བོད་ཀྱི་རླབས་ཆེན་ལོ་རྒྱུས་ཀྱི་དོན་དངོས་ཤིག

ཚེ་ཆེན་གྱིས།    དཀར་མཛེས་ཉིན་རེའི་ཚགས་པར་ལས་བཏུས།    2010-05-27

གློག་བརྙན་《པོ་ཏ་ལའི་ཕོ་བྲང་གི་གསང་གཏམ》་དེས་དངོས་འགོད་རིང་ལུགས་ཀྱི་བྱེད་ཐབས་ཀྱིས་བོད་ལྗོངས་རབ་བྱུང་བཅུ་གཉིས་པའི་ལོ་རྒྱུས་ཤིག་བསྐྱར་དུ་ཐོན་ཡོད་ཅིང་།  གློག་བརྙན་དེས་ལོ་རྒྱུས་ལ་བརྩི་མཐོང་ཆེ་བའི་དངོས་གཙོ་རིང་ལུགས་སྤྱད་ནས་སྐབས་དེའི་བོད་ལྗོངས་ཆབ་སྲིད་དང་དཔལ་འབྱོར་རིག་གནས་བཅས་མཚོན་པ་བྱས་ཡོད་པ་དང་གཞི་ཁྱོན་ཆེ་ལ་བརྗིད་ཉམས་ལྡན་པ་ཞིག་རེད།
  ལོ་རབས་བཅུ་དྲུག་པར། བོད་ལྗོངས་དེ་དོན་དངོས་སུ་དམག་འཁྲུག་གི་ཟིང་ཆའི་ནང་གནས་ཡོད་པས་ལས་རིགས་ཚང་མ་ཉམས་ཆག་སོང་བ་དང་མི་དམངས་ཀྱི་འཚོ་བ་ཧ་ཅང་དཀའ་སྡུག་ཆེན་པོ་ཡིན་པ་རེད། ༡༦༤༢ལོར་ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་པཎ་ཆེན་སྐུ་ཕྲེང་བཞི་པའི་ཚབ་བཞེས་པའི་ཞྭ་སེར་པའི་བསྟན་པའི་བདག་པོ་དང་བོད་རིགས་ཀྱི་མི་རིགས་དཔའ་བོ་ཚོས་སོག་པོ་ཨོ་རོད་ཚོ་བའི་གུ་ཤྲི་ཧན་གྱི་ནུས་ཤུགས་ལ་བརྟེན་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས། སྐབས་དེར་མེས་རྒྱལ་གཅིག་གྱུར་དང་ཀྲུང་དབྱང་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་པ་བྱེད་ཆེད།ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོ་དང་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་མཆོག་གིས་བྱེད་ཐབས་སྣ་ཚོགས་གནང་ནས་མཛད་རྗེས་དཔག་མེད་བཞག་ཡོད་པས་མ་ཚད། ཁོང་ཚོས་རིམ་བཞིན་བོད་ལྗོངས་ཀྱི་སྟོབས་འབྱོར་ཉམས་གསོ་ཡོང་བ་བྱས་ནས་གངས་ཅན་གྱི་རྣམ་པ་ལྷིང་འཇགས་སུ་བཏང་ཡོད་ཅིང་། དགའ་ལྡན་ཕོ་བྲང་གི་སྲིད་དབང་དབང་འཛུགས་དུས། མིང་རྒྱལ་རབས་ཀྱི་དུས་མཇུག་ཡིན་པ་རེད། ཏྰ་ལའི་བླ་མ་དང་པཎ་ཆེན་རྣམ་གཉིས་ཀྱིས་གནས་ཚུལ་དངོས་གཞིགས་ནས་བླ་མ་སེ་ཆེན་ཆོས་རྗེ་ཧྲེན་དབྱང་དུ་མངགས་ནས་མིང་རྒྱལ་རབས་ཀྱི་གོང་མ་ཆོས་ཀྱི་རྒྱལ་པོ་མཇལ། སྤྱི་ལོ་༡༦༥༡ལོར། གོང་མ་ཧྲུན་ཀྲིས་བླ་མ་གཉིས་བཏང་ནས་ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པར་པེ་ཅིན་དུ་གདན་ཞུ་ནན་ཏན་གནང་། དེའི་ཕྱི་ལོར། ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པས་སྐུ་ཞབས་པ་སུམ་སྟོང་དང་བཅས་པ་པེ་ཅིན་དུ་ཕེབས་འབྱོར་གནང་། གོང་མ་ཧྲུན་ཀྲིས་པེ་ཅིན་གྲོང་ཁྱེར་ཕྱི་རོལ་དུ་ཡོང་ནས་ཏྰ་ལའི་བླ་མར་དགའ་བསུ་ཞུས་པ་མ་ཟད། ཐའེ་ཧོ་ཏེན་ཚོམས་ཆེན་ནང་གསོལ་སྟོན་རྒྱ་ཆེན་བཤམས་ཏེ་སྣེ་ལེན་ཞུས་པ་དང་ལེགས་སྐྱེས་མང་པོ་ཕུལ།ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པ་པེ་ཅིན་དུ་ཕེབས་པ་དེས་བོད་ལྗོངས་དང་མེས་རྒྱལ་བར་གྱི་འབྲེལ་བ་མཚོན་ཡོད་པ་དང་ཁོང་གིས་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་གནང་བའི་བྱ་སྤྱོད་མཚོན་ཡོད་པ་རེད། གློག་བརྙན་གྱིས་ད་དུང་གུ་ཤི་ཧན་བདེ་འཇགས་ངང་བཞུགས་སྐབས་སོག་བོད་མི་རིགས་གཉིས་བར་ཁ་འཆམ་མཉམ་གནས་བྱེད་པའི་གནས་ཚུལ་བཀོད་ཀྱི་ཡོད་པ་རེད།འོན་ཀྱང་ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་ཚེ་སྨད་དུ་སླེབས་སྐབས། དགའ་ལྡན་ཕོ་བྲང་གི་སྲིད་དབང་དང་གུ་ཤི་ཧན་གྱི་བུ་ཚ་བར་འགལ་བ་བྱུང་བ་དང་། ཁྱད་པར་དུ་ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་གཤེགས་རྗེས། འགལ་བ་དེ་ཇེ་སྡུག་ཏུ་གྱུར་པ་རེད། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བོད་ལྗོངས་ཀྱི་ཆབ་སྲིད་ཀྱི་རྣམ་པ་ལྷིང་འཇགས་དང་པོ་ཏ་ལའི་ཕོ་བྲང་དམར་པོ་བཟོ་སྐྲུན་བྱེད་པའི་ཨར་ལས་འགྲུབ་པར་བྱེད་ཆེད། ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་གཤེགས་པའི་གནས་ཚུལ་ལོ་བཅོ་ལྔ་ཙམ་གསང་བ་བྱས་པ་རེད། དུས་སྐབས་དེའི་ནང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཚབ་བཞེས་པའི་དགའ་ལྡན་ཕོ་བྲང་དང་གུ་ཤི་ཧན་གྱི་བུ་ཚ་བར་གྱི་འགལ་བ་དེ་ཛ་དྲག་ཤིན་ཏུ་ཆེ་བར་གྱུར་པ་རེད། གནས་ཚུལ་དེ་འདྲའི་འོག་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མེ་ཡོས་ལོར་རྩིས་གཞུང་པད་དཀར་ཞལ་ལུང་མ་བུའི་དོན་བཻ་དཀར་གྱི་རྩིས་འགོ་བཙུགས་པ་དང་། ས་འབྲུག་ལོར་སྨན་གཞུང་བཻ་སྔོན་མཛད། ཤིང་ཁྱི་ལོར་པོ་ལའི་ཕོ་བྲང་དམར་པོ་བཞེངས་པ་སོགས་མཛད་པ་མང་པོ་གནང་།ཡིན་ནའང་གུ་ཤི་ཧན་གྱི་བུ་ཚ་རླ་ཡན་ཧན་དང་ཏར་ཧན་གྱིས་དབང་ཆ་ཤོར་བར་བློ་མི་བདེ་བ་དང་སངས་རྒྱས་རྒྱ་མཚོར་ཐོབ་པའི་གྲུབ་འབྲས་ལ་མི་དགའ་ནས་བྱེད་ཐབས་སྣ་ཚོགས་སྤྱད་ནས་དེའི་ནང་དྲག་ཤུགས་གཏོགས་ཡོད་པ།)དགའ་ལྡན་ཕོ་བྲང་སྲིད་དབང་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོར་ན་ཤུགས་བརྒྱབ་པ་དང་མཐར་དམག་གིས་པོ་ཏ་ལའི་ཕོ་བྲང་སྐོར་རུབ་བྱེད་པའི་གནས་ཚུལ་བྱུང་བ་རེད། ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་གཤེགས་རྗེས། དགའ་ལྡན་ཕོ་བྲང་སྲིད་དབང་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོར་ཉམས་སད་དྲག་པོ་ཐེབས་ཡོད་ཞེས་བཤད་ཆོག་སྔོན་ཆད་རྒྱ་ཡིག་གིས་བྲིས་པའི་བོད་ཀྱི་ལོ་རྒྱུས་ནང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐོར་འབྲི་སྐབས།ཕྱོགས་ཞེན་གྱི་ལྟ་ཚུལ་བཅངས་ཡོད་པས་མ་ཚད།ལོ་རྒྱུས་ཁ་ཤས་ནང་ན་སངས་རྒྱས་རྒྱ་མཚོ་མེས་རྒྱལ་མི་དགའ་བའི་ལྟ་ཚུལ་ཡང་ཡོད། འོན་ཀྱང་གློག་བརྙན་པོ་ཏ་ལའི་ཕོ་བྲང་གི་གསང་གཏམ་གྱི་ལོ་རྒྱུས་ཚན་པ་འདི་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བྱས་རྗེས་དེ་ཚོ་དངོས་སུ་བཀོད་ཡོད་པ་དང་།ཁྱད་པར་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཀྲུང་དབྱང་སྲིད་གཞུང་གི་འགོ་ཁྲིད་དང་བྲལ་བ་བྱེད་བསམ་པ་རེད་ཟེར་བའི་བཤད་ཚུལ་དེ་དངོས་སུ་ཁུངས་ལུང་མེད་པའི་བཤད་ཚུལ་ཞིག་རེད།གལ་སྲིད་ཁོང་ལ་ཁ་བྲལ་བྱ་རྒྱུའི་བསམ་ཚུལ་ཡོད་ན་༡༦༩༣ལོར་ཁོང་གིས་ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་མཚན་ཐོག་ནས་གོ་གནས་གནང་རོགས་ཞུ་བའི་ཞུ་ཡིག་གོང་མ་ཁང་ཞིར་ཕུལ་རྒྱུ་མ་རེད།གལ་སྲིད་བསམ་ཚུལ་དེ་ཡོད་ན་ཁོང་གིས་གོང་མ་ཁང་ཞིར་ཕུལ་བའི་གསང་བའི་ཡི་གེའི་ནང་ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་གཤེགས་པ་གསང་རྒྱ་སྡོམ་པའི་གནས་ཚུལ་དེ་དངོས་སུ་འབྲི་རྒྱུ་མ་རེད།དེ་འདྲ་ཡིན་སྟབས་སངས་རྒྱས་རྒྱ་མཚོའི་རྒྱལ་གཅེས་རིང་ལུགས་ཀྱི་བྱ་སྤྱོད་དེ་གཏན་འཁེལ་བྱེད་དགོས།ཁོང་གིས་བོད་ཀྱི་གསོ་རིག་དང་སྐར་རྩིས་སོགས་ཀྱི་ཐད་བཞག་པའི་མཛད་རྗེས་རླབས་ཆེན་དེ་གཏན་འཁེལ་བྱེད་དགོས།
གློག་བརྙན་《པོ་ཏ་ལའི་ཕོ་བྲང་གི་གསང་གཏམ》་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བཞི་བཅུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད་ཕུལ་བ་འདིར་དངོས་ཡོད་ཀྱི་དོན་སྙིང་ཡོད་པ་རེད།བོད་རིགས་མི་དམངས་ཀྱིས་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ་དང་མེས་རྒྱལ་ལ་དགའ་བ།བཙན་ཤུགས་ལ་མི་སྐྲག་པའི་ལོ་རྒྱུས་དེ་སྔོན་ཆད་ཡིན་ནའང་འདྲ།ད་ལྟ་ཡིན་ནའང་འདྲ་ཕྱིན་ཆད་ཡིན་ནའང་འདྲ་སུས་ཀྱང་བསྒྱུར་ཐུབ་ཀྱི་མ་རེད།

  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།