འབྲི་རྫས་སྣག་ཚ་བཟོ་བའི་ལག་ཤེས།

    བོད་ཀྱི་ལག་ཤེས་ཀུན་བཏུས་ཆེན་མོ་ལས།    2012-12-11

 སྣག་ཚའི་རྒྱུ་དགུ་ལས་ཆེས་བཟང་བ་ནི། མར་ནག་གི་མེ་ཏོག སྒྲོན་ཤིང་། ཉ་སྦྲིད། གྲོ་ག ཐང་ཚིལ་ལྔ། དེ་དག་ལའང་རབ་མར་ནག་གི་མེ་ཏོག་དང་སྒྲོན་ཤིང་། འབྲིང་ཉ་སྦྲིད་དང་གྲོ་ག ཐ་མ་ཐང་རྒན་གྱི་ཐང་ཚིལ་ལོ། །
      བཟོ་ཐབས་སུ་མར་ནག་གི་མེ་ཏོག་སྣུམ་གྱི་མར་མེའི་རྩེར་ཆགས་པའི་དྲེག་པ་ནག་པོ་མང་དུ་བསགས། སྒྲོན་ཤིང་དང་ཉ་སྦྲིད་དང་གྲོ་ག་གསུམ་གྱི་ཤུན་པ་སྔོ་བཤུ་བྱ། ཐང་ཚིལ་གཞོན་ཆེས་འབྱར་བག་ཅན་དེ་མ་ཡིན་པའི་ཐང་རྒན་གྱི་ཐང་ཚིལ་ཚིལ་བུ་འདྲ་བ་དེ་མང་དུ་བསགས། དེ་ནས་འཁོར་མོའམ་བྲུ་ཐབ་ཅེས་པའི་སྒོ་དང་སྟེང་བུག་ཅན་གྱི་ཐབ་སྟེང་དུ། དུ་བ་རྒྱུ་ཞིང་འཐུལ་བའི་རྫ་ཁོག་ཞབས་རྡོལ་ལྔ་ནས་བདུན་གྱི་བར་དུ་བརྩེགས། ཐབ་ཏུ་སྣག་ཚའི་རྒྱུ་གང་ཡིན་པ་དེ་ལ་མེ་སྦར་བའི་དུད་དྲེག་རྫ་ཁོག་ལ་ཆགས་པ་དེ་ཡིན་ལ། རྫ་ཁོག་འོག་མའི་དྲེག་པ་མི་ལེགས་པས་སྤང་། གཞན་རྣམས་ཀྱི་དུད་དྲེག་བསྡུས་ནས་ལྕགས་སྣོད་དུ་སྤྱིན་ཆུ་དྭངས་མ་ལ་བཏབ་སྟེ་མེའི་སྟེང་དུ་ཅུང་ཟད་དཀྲུགས། དེ་ནས་རྐྱལ་དུ་བླུགས་ཏེ་མཉེ་བསྲུབ་ཤེད་མཉམ་ཞིང་རན་པར་འདུལ་ལ། མི་རེས་ཉིན་རེར་བྲེ་གང་རེ་འདུལ་བར་བཤད་ཅིང་། དུལ་རྟག་ཚེག་སྒྲ་གྲག་ན་ཚད་དུ་བཤད་དོ། །དེའང་འདུལ་ཇི་ཙམ་ཐུབ་ན་དེ་ཙམ་གྱིས་ལེགས་ལ། སྐམ་ཐག་ཡང་ཡང་གཅོད་པ་ནི་སྣག་འདུལ་གྱི་མན་ངག་མཆོག་ཏུ་བཟུང་ངོ། །
