ཁམས་ཉག་རོང་དང་སྐོར་བྲོ།

        2013-04-01

ཁམས་ཉག་རོང་དང་སྐོར་བྲོ།
 

བོད་གངས་ཅན་གྱི་གདུང་རྒྱུད་བསྙོན་དུ་མེད་པའི་ཉག་ཨ་རྫི་རོང་ཞེས་མིང་དུ་གྲགས་པ་འདི་ནི།དབྱིབས་དང་ཁ་དོག་གྲངས་སོགས་སྒོ་མང་ལ་འཇུག་མོད།འདིར་སྒྲ་ཟུར་ཆགས་པ་སྟེ་ནགས་རོང་ཞེས་པ་ཉག་རོང་དུ་བརྗོད་པ་རེད་ཅེས་བཤད་ཅིང་།ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་ནགས་རོང་གི་མི་རྣམས་རྟ་པ་རྣ་བ་ལ་གསེར་དང་དངུལ་ཟངས་རག་སོགས་ཀྱི་ཨ་ལོང་ཆེན་པོ་འདོགས་པ་བྱུང་བས་རོང་རྟ་རྣ་ཅན་ཞེས་ཟེར་བ་དང་།ཡང་ཉག་ཨ་ཛི་རོང་ཞེས་པའི་མིང་ཐོགས་དོན་ནི།ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རྒྱལ་པོའི་བཀའ་ལྟར་ནགས་རོང་གི་དམག་རྒྱ་གར་དུ་སོང་ནས་གང་གྰའི་འགྲམ་དུ་རྒྱལ་ཁ་ཐོབ་པས།རྣམ་པར་རྒྱལ་བ་ཞེས་པ་སྟེ་རྒྱ་གར་གྱི་སྐད་དུ་ཨ་ཛི་ཞེས་པའི་མིང་དེ་ཉིད་དུས་སྐབས་དེ་ནས་ཐོགས་ཞེས་བོད་ཀྱི་ལོ་རྒྱུས་རྣམས་སུ་གསལ།ཡུལ་འདིར་ལོ་ཆེན་བེེ་རོ་ཙ་ན་དང་གཡུ་སྒྲ་སྙིང་པོ།ལྷ་ལུང་དཔལ་རྡོར་སོགས་སྐུ་དངོས་ཞབས་ཀྱིས་བཅགས་ཤིང་།གུ་རུ་པད་མ་དང་རྗེ་འབངས་ཉེར་ལྔ་སོགས་རྫུ་འཕྲུལ་གྱིས་བྱོན་ཏེ་བྱིན་གྱིས་རླབས་པར་མཛད་པའི་སྦས་ཡུལ་ཁྱད་པར་བ་ཞིག་ཡིན། ཡུལ་འདིར་གནམ་གཤིས་དྲོ་གྲང་སྙོམས་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་།ས་གཤིས་འཇམ་ལ་ཡུལ་ཐོན་མང་བ།རོང་འབྲོག་གཉིས་ལས་གཙོ་བོ་རོང་པའི་སོ་ནམ་ལ་འབུར་དུ་ཐོན་པ།མི་རྣམས་ནི་ལས་ལ་བརྩོན་ཞིང་ཁྲེལ་གཞུང་ལྡན་པ།ཡ་རབས་གོང་དུ་བཀུར་ཞིང་བློ་རིག་རྣོ་ལ་དཔའ་ངར་ཆེ་བས་བོད་གངས་ཅན་གྱི་ལྗོངས་སུ་སྙན་པའི་གྲགས་པ་འབར།ཁོང་ཚོས་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དུ་མདོ་དབུས་ཁམས་གསུམ་དུ་གནས་པའི་ཤ་རུས་གདུང་རྒྱུད་གཅིག་པའི་མི་རྣམས་དང་ཆབས་ཅིག་ཏུ།འོད་སྟོང་འབར་བའི་བོད་ཀྱི་ཤེས་རིག་གསར་སྐྲུན་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་བྱས་རྗེས་བསུབ་ཏུ་མེད་པ་དུ་མ་བཞག་ཡོད་པ་མ་ཟད།ཐུན་མོང་མ་ཡིན་པའི་ས་ཁུལ་རང་བཞིན་གྱི་རིག་གནས་ཀྱང་བསྐྲུན་ཡོད་པ་རེད།  ཉག་རོང་ལྟ་བུར་མཚོན་ན་དམངས་ཁྲོད་རིག་གནས་ལ་དམངས་གཞས་དང་།མགུར་མོ།ལ་དབྱངས།བྲོ་ཤགས་སོགས་མང་པོ་ཡོད་ཅིང་དེ་ལས་སྐོར་བྲོ་ལ་སྨོན་ལམ་གྱི་བྲོ་དང་།ཆོས་བྲོ།འཛོམ་བྲོ།བསྟོད་བྲོ།བག་བྲོ།རྟེན་འབྲེལ་བྲོ།གཡང་བྲོ།བཀྲ་ཤིས་བྲོ་བཅས་ས་བཅད་དགུ་ཡོད་ལ།དེ་དག་ནི་ཡུལ་འདིར་གདོད་མར་གནས་པའི་སྐྱེས་བོ་རྒན་གྲས་ཀྱི་ངག་ཐོག་ཏུ་ཉར་ཞིང་།མཁས་པའི་བློ་གྲོས་ཀྱིས་མ་བཅོས་པའི་ཡུལ་གྱི་ཐུན་མོང་མ་ཡིན་པའི་བྲོ་བས་ཕྱུག་པའི་རིག་གནས་ཤིག་སྟེ་དམངས་ཁྲོད་ལས་བྱུང་བ་ཤ་སྟག་ཡིན།
 སྐོར་བྲོ་ལ་རོལ་ཆའི་མཐུན་སྦྱོར་མེད་ལ་ས་ཕྱོགས་ཀྱི་གཟབ་འཕྱོར་སྤྲས་པའི་བྲོ་པ་རྣམས་ཕོ་མོ་འགྲིག་གཉིས་སུ་བསྒྲིགས་ནས།སྐོར་བྲོ་འཁྲབ་པའི་སྐབས་ཀྱི་བྲོ་འགོ་ཁྲིད་མཁན་དེ་ལ་བྲོ་དཔོན་ཟེར་ཞིང་།བྲོ་དཔོན་དེ་ནི་བྲོའི་མཁན་པོ་ལྟ་བུ་དང་བྲོའི་སྒྱུ་རྩལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཡག་པོ་ཡོད་དགོས་པ་ཞིག་རེད།དཔེར་ན་ངག་སྙན་ལ་གཟུགས་བཟང་བ།བྲོ་འགྲོས་ལེགས་པ་སོགས་ཀྱི་ཁྱད་ཆོས་དགོས་པས་མ་ཚད།མི་གཤིས་བཟང་ལ་ཀུན་དང་མཐུན་པ་ཞིག་དགོས།བྲོ་དཔོན་གྱིས་གཙོ་ཆེ་བ་བྲོ་ར་སྤྱིའི་བཀོད་སྒྲིག་ལ་བསམ་བློ་གཏོང་དགོས་པ་དང་།དེ་ནས་བྲོ་དཔོན་གྱི་རྗེས་སུ་འབྲང་མཁན་དེ་ལ་བྲོ་གཡོག་ཟེར་ཞིང་།བྲོ་གཡོག་ལ་ཚང་དགོས་པའི་ཆ་རྐྱེན་ནི།བྲོ་དཔོན་གྱི་ངག་དང་མཐུན་ཅི་ཐུབ་བྱེད་དགོས་པ་མ་ཚད་བྲོ་ཡ་ཚོས་ཁྲིད་པའི་བྲོ་ལ་ངག་དང་ཚིག་འགྲོས་བཅས་ལ་རྒྱུས་ལོན་བྱེད་དགོས།བྲོའི་མཇུག་མར་ཡོད་པའི་བྲོ་པ་དེ་ལ་བྲོ་རྔ་ཞེས་ཟེར་བ་རེད།དེ་མིན་རྣམས་ལ་བྲོ་པ་ཞེས་ཟེར་བ་མ་གཏོགས་མིང་གཞན་འདོགས་སྲོལ་མེད།སྤྱིར་བཏང་གི་བྲོ་འགྲོས་ཀྱི་ཆ་ནས་དབྱེ་ན་འགྲོས་བྲོ་དང་ཁེར་བྲོ་རྣམ་པ་གཉིས་ཡོད་པ་དང་།འགྲོས་བྲོ་ནི་ཉག་བྲོའི་སྤྱི་འགྲོས་དེ་ལ་ཟེར།ཁེར་བྲོ་ནི་དེ་ལྟར་མ་ཡིན་པར་རང་ལ་ཐུན་མོང་མ་ཡིན་པའི་བྲོ་འགྲོས་ཅན་དེ་ལ་ཟེར་ཞིང་།དཔེར་ན་ཨ་ལ་ཐ་ལ་དང་ཨ་རོགས་ཁམས་པ་ལྟ་བུ་ལ་འདོད།བྲོ་ཚིག་ལ་སྤྱིར་དུམ་བུ་གསུམ་རེ་ཡོད་ལ།དཔེར་ན་དགུང་ཨ་སྔོན།མཐོ་བྲག་དཀར།སྡེ་རྒྱ་གྲོང་ལྟ་བུ།བྲོ་ཐོག་མ་དེ་སྐྱེས་པ་ཚོའི་ཁྲིད་སྲོལ་ཡོད་ལ།སྐྱེས་པ་ཚོས་བྲོ་ཚིག་གཏོང་རྗེས་བུད་མེད་ཚོའི་དེ་བསྐྱར་ཟློས་སུ་གཏོང་བ་དང་།དེ་ནས་བུད་མེད་ཚོའི་བྲོ་ཁྲིད་དུས་སྐྱེས་པ་ཚོས་བསྐྱར་ཟློས་སུ་གཏོང་བ་ཡིན།དེ་ལྟར་བརྗེ་རེས་བྱས་ནས་ཉིན་ཞག་མང་པོ་འཆམ་སྲོལ་ཡོད།སྤྱིར་བཏང་བྲོ་ཚིག་དུམ་བུ་གསུམ་ཡོད།དེ་ཡང་དུམ་བུ་དང་པོ་འཆམ་དུས་ངག་རྟ་ཉམས་འགྱུར་དལ་བ།དུམ་བུ་གཉིས་པ་འཆམ་དུས་ངག་རྟ་དང་ཉམས་འགྱུར་ཅུང་མགྱོགས་ལ།དུམ་བུ་གསུམ་པ་འཆམ་དུས་ཇེ་མགྱོགས་སུ་གཏོང་བ་ཡིན།དེ་ནི་ཞི་རྒྱས་དབང་དྲག་གི་རྣམ་པ་ཡིན་ནོ།།   སྐོར་བྲོ་འཁྲབ་དུས་ཕོ་མོ་གཉིས་ཀྱི་བྲོ་འགྲོས་ལ་ཁྱད་པར་ཆེར་མེད་མོད།ཉམས་འགྱུར་དང་གོམས་སྟབས།རྐང་པ་མཐོ་དམའ་དང་ཤུགས་ཆེ་ཆུང་།ལག་པ་གཡུག་མི་གཡུག་སོགས་ཀྱི་ཐད་ནས་ཁྱད་པར་ཆེན་པོ་ཡོད་པ་རེད།སྤྱིར་བཏང་བུད་མེད་ཀྱི་བྲོ་འགྲོས་དེ་བརྩེ་དུང་ལྡན་པ་དང་ཉམ་ཆུང་ལ་བག་ཕེབས་པའི་ཉམས་དེ་ནི་བྲོ་དེའི་ཐོག་མཐའ་བར་གསུམ་དུ་ཡོད་དགོས་པ་ཞིག་ཡིན།སྐྱེས་པ་རྣམས་ནི་དེ་ལྟར་མ་ཡིན་པར་ཁོག་སྟོད་བསྒྲད་བསྒྲད་དང་།རྐང་པ་སིལ་སིལ།སྐྱེས་ཕོ་རབ་ཀྱི་ཉམས་དགུ་དང་ལྡན་པ།ཁོག་ཡངས་ལ་བརྗིད་ཉམས་དང་ལྡན་པ་ཞིག་ཡིན།རྒྱུ་མཚན་དེའི་ཕྱིར་ན་ཉག་རོང་སྐོར་བྲོའི་ཁྱད་ཆོས་དངོས་ལ་ཞིབ་འཇུག་བྱས་ན།དེ་ནི་ཚ་འུར་གྱི་སྐོར་བྲོ་ཞིག་གཏན་ནས་མིན་པར་ཞི་དུལ་བག་ཕེབས་སམ་སོས་དལ་བག་ཡངས་ཀྱི་སྐོར་བྲོ་ཞིག་ཡིན།དེ་ཡང་གནའ་མི་ཚོའི་བསམ་བློ་དང་བརྩེ་དུང་བརྗེ་རེས་བྱེད་པའི་ལག་ཆ་གཙོ་བོ་ཞིག་ཡིན་པ་མཚོན་ཡོད།   ཉག་རོང་སྐོར་བྲོ་ནི་གཙོ་ཆེ་བ་ལུས་ཀྱི་སྟེང་ནས་དལ་གྱིས་འགྱིང་བ་དང་།ཉམས་ཀྱི་སྟེང་ནས་བརྗིད་ཆགས་པ་ཞིག་ཡིན།སྐྱེས་པ་རྣམས་ནི་གཙོ་བོ་རྐང་ལག་གཉིས་འདྲ་མཉམ་གྱིས་ཐོན་དགོས་ལ།བུད་མེད་རྣམས་ནི་གཙོ་བོ་ལག་པ་ཡིན།ལུས་ཀྱི་སྒུར་ཚད་ལ་ཁྱད་པར་ཡོད་དེ།སྐྱེས་པ་རྣམས་ཀྱི་ལུས་དེ་ཕར་བལྟས་ན་ཅུང་ཙམ་སྒུར་བ་དང་འདྲ་བ་ཞིག་དང་།དེ་ནི་གཙོ་བོ་ཁོག་སྟོད་ཁོག་ཕུབ་པ་ཡིན་ལ།མགོ་བོ་སྒུར་སྲོལ་མེད།རྐང་པའི་རྡོག་བྲོ་དེ་མཐོ་ཙམ་བཀྱག་སྲོལ་ཡོད་པ་དང་།ལག་པ་མགོ་བོ་ཡན་ལ་འདེགས་སྲོལ་ཡོད།དེ་ལ་སེང་གེའི་འགྱིང་ལྟ་བུ་ཟེར།བུད་མེད་རྣམས་ཀྱི་ལུས་སྒུར་རྒྱུ་ཅུང་མང་ཙམ་ཡོད།དེ་ནི་ཉམ་ཆུང་ལ་ཁྲེལ་གཞུང་ལྡན་པའི་ཉམས་ཡིན།རྐང་པའི་རྡོག་བྲོ་དེ་ཧ་ཅང་དམའ་ལ་ཕལ་ཆེར་འགུལ་ཉམས་ལས་མི་མཐོང་བ་འདྲ།ལག་པ་དེའང་མགོ་བོའི་ཡན་ལ་བཀྱག་སྲོལ་མེད།དེ་ནི་རྨ་བྱའི་སྒྲོ་གུར་ཕུབ་པ་ལྟ་བུ་ཟེར།ཡིན་ནའང་བར་སྐབས་ཤིག་ལ་བོད་མིའི་ཟློས་གར་ཚོགས་པ་བྱུང་བས་ས་ཆ་སོ་སོའི་བྲོ་དང་གླུ་སོགས་འགོ་བཅད་མཇུག་སྡུད་བྱས་ནས་བསྒྲིགས་པ་དང་།ཡུལ་ཕྱོགས་གཉིས་ཀྱི་བྲོ་དེ་བྲོ་གཅིག་ཏུ་བསྒྲིགས་ནས་འཁྲབ་པ་སོགས་ཀྱིས་ཉག་རོང་སྐོར་བྲོའི་རང་ངོས་ཀྱི་སྒྱུ་རྩལ་ལ་གཏོར་བཤིག་མི་ཉུང་བ་ཞིག་ཐེབས་ཡོད་པ་ལ་ཚང་མས་བསམ་བློ་གཏོང་དགོས་པ་ཞིག་ལགས།།
 

  • ལེ་ཚན་སྔོན་མ།:གནའ་བོའི་གླུ་གཞས།
  • ལེ་ཚན་རྗེས་མ།:གཙང་བཀྲ་ཤིས་ལྷུན་པོར་བསྟོད་པ།