གྲི་ ཕྱིང་ཞྭ། བཅས་དང་། རིགས་ལྔ་ ཐོར་གཙུག བ་དན་ ཕུབ་མདའ་དར་ རྔ་ཆུང་སོགས་དགོས། བོད་ལུགས་ཀྱི་གྱོན་ཆས་རྒྱན་ཆ་གང་ཡོད་ཀྱིས་བརྒྱན་ཆོག །བརྡུང་བའི་སྐབས་རོལ་འཆམ་དང་དབྱངས་འཆམ་གཉིས་སུ་ཡོད། རོལ་འཆམས་ནི་ལྡོག་བྲོ་སྟང་སྟབས་སོགས་རོལ་མོ་དང་བསྟུན་ནས་བརྡུང་བ་དང་། དབྱངས་འཆམས་ནི་བུ་དང་བུ་མོ་རེས་མོས་ཀྱིས་ངག་གི་བྲོ་ཚིག་དབྱངས་སུ་གྱེར་ཏེ་ལུས་ཀྱི་གར་སྟབས་ངག་གི་དབྱངས་རྟ་ལ་བརྟེན་ཏེ་བརྡུང་དགོས། རོལ་དབྱངས་དཀྲོལ་མཁན་ཟུར་དུ་འདུག་ཏེ་སྦུབ་ཆལ་དང་རྔ་ རྒྱག་གླིང་། དུང་ཆེན་ དུང་དཀར་ སོགས་བོད་རྒྱུད་ནང་བསྟན་གྱི་མཆོད་རོལ་ཚང་མ་འབུད་བརྡུང་དཀྲོལ་གསུམ་བྱེད་དགོས། བྲོ་འདི་ལ་ཡང་གླིང་གི་དཔའ་བརྟུལ་སོ་སོའི་མིང་འདོད་དང་ཚབ་མེད། གང་ཡིན་ཟེར་ན་བྲོ་འདི་དང་པོའི་ལོ་རྒྱུས་ནས་བྲོ་བརྡུང་མཁན་མང་ཆེ་བ་དཔའ་བོ་མཁའ་འགྲོ་རྣམས་དང་གླིང་གི་འབངས་སྡེ་སོགས་ཀྱིས་བརྡུང་ཤིང་། བྲོ་མཆོད་ཡུལ་གེ་སར་གཙོས་པའི་དཔའ་བརྟུལ་རྣམས་ཡིན་པར་སེམས་སོ།

 གླིང་བྲོ་བདེ་ཆེན་རོལ་མོ།
 

བཞི་པ་འཁྲབ་སྟོན་བྱས་པ་དང་མཇལ་བའི་ཕན་ཡོན་བཤད་པ།
༈  འདི་ཉིད་འཁྲབ་སྟོན་བྱས་པ་དང་འཇལ་ཞིང་འབྲེལ་བ་ཐོབ་པའི་ཕན་ཡོན་ནི། མི་ཕམ་རིན་པོ་ཆེས། བྲོ་ཡི་དགའ་སྟོན་འདིར་འབྲེལ་བར། །ལྟད་མོ་རྣམ་པ་སྣ་ཚོགས་བྱ། །འདུས་པ་རྣམས་ཀྱིས་སེང་ཆེན་རྗེ། །དྲན་པས་གསོལ་འདེབས་དབྱངས་སྙན་བསྒྲགས། །དེས་ནི་གནས་སྐབས་དགའ་བ་དང་། །ཡུན་དུ་ཆོས་སྲིད་ལེགས་ཚོགས་འཕེལ། །རྟེན་འབྲེལ་བཟང་པོའི་སྒོ་འཕར་དབྱེ། །བཀྲ་ཤིས་དོན་འགྲུབ་ཕྱོགས་ལས་རྒྱལ། །ཅེས་གསུངས་པ་དང་མ་ཚད་སྔ་ཕྱིའི་བསྟན་འཛིན་གྱི་སྐྱེས་ཆེན་དུ་མས་དུས་ཀྱི་རྒུད་པ་སེལ་བྱེད་དུ་ཡོངས་སུ་བསྔགས་ཤིང་འཛམ་གླིང་སྤྱི་དང་ཁྱད་པར་གངས་རིའི་ལྗོངས་འདིར་ནད་མུག་འཁྲུག་རྩོད་སོགས་དུས་ཀྱི་མི་མཐུན་པའི་རྒུད་པ་རྣམས་ཞི་བ་དང་། བྱེ་བྲག་སོ་སོའི་ཡུལ་དུ་མི་ནད་ཕྱུག་ནད་རྣམས་མི་འབྱུང་ཞིང་ཆར་ཆུ་དུས་སུ་འབེབས་པ་དང་། ལོ་ཕྱུག་རྟག་ཏུ་ལེགས་ཤིང་དགའ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་ནས་མདོར་ན་གནས་སྐབས་དང་། མཐར་ཐུག་གི་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་འཕེལ་བའི་རྟེན་འབྲེལ་རྨད་དུ་བྱུང་བ་ཞིག་ཡིན་པར་གསུངས། འཁྲབ་སྟོན་པ་དང་གཟིགས་མོ་བ་རྣམས་ཀྱིས་དད་པ་དང་མོས་གུས་ཀྱི་སྒོ་ནས་རྟེན་འབྲེལ་བྲོ་ཡི་དགའ་སྟོན་ལ་ལོངས་སུ་སྤྱོད་པར་བྱ་ཞིང་དེ་ལྟར་བྱས་ན་རང་གི་ལུས་ངག་ཡིད་གསུམ་ལ་སེང་ཆེན་དགྲ་བླ་ཝེར་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་ཅིང་དེའི་རྟགས་སུ་ལུས་ཀྱི་གཟི་མདངས་རྒྱས། ངག་གི་དབྱངས་སྙན། ཡིད་ལ་བདེ་སྟོང་གི་ཏིང་འཛིན་འཆར་ཞིང་ཕྱི་ནང་གི་རྐྱེན་གེགས་བར་ཆད་ཐམས་ཅད་ཞི་བ་དང་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་ནས་ཡུལ་དུས་གནས་སྐབས་ཀུན་ཏུའང་བཀྲ་ཤིས་ཤིང་དཔལ་ཡོན་ཕུན་སུམ་ཚོགས་པ་སོགས་ཕན་ཡོན་དཔག་ཏུ་མེད་དོ། 
ལྔ་པ་ལོ་རྒྱུས་ཀྱི་རིང་ཐང་ཇི་ལྟར་ལྡན་མིང་དང་།
      འདི་ཉིད་རིན་ཐང་ཕུན་སུམ་ཚོགས་པའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཁྲོད་ནས་ཕུལ་དུ་བྱུང་བའི་སྒྱུ་རྩལ་ཞིག་སྟེ། གེ་སར་ནི་གནའ་བོའི་དུས་རབས་བོད་དུ་བྱོན་པའི་ཆེས་སྟོབས་འབྱོར་དང་ མངའ་ཐང་ མཛད་པ་ སྙན་གྲགས་སོགས་ཆེ་བའི་རྒྱལ་པོ་ཆེན་པོ་ཡིན་ལ་ཐུན་མོངས་མ་ཡིན་པའི་ལོ་རྒྱུས་དང་རྣམ་ཐར་མང་བའི་དཔའ་བོ་ཞིག་ཡིན། གེ་སར་གྱི་སྒྲུང་རྩོམ་རིང་མོ་ནི་ངེད་ཅག་ཁ་བའི་ལྗོངས་འདིར་མ་ཟད་འཛམ་གླིང་ཡོངས་ལ་སྙན་གྲགས་ཀྱི་ཁྱབས་ཡོད་པས་ལོ་རྒྱུས་ཀྱི་མི་སྣ་ཁྱད་པར་ཅན་དང་། གེ་སར་དུས་རབས་ད་ནས་བརྩིས་ན་ལོ་ངོ་ཆིག་སྟོང་མ་ཟིན་ཙམ་ཡིན་པས་ ལོ་རྒྱུས་ཡུན་རིང་ལྡན་པའི་ཁྱད་ཆོས་དང་། བྲོ་འདི་ལ་གནའ་བོའི་རྒྱུ་རྩལ་གྱི་བྲོ་བ་ མ་ཉམས་པར་ཡོད་པས་རྒྱུ་རྩལ་གྱི་ཉམས་འགྱུར་ལྡན་པའི་ཁྱད་ཆོས་དང་། བྲོ་འདི་ཉིད་ཆོས་ལུགས་ཀྱི་རང་བཞིན་དང་དམངས་ཚོགས་ཀྱི་རང་བཞིན་གཉིས་ཆར་ལྡན་པ་ཡིན་ཏེ་སྔོན་ལ་གྲྭ་བཙུན་དང་ཇོ་མོ་དམངས་ཚོགས་སུ་ཡིན་རུང་གེ་སར་གྱི་དབང་ལུང་ཡོད་དགོས་པ་དང་བརྡུང་མཁན་སེར་སྐྱ་ཚང་མས་བརྡུང་བ་སོགས་ཆོས་ལུགས་དང་དམངས་ཚོགས་གཉིས་ཀྱི་ཆད་ཆོས། བྲོ་གར་འདི་ཉིད་ངེད་རི་པ་དགོན་ལས་གཞན་ན་མེད་པའི་ཆད་ཆོས་སོགས། དེངས་སྐབས་ཁ་བའི་ལྗོངས་འདིར་དངོས་པོ་མ་ཡིན་པའི་རིག་གནས་སྒྱུ་རྩལ་འདི་ཉིད་ངེད་དགོན་པས་ད་བར་རྒྱུད་འཛིན་དང་འཁྲབ་སྟོན་ཞུ་བཞིན་པའོ།
དྲུག་པ། དེངས་དུས་སྤྱི་ཚོགས་ལ་བག་ཆགས་ཇི་ཙམ་བཞགས་ཡོད་མེད་བཤད་པ། འདི་ཉིད་      འཁྲབ་སྟོན་བྱས་པའི་དུས་སྐབས་ལོ་ལྟར་ལྔ་པའི་ཚེས་བཅུ་དང་བཅུ་གཅིག་ཡིན་པས་དམངས་ཚོགས་ཀྱི་དབྱར་རྩ་དགུན་འབུ་སྐོ་འཚམས་བཞགས་མ་ཐག་ཡིན་སྟབས། འདི་ཡི་སྐབས་དང་སྔོན་རྗེས་སུ་ཉིན་འགའ་ཡི་རིང་ལ་ཕྱོགས་བཞི་འཚམས་བརྒྱད་ཀྱི་ཚོང་པ་དང་དམངས་ཚོགས་རྣམས་འཛོམས་ནས་རྒྱུན་སྤྱོད་ཚོང་ཟོག་དང་། མི་རིགས་ཀྱི་རྒྱན་གོས། ཞིང་ལས་དང་འབྲོག་ལས་ཀྱི་ཡོ་བྱེད་། ཡུལ་འདིའི་ཆད་རྫས་དབྱར་རྩ་དགུན་འབུ་དང་འབྲོག་ལས་ཐོན་སྐྱེད་ སྨན་རྩྭ་རྩ་ཆེན་གཞན་ཡང་དངོས་པོའི་རིགས་སྣ་ཚོགས་པ་བཅས་སྐབས་འདིར་ཕྱིར་གཙོང་ནང་འདྲེན་བྱེད་པས། དྲ་རྒྱས་ཕུན་སུམ་ཚོགས་པའི་ཚོང་ར་ཆེན་པོ་ཞིག་ཏུ་འགྱུར་འགྲོ། དེར་རྟེན་ཕྱོགས་ནས་ཡོང་བའི་ཚོང་བ་རྣམས་ལ་ཚོང་ཀྱི་རྒྱལ་ཁ་ཐོབ་ལ་དམངས་ཚོགས་རྣམས་ཐག་རིང་དུ་འགྲོ་མི་དགོས་པར་འཁོ་དགོས་ཀྱི་ཡོ་བྱེད་ཚང་མ་ཉོ་ཐུབ་པའི་དུས་བཟང་ཞིག་ཏུ་འགྱུར། གླིང་བྲོའི་དུས་ཆེན་འདི་ཡིས་ཕྱོགས་གཅིག་ནས་རིགས་གནས་རྒྱུན་འཛིན་ཐུབ་པ་དང་ཕྱོགས་གཅིག་ནས་དམངས་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་དང་སྟབས་བདེ་བཀྲུན་ཐུབ་ཀྱི་ཡོད། གླིང་བྲོའི་དུས་ཆེན་འདི་ལ་དམངས་ཚོགས་ཀུན་གྱི་དགའ་བསུ་འདེངས་འཇོག་ཆེན་པོ་བྱེད་ཀྱི་ཡོད་།