        དམ་ཚད། གར་སླ་ཟན་ཙམ་གྱུར་པའི་དུས་རེག་ན་ལག་པར་འབྱར་ན་དམ་ཆུང་བའི་རྟགས། སྲ་ཞིང་འཐས་ན་ཆེ་བའི་སྐྱོན། ཤ་རྗེན་དོད་ཅིང་མི་འབྱར་བ་ནི་ཚད་དུ་བཤད་དོ། །སྣག་ཚ་ལ་མཉེ་བསྲུབ་ཀྱི་དུས་སམ། སླད་ནས་ཀྱང་རུང་སྟེ། པི་པི་ལིང་དང་ཀ་ཀོ་ལའི་ཆུར་སྦང་ན་དགུན་མི་འཁེངས། ག་པུར། ཏང་ཀུ། ཙན་དན་དཀར་པོའི་ཆུར་སྦྱངས་པས་དབྱར་མི་རུལ། གླ་རྩི་དང་གི་ཝཾ་གི་ཆུས་ཕབ་ན། ཤིན་ཏུ་རྒྱུག་ཅིང་མི་འཆད། རྒྱལ་མོ་ཀ་ར་དང་རྒྱ་སྐེག་ཆུས་ཕབ་ན་ཁ་དོག་སྣུམ། ལི་ཤི། རུ་རྟ། ག་པུར། རྒྱ་ཡོས། ཏང་ཀུན། ཤུ་མོ་ཟ། ཨར་ནག་རྣམས་ཀྱི་ཆུ་ཕབ་ན་དྲི་བཟང་། ཡོས་ཚིག་ཁུ་བ་དང་བེ་ཁྲག་གཉིས་ཀྱི་དྭངས་མ་བླུགས་ན་དངུལ་འོད་འཚེར། སྤྱི་བཞུར་ཁུ་བས་མཐིང་མདངས། སྐྱེར་ཤུན་ཁུ་དྭངས་བླུགས་ན་གསེར་མདོག སྐག་ཁུས་ཟངས་མདངས་འབྱུང་ངོ་། ། 
        དམ་ཆེན་ནས་མི་རྒྱུག་ན། དར་མཚུར་རམ་ཚྭ་ལ་བསྲེག་ཐལ་ཉུང་ཙམ་བཏབ། སླ་ན་ནས་སམ་སྲན་མའི་རྡོག་པོ་བཏབ་པས་དེས་ཆུ་འཐུང་ནས་གར་བར་ནུས། སྤྱིན་མེད་ན་གྲོ་ནས་ཀྱི་ཡོས་ཁུའམ། ཐང་ཁྲག་སོགས། དམ་དུ་སེམས་ཅན་རྗུད་པའི་ཆུ་སེར་དྭངས་མ་ཁྲག་མེད་པ་སོགས་བསྲེས་པས་འོད་དང་ལྡན་ཞིང་དགུན་འཁྱགས་དུས་ཕྱིར་འཇིབ་མི་འོང་བས་བཟང་། འོན་ཀྱང་རླན་ཆེར་མི་ཁྱགས། བུལ་ཏོག་ཇ་བསྐོལ་ནང་བཏབས་ནས་འཇུབ་དེ་སྣག་ཚའི་དམ་རྩི་མཆོག་ཏུ་བཤད་པ་སོགས་མང་ལ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས། སྲེ་བའི་ལག་ལེན་མང་ན་ཡང་། ། སུག་པ་སྤྱི་བཞུར་སོགས་འགའ་ལས། ། ཕལ་ཆེར་སྐྱོན་དང་བཅས་ཉིད། ། སྡེབ་སྦྱོར་མང་བས་ལེགས་པ་མིན། ། རྒྱུ་བཟང་གནད་ཤེས་ལས་ནུས་དགོས། ། ཞེས་གསུངས་པས་རྒྱུ་ངན་ན་ལག་ལེན་ལ་ཇི་ལྟར་མཁས་ཀྱང་མི་ཕན་པས་སྲེ་སྦྱོར་ཡང་བརྟགས་ཏེ་བྱའོ། ། 
སྣག་ཚའི་རྒྱུ་དགུ་ལས་སྤྱོད་སྣག་ཚ་འགའ་ཞིག་བྱེད་ཐབས་བྱེ་བྲག་ཏུ་བཤད་པར། བཟོ་གནས་ཉེར་མཁོ་ལས།
