སྐད་ཡིག་གཉིས་ནི་མི་རིགས་བླ་སྲོག་ཡིན། ཡི་གེའི་གཟུགས་ཀྱི་བྲིས་རྒྱུན་ལེགས་པར་སྐྱོངས།(2)

མཁས་གྲུབ་ནོར་བུ་དང་པདྨ་ནོར་བུས་བྲིས།        2012-04-26


ང་ཚོའི་མིག་མདུན་ན་གནས་པའི་དུས་རབས་ཉེར་གཅིག་པ་ནི་དུས་རབས་སྔོན་མ་རྣམས་ལས་འཕུར་འཆོང་གིས་མདུན་དུ་ཆས་ཏེ་ཆ་འཕྲིན་གྱི་གར་སྟེགས་སུ་ཆགས་ནས།  འཕྲུལ་ཆས་མི་གཤིས་ཅན་དང་ཡོད་ཚད་དེང་རབས་ཅན་དུ་གྱུར་ཏེ་འཛམ་གླིང་གི་དངོས་ཡོད་མཐའ་དག་ལག་མཐིལ་གྱི་རི་མོ་ལྟར་དྲྭ་ངོས་ནས་གསལ་པའི་ཁ་སང་དང་དེ་རིང་གི་དུས་འདིར།  སྲོལ་རྒྱུན་གྱི་ལག་རྩལ་ལས་རིགས་གང་མང་ཞིག་གི་ཚེ་སྲོག་བོར་རླགས་སུ་སོང་བ་ལྟར་ཉམ་ཆུང་ནུས་མེད་དུ་འགྲོ་གིན་ཡོད་སྟབས།  ང་ཚོས་དེ་དག་དུས་རབས་འདི་ནས་ཤུགས་ཀྱིས་ཡར་འདེགས་དགོས་པའི་དངོས་པོ་དམའ་ཤོས་ཞིག་ལ་བསམ་ནས་ལག་བྲིས་ཡིག་གཟུགས་ཀྱི་མཛེས་རྩལ་དེ་ཉིད་ས་རྐོ་རྡོ་སློག་ལྟ་བུར་སྔོག་གང་ཐུབ་ཀྱིས་ཧུར་བརྩོན་བྱེད་དགོས།  ཕྲན་ཆུང་རང་གི་བསམ་ཚུལ་ལྟར་ན་ལག་བྲིས་ཡིག་གཟུགས་ཀྱི་མཛེས་ཉམས་ལ་རི་མོའི་མཛེས་རྩལ་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཞིག་ལྡན་འདུག་སྙམ།  གཅིག་ནས་ཡིག་གཟུགས་ནི་གལ་ཆེའི་ལོ་རྒྱུས་གདུང་འདེགས་བྱེད་པའི་ཀ་བ་ལྟ་བུ་ཞིག་དང་།  གཉིས་ནས་གཟི་བརྗིད་ལྡན་པའི་དུས་རབས་ཀྱི་ལས་འགན་བསྒྲུབས་ནུས་ཚེ་མ་འོངས་པར་མཛེས་བྲིས་ཡིག་གཟུགས་ཀྱི་ལང་ཚོའི་ངོ་གདོང་གསར་པ་ཞིག་མིག་གི་ལོངས་སྤྱོད་དུ་འབྱོར་ཐུབ།  གསུམ་ནས་ཚིག་གི་སྙན་ཆ་དང་།  དོན་གྱི་བརྗོད་གཞི།  གཟུགས་ཀྱི་མཛེས་ཆོས།  རིག་གནས་ཀྱི་རིན་ཐང་སོགས་ཕྱོགས་གང་ཐད་ནས་ཀྱང་གཞན་སེམས་འགུགས་པའི་མཐོ་རིམ་རིག་གཞུང་གི་ཆོས་ཉིད་ཞིག་མངའ་འདུག་སྙམ།  འདིར་བཤད་པའི་ཡིག་གཟུགས་ནི་ལག་བྲིས་ཡིག་གཟུགས་གཙོར་བྱས་ནས་བཤད་པ་ཡིན་ལ།  ལག་བྲིས་ཡིག་གཟུགས་དང་རྩིས་འཁོར་ཡིག་གཟུགས་གཉིས་ལའང་ཁྱད་པ་ཆེན་པོ་ཡོད་དེ།  ལག་བྲིས་ཡིག་གཟུགས་ལ་སྒྱུ་རྩལ་གྱི་སྙིང་བཅུད་ཐད་ཐུན་མིན་གྱི་རང་གཤིས་ལྡན་པ་དང་།  དེ་དག་ལ་གདོད་མའི་རྒྱུད་གཤིས་དང་།  ལག་རྩལ་གྱི་འཇོན་གཤིས། གསར་གཏོད་ཀྱི་སྙིང་བཅུད་དང་བསྒྱུར་བཅོས་ཀྱི་རང་བཞིན་བཅས་ཀྱིས་ཕྱུག་ལ། དེ་དག་གི་ཉམས་འགྱུར་རེ་རེའི་ཆ་ནས་ལྟ་མཁན་གྱི་ཡིད་དབང་འཕྲོག་པར་མཛེས་མའི་ངོ་གདོང་དང་འདྲ་བའི་སྒེག་ཉམས་ཤིག་ལྡན་པས་རེད།  ད་དུང་སྣག་ཚ་དང་སྨྱུ་གུ།  ཤོག་བུ།  ཐ་ན་སྨྱུག་ཁ་སྐོར་སྟངས་ཡན་ཆད་ལ་ཐུན་མོང་མིན་པའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡིན།
ཡིག་གཟུགས་འཕེལ་རྒྱས་ཀྱི་བསམ་གཞིགས།
  • ལེ་ཚན་སྔོན་མ།: ཡིག་གཟུགས་གསར་གཏོད་པའི་གོ་རིམ།
  • ལེ་ཚན་རྗེས་མ།:སྡེ་ནང་ས་བྲིས་ཀྱི་སྐོར་གླེང་བ།