སྐར་རྩིས་མཁས་པ་ཀུན་དགའ་རིག་འཛིན།

        2011-07-07

1993ལོ་ནས་བཟུང་།བོད་ལྗོངས་བརྙན་འཕྲིན་ལས་ཁུངས་དང་།བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བརྙན་འཕྲིན་དང་རླུང་འཕྲིན་ལེ་ཚན་ཐོག ལྷ་ས་སྨན་རྩིས་ཁང་གིས་ལོ་ཐོའི་འགྲོ་སྟངས་ཇི་བཞིན།ཉིན་རེའི་གནམ་གཤིས་སྔོན་བརྡ་བཏང་བའི་རྗེས།ལས་རིགས་ཁག་གི་མི་ཚང་མས་དེར་དགའ་པོ་གནང་བ་མ་ཟད།སྔོན་བརྡ་བྱས་པའི་གནམ་གཤིས་ཀྱི་ཐིག་ཚད་ཀྱང་ཚད་གཞི་མཐོན་པོར་སླེབས་པ་རེད། ཞིང་འབྲོག་ས་ཁུལ་གྱི་ལོ་ཧྲིལ་པོའི་གནམ་གཤིས་མངོན་པར་གསལ་བའི་བོད་ཀྱི་ལོ་ཐོ་དག་ནི་རྩིས་པ་མཁས་ཅན་རྣམས་ཀྱི་ཞིང་མོའི་བློ་ལ་བརྟེན་ནས་གྲུབ་པ་ཤ་སྟག་ཡིན་པ་མ་ཟད།དེ་ལྟའི་ཡོན་ཏན་ལ་རབ་ཏུ་མཁས་པའི་རྩིས་པ་གྲགས་ཅན་ཀུན་དགའ་རིག་འཛིན་ལགས་ནི་ལྷ་སའི་རྩིས་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་སྟབས།ཆུང་དུས་ནས་ཕ་ཡི་སྐུ་མདུན་ནས་རྩིས་གཞུང་ལ་གསན་སྦྱོང་གནང་ཞིང་།1952ལོར་དངོས་སུ་ལྷ་ས་སྨན་རྩིས་ཁང་ནང་འཛུལ་ནས།སྐར་རྩིས་ཀྱི་གཞུང་ལ་སྦྱང་པ་མཐར་ཕྱིན་གནང་བས།མཐར1957ལོར་སློབ་གྲྭ་ཐོན་ནས།ལོ་གཉིས་པར་སྨན་རྩིས་ཁང་གི་ལས་ཀར་ཞུགས་ཏེ་ད་བར་སྐར་རྩིས་ཞིབ་འཇུག་དང་སློབ་འཁྲིད་བྱེད་པའི་ཕྱག་ལས་ལོ་ངོ40ལྷག་ཙམ་གནང་།ད་ལོ་དགུང་ལོ་63ལ་བྱོན་པའི་ཀུན་དགའ་རིག་འཛིན་ལགས་ཀྱིས་ད་ལྟ་བོད་རང་སྐྱོང་ལྗོངས་སྐར་རྩིས་ལྷན་ཚོགས་ཀྱི་ལི་ཧྲི་གཞོན་པ་དང་།བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་སྐར་རྩིས་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ།སྨན་རྩིས་ཁང་གི་ལོ་ཐོ་བཟོ་རྒྱུ་ལ་སོགས་ཀྱི་ཐུགས་འགན་བཞེས་བཞིན་ཡོད།          2005ལོའི་ཟླ་དང་པོར་ཁ་འཆད་བྱས་པའི་དུས་ཚོད་ལྟར།ང་ཚོ་སྐུ་ཞབས་ཀུན་དགའ་རིག་འཛིན་ལགས་ཀྱི་ཁྱིམ་ལ་འབྱོར་སྐབས།དང་ཐོག་ཡ་མཚན་ཆེན་པོ་སྐྱེ་དགོས་པ་ཞིག་ནི།ཁོང་གི་ཁང་པའི་བར་ཁྱམས་དང་།གཡབ་འོག  