          དང་པོ།   དྲེག་པ་ལས་སྦྱར་ཚུལ་ནི། སྣུམ་ནག་གི་དྲེག་པ་བོངས་ཆེ་བར་འོང་ཡང་འདུལ་དཀའ། ཀྱི་ལྕེའི་དྲེག་པ་འདུལ་སླ་ལེགས་ཀྱང་འོད་ཆུང་། ཤིང་དྲེད་ལེགས་ལ་བོངས་ཆེ། དམར་ཆེན་རྩེའི་དྲེག་པ་མདོག་ལེགས་བོངས་ཆེ་འདུལ་སླ་ཡང་རུལ་རྐྱེན། དེའི་ཕྱིར་དགུན་དུས་དམར་ཆེན་རྩེ་དྲག་དང་། ཡང་ན་སྣུམ་དྲེག་ཀྱི་ལྕེའི་དྲེག་པར་མཉམ་སྦྱར་བྱས་ན་མདོག་ལེགས་འདུལ་སླ་བོངས་ཆེ་བའི་དགོས་པ་ཡོད། དེ་ལ་མཐིང་ཀ་འདོད་ན་རམ་གྱི་ཁ་ཆུ་ནག་པོ་དང་སྤྱི་བཞུར་ཁུ་བ། སྔོ་སྐྱ་འདོད་ན་སྤྱི་བཞུར་ཁུ་བ་ཁོ་ན། དངུལ་མདོག་འབྲས་དཀར་དང་མ་ནུ་རུ་རྟའི་ཁུ་བ་ཆ་མཉམ་མང་དུ་བཏང་སྟེ་ཡུན་རིང་ཉི་མར་མཉེས་པས་འོང་། དམར་མདངས་འཚེར་བར་འདོད་ན། སྣུར་ཐག་ཆོད་ཁར་གཙོད་ཁྲག་སྦངས་བའི་དྭངས་མ་ཅུང་ཟད་བཏང་ནས་མེ་ལ་མི་བརྟེན་པར་ཉི་མར་མཉེས་པས་འོང་། ཤིན་ཏུ་གནག་ཅིང་འོད་ཆེ་བར་འདོད་ན། ལ་ཆུ་ཅུང་ཟད་བཏང་སྟེ་ཆུ་གྲང་མི་བླུགས་པར་དྲོ་ཁོ་ནར་བརྟེན་པས་འོང་། དེ་རྣམས་གང་བྱེད་ཀྱང་མ་ནུ་རུ་རྟའི་ཁུ་བ་བཏང་བས་འཇམ་ལ་རྨེ་བའི་གནད་ཡོད་དོ་། ། དམ་གྱི་སྤྱི་ཆུའི་ཚབ་འབྲས་ཁུ་ཉག་གཅིག་གིས་བྱས་ན་འདྲེན་བདེ་སྐམ་མགྱོགས་དབྱར་མི་རུལ་ལོ། ། སུག་ཆུ་དྭངས་མ་དང་སྤྱིན་ཆུ་ཅུང་ཟད་བཏང་ན་འོད་ཆེ། སྤྱིར་ཡུན་རིང་དུ་མཉེས་པ་དང་། མཉེ་དུས་སྐོར་ཕྱོགས་ངེས་མེད་དུ་བྱས་ན་མི་འཆད་པ་འདྲེན་བདེ་ལ་གནག་སྙིང་ཉུང་། འོད་ཆེ་བའི་གནད་ཡོད་དོ། །
         གཉིས་པ།   མེ་ཏོག་ལས་བཟོ་ཚུལ། སྣུམ་གྱི་མར་མེའི་རྩེར་ཆགས་པའི་དྲེག་པ་ནག་པོའི་མེ་ཏོག་གི་སྣུམ་དྲེག་དང་འདྲ། མེ་ཏོག་གཞན་འབྲས་ཁུར་ཧ་ལོ་སྨུག་པོ་དང་རྒྱ་ལྕམ་མེ་ཏོག་གཉིས་སོ་སོར་སྦང་ལ་ནག་པོར་གྱུར་པ་དང་ལྷན་གཅིག་བསྲེ། དེ་ལ་ཚོས་ཁུ་དང་། མཚུར་ནག་ར་ཁྲག་ཅུང་ཟད་བཏང་ནས་བྲིས་པས། དང་པོར་སྣག་ཚ་འཆིང་ཁ་སླ་འདྲེན་བདེ་བ་ཞིག་འབྱུང་། བྲིན་ཟིན་ནས་ལོ་རེ་བཞིན་གསུབ་འགྲོ། 
