སྡེར་ནང་ས་བྲིས་ཀྱི་བྱུང་བ་དང་བྲིས་རབས་ངོ་སྤྲོད།

སྐལ་བཟང་ཡེ་ཤེས།        2015-04-16

གཅིག  སྡེར་ནང་ས་བྲིས་ཀྱི་བྱུང་བ།
     སྡེར་ནང་ས་བྲིས་ནི་མགོ་ལོག་ཁུལ་དར་ལག་རྫོང་སྡེར་ནང་ཡུལ་ཚོ་ནས་བྱུང་ཞིང་།རིམ་བཞིན་མགོ་ལོག་ཡོངས་དང་བོད་ཀྱི་ས་ཁུལ་གཞན་དག་ཏུ་དར་བའི་ཡིག་གཟུགས་ཀྱི་ཁྲིད་རྒྱུན་ཞིག་ཡིན་ན།ཐོག་མར་ང་ཚོས་སྡེར་ནང་ཞེས་པའི་ཐ་སྙད་འདི་ལ་ངོས་འཛིན་ཞིག་བྱ་སྟེ།༼རྨ་ཡུལ་སྡེར་ནང་དགོན་གྱི་གདན་རབས་དང་སྡེར་ནང་ས་བྲིས་ཀྱི་ལོ་རྒྱུས་རུས་མཛོད༽ལས“ད་ལྟའི་རྨ་ཡུལ་སྡེར་ནང་དགོན་ནི་སྔོན་སྡེར་རྒྱབ༼ད་ལྟའི་པདྨ་རྫོང་ཁོངས་དབང་རོལ་གྱི་ས་ཆ་ཡིན༽ཏུ་ཡོད་ལ།དེ་ནི་སྤྱི་ལོ༡༧༨༥ལོར་སྡེར་རྒྱབ་བླ་མ་ཡོན་ཏན་རྒྱ་མཚོ་མཆོག་གིས་གསར་དུ་ཕྱག་བཏབ་བྱས་པ་ཡིན་ལ།རྗེས་སུ་ཡུལ་སྡེའི་ས་ཆ་གནས་སྤོར་གྱི་སྟབས་དང་བསྟུན་ནས་རྨ་ཡུལ་སྡེར་ནང་དུ་གནས་སྤོས་ཏེ་དར་ཞིང་རྒྱས་པའི་སྐབས་སོ” ཞེས་པ་ལྟར་ན་སྡེར་ནང་ཟེར་བ་ནི་ཐོག་མར་ས་མིང་དགོན་ལ་ཤན་ཞུགས་ཤིང་།རིམ་བཞིན་དགོན་མིང་སྡེ་ལ་ཐོགས་པར་སྣང་ངོ་།།ད་ལྟ་རྨ་ཡུལ་སྡེར་ནང་ཡུལ་ཚོ་ཞེས་སྲིད་འཛིན་ཡུལ་ཚོ་གཅིག་ལ་འབྲོག་བསྐོས་ཁང་གཉིས་དང་ཁྱིམ་ཚང་བཞི་བརྒྱར་ཉེ་བ་ཡོད་ཅིང་།སྡེར་ནང་དགོན་པ་ལ་ཡང་རྒྱུན་བཞུགས་བླ་གྲྭ༣༠༠ལྷག་ཡོད་པ་དང་།ལོ་རེ་བཞིན་དབྱར་གནས་དང་།སྤྱི་སྲུང་།གསང་རྙིང་།སྒྲུབ་ཆེན།སྨྱུང་གནས།ཐོས་གྲོལ་སྒྲུབ་མཆོད།དགུ་གཏོར་སོགས་ཆོས་ཀྱི་བྱེད་སྒོ་མང་དུ་ཡོད་ལ།དེ་མིན་གཞུང་མཚན་ཉིད་དང་།སྡེར་ནང་ས་བྲིས་སོགས་ཀྱི་ཁྲིད་འཆད་ཉན་ཡང་ཡོད།
     སྡེར་ནང་ས་བྲིས་ཟེར་བ་ནི།ངག་རྒྱུན་དུ་རྒྱལ་པོ་ཁྲི་སྲུང་ལྡེ་བཙན་གྱི་སྐབས་སུ་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས།ཁམས་ཕྱོགས་སུ་གདུལ་བྱ་རྫོགས་ཏེ་ཕྱིར་དབུས་གཙང་སུ་བྱོན་སྐབས།རང་གི་སྨྱུ་གུ་ནམ་མཁའ་ལ་མཆོད་དེ་མགོན་པོ་ཚོགས་བདག་ལ་གཉེར་བཅོལ་བྱས་ཤིང་།མ་འོངས་བར་སྐལ་ལྡན་སུ་ཡི་ལག་ཏུ་རྙེད་ཚེ་དེས་རང་གི་བྲིས་རྒྱུན་སྤེལ་བའི་སྨོན་ལམ་བཏབ་པ།ཕྱིས་སུ་ས་ངན་བླ་མ་བསྟན་འཛིན་གྱི་ལག་ཏུ་རྙེད་ནས་བྲིས་རྒྱུན་འདི་དར་སྤེལ་བྱས་པ་ཡིན་ཟེར་བ་དང་།དེ་བཞིན་དུ་སྡེར་ནང་གཏེར་ཆེན་པདྨ་མཁྱེན་བརྩེའི་འོད་ཟེར་གྱི༼ས་བྲིས་ལོ་རྒྱུས༽སུ་ཡང་།ས་བྲིས་འདི་ནི་བོད་ཀྱི་མིག་འབྱེད་དམ།ལོ་ཙཱ་བ་ཐམས་ཅད་ཀྱི་ནང་ནས་འགྲན་ཟླ་དང་བྲལ་བའི་སངས་རྒྱས་དངོས་བྱོན་སྒྲ་སྒྱུར་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་ནས་གདུལ་བྱ་རྫོགས་ཕྲལ་དབུས་སུ་ཕེབས་སྐབས།སྨྱུ་གུ་གསུམ་ནམ་མཁའ་ལ་དོར་ཏེ་སྨོན་ལམ་བཏབ་ཅིང་ཚོགས་བདག་ལ་ཉེ་བར་བཅོལ་ནས།ནམ་ཞིག་འདི་དང་འཕྲད་པའི་ལས་ལྡན་མ་བྱུང་བར་དུ་གཉེར་དམ་གྱིས་གསུངས་ནས་རྒྱས་བཏབས་པ།ཕྱིས་སུ་ལས་དང་སྐལ་བ་སྨོན་ལམ་གསུམ་འཛོམས་པའི་ས་ངན་བསྟན་འཛིན་གྱིས་རྙེད་ནས་དེའི་རྐྱེན་གྱིས་ཡི་གེ་འདི་ཡིག་རྐྱེན་གཞན་ལ་མ་ལྟོས་པར་ཁོ་རང་བྱིན་རླབས་དང་སྨོན་ལམ་གྱི་མཐུ་ཟབ་མོ་བརྡོལ་ནས་རྣམ་རིག་ཡིག་གཟུགས་སུ་འཕོས་པའི་ནུས་མཐུ་ཅན་དུ་སད་པ་ཡིན་སྐད་ཅེས་དང༌།༼མགོ་ལོག་སྨན་རྩིས་རིག་གནས་ལོ་རྒྱུས༽སུ་ཡང་།ལོ་ཆེན་བཻ་རོ་རྒྱལ་མོ་རོང་ནས་ཡར་ཕེབས་སྐབས་བྲིས་སྨྱུག་ནམ་མཁར་འཕངས་ཏེ།མགོན་པོ་ཚོགས་བདག་ལ་གཉེར་དམ་བཅོལ།མ་འོངས་པར་སྨྱུ་གུ་འདི་སུ་དང་འཕྲད་ན།དེའི་བདག་གི་བྲིས་རྒྱུན་རྩོལ་མེད་དུ་ཤེས་པར་ཤོག་ཅེས་ཐུགས་སྨོན་མཛད་པ།སླར་ས་ངན་བླ་མ་བསྟན་འཛིན་ཞེས་པའི་ཕྱག་ཏུ་ལྟས་མཚན་བཟང་པོ་དང་བཅས་འབྱོར་ནས།འཕྲིན་ལས་ཁྱད་པར་ཅན་གྱི་དབུ་མེད་གཟབ་མའི་བྲིས་ཚུགས་བྱུང་བའི་མིང་ཡང་ས་བྲིས་སུ་ཐོགས་ཞེས་གསུངས།དེ་ནས་སྡེར་ནང་འཇང་བླ་དང་ཀ་ཐོག་ལྕམ་བླ་སོགས་ཀྱིས་སྦྱང་སྟེ་དར་ཁྱབ་ཏུ་སོང་ནས་ད་ལྟའི་བྲིས་རབས་བརྒྱད་པ་ལ་ཐོན་པར་བཞེད་དོ།།དེར་བརྟེན་སྡེར་ནང་ས་བྲིས་ཞེས་ཐོགས་དོན་ཡང་གོང་གསལ་ལྟར་བྲིས་འདི་ཐོག་མར་ཡུལ་མགོ་ལོག་གི་སྡེར་ནང་ཚོ་བར་དར་བས་སྡེར་ནང་དང་།བྲིས་རབས་ཐོག་མའམ་བྲིས་ཁུངས་གཙོ་བོ་ནི་ས་ངན་བསྟན་འཛིན་ཡིན་པས་ས་བྲིས་སུ་བཏགས་པ་ཡིན།
     གཞན་ཡང་སྔོན་ཚེ་ས་བྲིས་འདི་འབྲི་སྐབས་ས་མགོ་ཆེ་བར་འབྲི་དགོས་པས་ས་བྲིས་ཟེར་སྲོལ་ཡང་ཡོད་ལ།རྗེས་སུ་ཡི་གེའི་ཆ་ཚད་དང་སྤྱི་ཁོག་སོགས་ལ་དམིགས་ནས་ས་མགོ་ཆུང་བར་བྱས་མོད་ཀྱང་མིང་དེ་ལྟར་ལུས་པའི་བཤད་སྲོལ་ཞིག་ཡོད་པ་དགེ་རྒན་སེང་དར་ལ་བྲིས་རྒན་པད་གྲགས་ཀྱིས་གསུང་བར་རྒན་དམ་པ་ཁོང་གིས་གསུངས་སོ།།
  • ལེ་ཚན་སྔོན་མ།:རི་མོ་པ་ལྕགས་པེའི་ཡིག་གཟུགས།
  • ལེ་ཚན་རྗེས་མ།:ཡིག་གཟུགས་ལམ་ནས་བྱིས་པའི་དུས་ཆེན་བསུ།