གཟིམ་ཤག་བཅས་གང་སར་སྐར་རྩིས་སྦྱོང་མཁན་སློབ་མ་ཤིན་ཏུ་མང་པོ་རིག་རྒྱུ་ཡོད་པ་དེ་རེད།དགུང་ལོ་བཅུ་གྲངས་ནས་སུམ་ཅུའི་ཡས་མས་ཀྱི་སློབ་མ་དེ་རིགས་མང་ཆེ་བ་བོད་ཀྱི་ཞིང་འབྲོག་ས་ཁུལ་དང་དགོན་སྡེ་ཁག་ནས་སྐུ་ཞབས་ཀུན་དགའ་རིག་འཛིན་ལགས་ཀྱི་སྐུ་མདུན་དུ་སྐར་རྩིས་སྦྱོང་བར་ཡོང་བ་ཤ་སྟག་རེད།དེའི་ནང་གི་སློབ་མ་མང་ཆེ་བ་སྐྱིལ་ཀྲུང་བྱས་ནས་ཞིབ་མོའི་བློ་ཡིས་རང་གི་སྦྱོང་ཚན་རྩི་བཞིན་པ་དང་།ལ་ལ་བས་དགེ་རྒན་གྱི་མདུན་དུ་གནད་དོན་བཀའ་དྲིན་ཞུ་ལ།ལ་ལ་མཉམ་དུ་འཛོམས་ནས་ཕན་ཚུན་གྲོས་བསྡུར་བྱེད་པ་ལ་སོགས་པའི་སློབ་སྦྱོང་གི་རྣམ་པ་རིག་མ་ཐག་དགའ་ཚོར་སྐྱེ་དགོས་པ་ཞིག་འདུག  སློབ་མའི་ཁྲོད་དུ་སློབ་འཁྲིད་ཀྱི་ངལ་བར་བྲེལ་བཞིན་པའི་ཀུན་དགའ་རིག་འཛིན་ལགས་ཀྱིས་ང་ཚོ་གཟིགས་མ་ཐག་སྤྲོ་བ་ལྷག་པར་བརྟས་པའི་རྣམ་འགྱུར་དང་བཅས།ང་སྐར་རྩིས་བསླབ་རྒྱུར་ཧ་ཅང་དགའ་པོ་ཡོད།གང་ལགས་ཤེ་ན།རང་ཉིད་སྐྱེ་ས་རྩིས་པའི་ཁྱིམ་ཚང་ཡིན་སྟབས།སྐར་རྩིས་དང་བཅས་པའི་བོད་ཀྱི་རྩིས་གཞུང་དག་ལ་རང་ཉིད་དགའ་ཞེན་ཆེན་པོ་ཡོད།དེར་བརྟེན་དེ་འབྲེལ་གྱི་ཡོན་ཏན་པ་སྔར་བས་མང་བ་ཞིག་གསོ་སྐྱོང་བྱས་ནས།སྲོལ་རྒྱུན་གྱི་ཚན་རིག་དེ་མི་རབས་ནས་མི་རབས་བར་ཉམས་མེད་འཛིན་སྐྱོང་བྱ་རྒྱུ་ནི་ང་ཚོའི་ལས་འགན་རེད།ཅེས་གསུང་གི་འདུག 1978ལོར་རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་ཐོག་བློ་མཐུན་ཏེང་ཞའོ་ཕིང་ཕིན་གྱིས་གལ་ཆེའི་གསུང་བཤད་གནང་བའི་རྗེས།རིག་གནས་གསར་བརྗེ་ཆེན་པོའི་དུས་སུ་གཏོར་བཤིག་ཕོགས་ནས་མཉམ་རྒུད་དུ་སོང་བའི་རང་རྒྱལ་གྱི་ཚན་རིག་གི་མེ་རོ་དེ་བསྐྱར་དུ་གསོས་ནས།ཀྲུང་གོའི་ཚན་རིག་དེ་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་འཕེལ་རྒྱས་བྱུང་བ་རེད།དེའི་ཚེ་ཤོས་ཡོན་ཅན་རྣམས་རང་གི་ལས་གནས་ངོ་མར་ལོག་དགོས་པའི་སྲིད་ཇུས་ཀྱི་དགོངས་པ་ལྟར།རིག་གནས་གསར་བརྗེ་ཆེན་པོའི་དུས་སུ།ལྷ་ས་ཁ་གདན་བཟོ་གྲྭར་ཕྱག་ལས་ཙག་ཙིག་གནང་ནས་བཞུགས་དགོས་བྱུང་བའི་ཀུན་དགའ་རིག་འཛིན་ལགས་སྨན་རྩིས་ཁང་ལ་ལོག་ཐུབ།  བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་པ་འཛིན་མཁན་སྟོངས་ལ་ཉེ་བའི་སྐབས་དེར།བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་དབུ་འཛིན་བྱམས་པ་འཕྲིན་ལས་ལགས་ཀྱིས་ཁོང་ལ་ང་རང་གཉིས་ཀ་དབུ་འཛིན་སྐུ་གོང་མ་མཁྱེན་རབ་ནོར་བུའི་དངོས་སློབ་ཡིན་པས།བོད་ཀྱི་རྩིས་གཞུང་རྣམས་མི་རབས་རྗེས་མར་བསླབས་ནས་ཉམས་མེད་འཛིན་སྐྱོང་བྱེད་པའི་འོས་བབ་ང་གཉིས་ལ་ཡོད།དེར་བརྟེན་རྗེས་སུ་གཉིས་ཀས་སློབ་མ་བསྡུས་ནས།སྨན་སྦྱོང་འདོད་ཡོད་པ་རྣམས་ངའི་སློབ་མར་བསྡུ་རྒྱུུ་དང་།སྐར་རྩིས་སྦྱོང་འདོད་ཡོད་པ་རྣམས་ཁྱེད་ཀྱི་སློབ་མར་བསྡུ་རྒྱུ་མ་ཟད།སུས་ཀྱང་སློབ་ཡོན་བླངས་མི་ཆོག 
དེའི་དམིགས་ཡུལ་ནི་ང་ཚོ་ཤེས་པའི་ཡོན་ཏན་དང་འཇོན་ནུས་རྣམས་རིན་དོད་མེད་པར་མི་རབས་རྗེས་མར་བསླབས་ནས།བླ་ན་མེད་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་ཉམས་མེད་འཛིན་སྐྱོང་ཡོང་བའི་ཆེད་དུ་ཡིན།ཞེས་གསུངས།  ད་ཕན་ཀུན་དགའ་རིག་འཛིན་ལགས་ཀྱིས་སློབ་མ་བསྡོམས300ལྷག་ཙམ་གསོ་སྐྱོང་གནང་།ཞིང་ཆེན་དང་རང་སྐྱོང་ལྔ་ཡི་ཁོངས་སུ་གཏོགས་པའི་བོད་རིགས་ས་ཁུལ་མང་ཆེ་བར་ཀུན་དགའ་རིག་འཛིན་ལགས་ཀྱི་སློབ་མ་ཡོད་པ་མ་ཟད།དེ་རིགས་ཀྱི་ནང་ནས་སློབ་མ་བརྒྱད་ཙམ་ཞིག་ལ་ལོ་ཐོ་འབྲི་བའི་ཆུ་ཚད་ཡོད་པ་དང་།དེ་བྱིངས་རྣམས་ལ་ལོ་ཐོ་བལྟས་ནས་ཉམས་ལེན་བྱེད་པའི་ཆུ་ཚད་ཡོད།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
  • ལེ་ཚན་སྔོན་མ།:མི་རྗེ་བཀྲ་ཤིས་ཚེ་རིང་། ནམ་ཡང་མི་ནུབ་པའི་སེམས་ཁོང་གི་ཉི་མ།
  • ལེ་ཚན་རྗེས་མ།:བོན་གཞུང་ཆེད་མཁས་ཚེ་རིང་ཐར་མཆོག་གི་ངོ་སྤྲོད་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།