         གསུམ་པ།    ས་ལས་བྱེད་ཚུལ་ནི། ས་སྨྱག་གཤིན་པོ་སྤྱིན་ཆ་གསུམ། ཞིབ་ཟན་ཆ་གཅིག་བསྲེས་ལ་གོང་ལྟར་བྱ། སྐམ་ཐག་ཚད་པ་དང་མེ་ལ་བཙན་བསྲེག་བྱ། དམར་པོར་སོང་བ་དང་། དེ་འཕྲལ་གཏུན་ཁུང་མེ་ཐུབ་ཀྱི་ནང་དུ་མཉེས་ནས་ཅུང་ཟད་དྲོ་བ་དེ་ལ་ཉེ་ཤིང་མ་ནི་དྭངས་མ་ཅུང་ཟད་དང་། སྤྱིན་ཆུང་བླུག་ལ་ཆུ་ཡོད་ཚེ་མཆོག་ཏུ་བཟང་། མེད་ནའང་ཡུན་རིང་མཉེས་པས་མདོག་ནག་བོངས་ཆེ། རྩེ་འཐུབ་ཞལ་བ་ཐབ་ཚང་དང་ཐབ་ཁ་ལ་བྱུག་པའི་སྣག་ཚ་མཆོག་ཡིན་ནོ། །
         བཞི་པ།    ཕ་བ་སྒོ་སྒོ་ལས་བྱེད་པ་ནི། བ་མོ་དུ་གོལ་ཡང་ཟེར། དེ་སྐྱེས་བྲལ་གྱི་ཁྲེས་བོ་ཐུས་ལ། མེ་ལ་བཙན་བསྲེག་བྱ། དམར་ཏིང་ངེ་བ་དེ་ཆུ་ལ་བསྐྱུར། དེ་བཏོན་ནས་གཏུན་ཁུང་དུ་མཉེས། སྐམ་ཐག་ཆོད་ནས་བརྔོས་ལ་ཉེ་ཤིང་མའི་ཁུ་བ་དང་སྤྱིན་ཆུ་བླུགས། ཡུན་རིང་མཉེས་པས་མདོག་ནག་བོངས་ཆེ་བ་འོང་སྟེ། འདི་ཀོ་ནག་ལ་བྱུག་པའི་འོས་ཡིན་ནོ། ། 
          ལྔ་པ།     ལྕི་བ་ལས་བཟོ་ན། བ་ལང་གི་ལྕི་བ་སེར་ཀ་མ་བཏུས། དེ་ཡང་སྔ་ལྕི་སེར་ཁ་མ་ཡིན་ན་བཟང་། དེ་མེར་བསྲེགས་དམར་པོར་སོང་དུས་ཆུ་ལ་བསྐྱུར་ནས་བཏོན། དེ་ནས་ཞིབ་ཟན་མཐེབ་ཀྱུ་སྐམ་པོ་བསྲེག་པ་ཆུར་བསྒྱུར་བ་ཅུང་ཟད་བསྲེས་ཏེ། གཏུན་དུ་བསྒྱུར་ཚུལ་གོང་ལྟར་བྱས་པས་མདོག་ཤིན་ཏུ་གནག་པ་འོང་སྟེ་རྩི་བྱ་བར་འོས་སོ། །
          དྲུག་པ།    སེར་ཤ་ལས་བྱེད་ཚུལ། དབྱར་གྱི་སེར་ཤ་ལས་བྱེད་ཐབས་ཡོད་ཀྱང་ཆད་སླད་འཛུད་ཅེས་དཔེ་ལྟར་རོ། ། 
         བདུན་པ།    ཙི་དྲ་ཀའི་འབྲས་བུ་སྨིན་པ་དེ། རློན་པ་ཡིན་ན་ཁབ་ཀྱིས་བཙེག་པའི་ཁུ་བ་ལྕགས་སྣོད་དུ་བླངས། སྐམ་པོ་ཡིན་ན་ཆོལ་ཙམ་བརྡུང་ལ་ལྕགས་སྣོད་དུ་ཆུར་སྦངས། ཉི་མར་འདུལ་བས་ཁུ་བ་སྨུག་ནག་འབྱུང་བ་ལ། ཐར་ནུ་དང་མཚུར་ནག་གི་ཁུ་བ་དྭངས་མ་བླུགས་ན་བྲིས་པ་སྣག་ཚ་མཆིན་ཁ་དྲུག་སིང་ངེ་བ་འདྲེན་བདེ་མོ་ཞིག་འབྱུང་། 
         བརྒྱད།    དུད་འགྲོའི་རྒྱུངས་པ་ཁྲག་དང་རྩ་དང་ལྐོག་མེད་པ་གཅིག་ཚོན་ཙམ་རྫ་ཕོར་འཇམ་པོའི་ནང་དུ་བླུགས། དེ་ལ་གོང་གི་དྲེག་པ་རྣམས་གང་ཡོད་བཏབ་ལ་མཉེ། ཆུ་འཇམ་ཙམ་བླུགས་གར་སླ་རན་པོར་བྱུང་བ་དང་བྲིས་པས། འདྲེན་བདེ་མོ་རང་མིན་པའི་མདོག་ལེགས་པོ་གཅིག་འོང་། འདི་མེ་ཉི་མི་ཕོག་པའི་ཞལ་བ་སོགས་ལ་བྱུག་ན་ལེགས། རྒྱུངས་པ་ཆེ་ན་གོག་འོང་བས་ཚོད་ཟིན་པར་བྱའོ། ། 
        དགུ་པ།    ལ་ཕུག་བརྡར་གསེབ་དྲེག་པ་གང་འདོད་ཅིག་བླུགས། ལག་པས་མཉེ་ལ་ཆུ་གཙང་ཅུང་ཟད་བླུགས་ཏེ་བཙིར་བས་འཕྲལ་དུ་སྣག་ཚ་འབྱུང་སྟེ་མདོག་ལེགས་རང་མིན་ཡང་འདྲེན་ཤིན་ཏུ་བདེ་བ་གཅིག་འོང་། ཡུན་རིང་ན་ཅུང་ཟད་ཡལ་འགྲོ་བ་ཡིན། འཕྲལ་དུ་སྣག་ཚ་དགོས་ན། འདི་དང་རྒྱུངས་པ་ལས་བྱས་པ་གཉིས་མགྱོགས་སྣག་ཡིན་ཅེས་གསུངས་སོ། །
        གོང་གི་སྣག་ཚ་བཟོ་ཐབས་ལས་འཕྲོས་པའི་མགྱོགས་སྣག་སྦྱར་ཐབས་ལ། དེང་གི་སྣག་ཆུའི་རིགས་དང་གོང་སྨྲས་རྒྱུངས་པ་སོགས་ཀྱི་མགྱོགས་སྣག་ཡོད་ན་དེར་ཟད། མ་ཡོད་ན་གང་ཡང་རུང་བའི་སྣག་ཚ་བུམ་གང་ནང་དུ་ཆུ་འཇམ་བླུགས་ཏེ་མེར་རན་པར་བསྲོས་ལ་ཚ་ལའི་སྦུ་བ་བླུགས་པས་འབབ་པར་བཤད། རྒྱ་ནག་པས་ནི་རྡོ་གཞོང་དུ་ཆུ་འཇམ་བླུགས་ཏེ་དབུར་བར་བྱེད་དོ། ། མདོར་ན་སྣག་རྒྱུ་ངན་པ་དང་། ཡུན་དུ་མི་གནས་པར་མདངས་ཡལ་ཉེན་ཆེ་བའི་སྣག་གི་རིགས་ཀྱིས་གླེགས་བམ་བྲིས་པ་དང་། སྣག་དམ་དུ་བྱ་སྒོང་གི་སྤྲི་དང་ཆུ་སེར་དྭངས་མ་ལས་བྱེད་བ་སོགས་འཕྲལ་ལ་བདེ་ཡང་ཡུན་དུ་འཇོག་ན་རུལ་ཉེན་ཆེ་བའི་རིགས་ཀྱི་སྐྱོན་ཅན་སྤངས་ཏེ། ལོ་གྲངས་ལོན་ཀྱང་མདངས་མི་ཡལ། ། རླན་དང་ཕྲད་ཀྱང་འབྱར་འགོས་མེད། ། བཀྲག་སྣུམ་འོད་དང་ལྡན་པ་ནི། ། གླེགས་བམ་འབྲི་བའི་སྣག་དམ་མཆོག ། ཅེས་གསུངས་པ་ལྟར་གཟབ་གལ་ཆེའོ། །       
        དེང་གི་སྣག་ཚ་ལ། ཤེལ་དམ་དུ་བླུགས་པའི་རྒྱུ་སྣག་གི་ཆུའི་རིགས་དང་། སོལ་རྒྱུའི་སྣག་ཆུ་ཞེས་རྒྱུ་སོལ་བ་ལས་བསྒྲུབས་པའི་ཁ་དོག་སྣག་དང་ཉེ་བ་དང་། ཚོན་གྱི་རིགས་ལས་བྱུང་བའི་སྣག་སྐམ་རློན་སྦྱར་མ་སྣ་ཚོགས་པ་དང་། རིན་གོང་ཆུང་ཞིང་ཐུན་མོང་དུ་སྤྱོད་པའི་སྣག་ཚ་གྲུ་བཞི་ནར་མོ་སྒྲོན་ཤིང་གི་འོད་ལ་སོགས་པར་འབོད་པའི་སྣག་གི་རིགས་མང་ཡང་། དེ་ཐམས་ཅད་ནི་ཤིང་དང་ལྡུམ་བུ་གཏེར་རྡོ་སོགས་ལས་བླངས་པ་དང་། སོལ་བ་ལས་བྱས་པ་དང་། ཡང་ན་ཤིང་སྣ་ཚོགས་ཀྱི་པགས་པ་དང་། འབྲུ་སྣུམ་དང་ཚིལ་གྱི་སྙིགས་མ། གསོམ་ཤིང་དང་རྡོ་སྣུམ་གྱི་སྙིགས་མའི་དུད་དྲེག་སོགས་ལས་བཟོས་པ་ཡིན་པས་གླེགས་བམ་འབྲི་བར་མི་འོས་ལ། དེང་གི་སྣག་ཚ་ཚད་དང་ལྡན་པ་ནི། ཀྲུང་གོའི་རི་མོ་ཞེས་སྣག་ཆུའི་རི་མོར་སྤྱོད་པའི་མདོག་གནག་སྣུམ་ཅན། དྲི་བཟང་པོ། ཤོག་བསེ་དང་གོས་ཀྱི་ཤུབས་དང་བཅས་པའི་སྟེང་དུ་རི་མོ་དང་གསེར་ཡིག་བཀོད་ལེགས་རིན་ཐང་ཆེ་བ་དེ་ཡིན་ལ། རྒྱུ་བོད་དང་མཚུངས་པའི་རབ་སྣུམ་དྲེག་དང་། འབྲིང་སྒྲོན་ཤིང་གཉིས་ལས་ལྷག་པ་མེད་དོ། །
  • ལེ་ཚན་སྔོན་མ།: སྨྱུག་མའི་སྨྱུ་གུར་ངར་བླུད་སྟངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།