༢༠༠༣ལོར་རི་བོ་ཆེའི་རྫོང་གི་ཆེས་ཆེ་བའི་་དམངས་གསོལ་དུས་ཆེན་སྒྲུབ་མཆོད་སྐབས་རིག་རྩལ་འཁྲབ་སྟོན་དུ་སྲིད་གཞུང་གི་བཀོད་སྒྲིག་ལྟར་བྲོ་སྣ་ཁ་ཤས་འཁྲབ་སྟོན་བྱས་པས་དམངས་ཀྱི་དགའ་བསུ་དང་འཁྲབ་སྟོན་གྱི་བྱ་དགའ་ཨང་དང་པོའི་ཐོབ།
སྤྱི་ལོར་ ༢༠༡༣ ལོར་རང་སྐྱོངས་ལྗོངས་རིམ་པའི་དངོས་མེད་རིག་གནས་ཤུལ་བཞགས་ཀྱི་གྲལ་དུ་ཚུད་པ་དང་། ལོ་དེར་ཁམ་པའི་རིག་གནས་རྒྱུ་རྩལ་ཆབ་མདོ་རུ་འཚོགས་སྐབས་རི་བོ་ཆེ་རྫོང་གི་བཀོད་སྒྲིག་ལྟར་གླིང་བྲོའི་བྲོ་སྣ་ཕྱོགས་བསྡུ་ཞིག་འཁྲབ་པས་དམངས་ཚོགས་ཀྱི་དགའ་བསུ་དང་བསྟོད་བསྔགས་ཚད་མེད་ཞིག་ཐོབ་བོ།
དྲུག་པ་བྲོ་ཚིག་གི་ནང་དོན་སྤྱིར་བཤད་པ།
བྲོ་ཚིག་གི་ནང་དོན་རྒྱས་པ་འོག་གི་བྲོ་ཚིག་དངོས་ཡིན་ཞིང་། མདོར་བསྡུས་བཤད་ན་རྩ་བ་གསུམ་དང་གེ་སར་སྐུ་འཁོར་དགྲ་བླ་ཝེར་མའི་ཚོགས་ཀྱི་སྐུ་གསུང་ཐུགས་ཡོན་རྟན་ཕྲིན་ལས་རྣམ་ཐར་ལ་གསོལ་བ་འདེབས་པ་དང་མཆོད་པ་དང་བསྟོད་པ་དེ་བཞིན་གེ་སར་ཁོང་གི་ཕུལ་དུ་བྱུང་བའི་མཛད་པ་ཕྲིན་ལས་དང་རྨད་དུ་བྱུང་བའི་རྣམ་ཐར་སོགས་ཀྱི་ཆེ་བ་སྙན་ངག་གི་ལྡེབ་སྦྱོར་ལ་དྲང་ནས་བརྗོད་པས་དང། འཛམ་གླིང་མཐའ་གྲུ་ཀུན་ཏུ་དམ་ཆོས་འོད་སྣང་དཀར་པོའི་ཁྱབ་ཅིང་། འཚེ་མེད་ཞི་བདེའི་དཔལ་གྱི་འཚོ་ནས་བདག་གཞན་ཀུན་ལ་གནས་སྐབས་འམ་ཚེ་འདིར་ཚེ་དང་། གཡང་དང་། ནོར་སོགས་འདོད་དགུའི་དངོས་སྒྲུབ་སྩོལ་བར་སྨོན་པ་དང་། མཐར་ཐུགས་རང་བཞིན་རྫོགས་པ་ཆེན་པོའི་གནད་ལུགས་མངོན་དུ་གྱུར་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སྨོན་པ་སོགས། སྙན་ངག་གི་ཉམས་འགྱུར་ལྡན་པའི་བྲོ་ཚིག་ལ་སྙན་མོ་དབྱངས་ཀྱི་འགྱུར་ཁུག་གི་རྟ་ལ་དྲངས་ཏེ་ལུས་གར་གྱི་སྟངས་སྟབས་ཀྱིེས་གཟིགས་བོ་བ་རྣམས་ཀྱིས་ཡིད་སེམས་དབང་མེད་དུ་འཕྲོག་པ་དེའོ།
 
  • ལེ་ཚན་སྔོན་མ།:བྱང་ཐང་གི་བྲོ་གཞས།
  • ལེ་ཚན་རྗེས་མ།:གླུ་གར་བང་མཛོད་ཀྱི་ནོར་བུ་སྟེ་གླིང་བྲོ།