ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུས།

        2010-08-31

    ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ཁོང་། ལ་སྟོད་ལྷོའི་དཔྱད་ལུང་ཤར་གྱི་བོང་ར་ཞེས་པར་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་རབ་ཏུ་བྱུང་། ཕར་ཚད་མངོན་པ་གསུམ་ལ་མཁས་པར་སྦྱངས། བདེ་ཀྱེ་དུས་འཁོར་གྱི་རྒྱུད་མང་དུ་གསན། འགྲོ་མགོན་འཕགས་པ་རིན་པོ་ཆེར་ལོ་ཙཱ་སློབ་ཏུ་འགྲོ་བས་རྫོང་བར་ཞུ་ཞུས་པས། དེ་ལྟ་བུའི་བློ་སྐྱེ་བ་བཟང་། རེ་ཞིག་གཞུང་ལུགས་གསར་བ་བསྒྱུར་བའི་ནུས་པ་མ་བྱུང་ཡང་། པཎྜི་ཏ་ལ་སློབ་གཉེར་དང་དྲི་གཏུགས་ལེགས་པར་གྱིས་ཤིག ཅེས་གསུངས་ཤིང་སློབ་གཉེར་དུ་འགྲོ་བའི་མཐུན་རྐྱེན་སྦྱར། ཤོང་གི་ཐུགས་ལ་སྐྱེས་ཐོབ་ཀྱི་བློ་གྲོས་ནི་ཕུན་སུམ་ཚོགས། སྦྱངས་སྟོབས་ཀྱི་ཡོན་ཏན་རང་ལ་རག་ལས་པས་གསར་འགྱུར་ཅིས་མི་ནུས་སྙམ་ཞིང་། འགྲོ་མགོན་འཕགས་པ་རིན་པོ་ཆེའི་ཞབས་ཞུ་མདོ་སྨད་པ་བློ་གྲོས་རྒྱལ་བོ་ཟེར་བ་དང་འགྲོགས་ནས་བལ་བོར་བྱོན། པཎྜི་ཏ་ས་དབང་བཟང་བོའི་དྲུང་དུ་སྒྲ་སྙན་ངག་མངོན་བརྗོད་སྡེབ་སྦྱོར་སོགས་ལ་བྱང་བར་བསླབས་ནས་སླར་བོད་དུ་ལོག འགྲོ་མགོན་འཕགས་པའི་བཀའ་གསུང་ལྟར་དུས་འཁོར་རྒྱུད་འགྲེལ་ཤོང་འགྱུར་ཞེས་འགྱུར་ལེགས་ཤོས་སུ་བརྩི་བ་དེ་གསར་དུ་བསྒྱུར། སླར་རྒྱ་གར་དུ་བྱོན་ནས་པཎྜི་ཏ་ལཀྵིཾ་ཀ་ར་བོད་དུ་གདན་དྲངས་ཏེ། ལོ་པཎ་ཟུང་འབྲེལ་གྱིས་ཙནྡྲ་བའི་མདོ་སྦྱོར་བའི་རྩ་འགྲེལ། བཟློག་པ་བསྡུས་པ་རྩ་འགྲེལ། སློབ་དཔོན་སུ་པ་རཀྵི་ཏས་མཛད་པའི་སྨྲ་བ་ཀུན་ལ་འཇུག་པ་རྩ་འགྲེལ། སློབ་དཔོན་སེང་གེ་བཟང་བོས་མཛད་པའི་རྣམ་དབྱེའི་ལེའུ་སོགས་སྒྲ་རིག་པའི་གཞུང་དུ་མ་དང་། སྙན་ངག་རིག་པའི་གཞུང་སྙན་ངག་མེ་ལོང་དང་། སྙན་ངག་གི་བསྟན་བཅོས་དཔག་བསམ་འཁྲི་ཤིང་། ཟློས་གར་གྱི་བསྟན་བཅོས་ཀླུ་ཀུན་ཏུ་དགའ་བའི་ཟློས་གར། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་བ། འཇམ་དཔལ་གྱི་བསྟོད་པ་པྲྀ་ཏ་མ་ལ་སོགས་སྔར་མ་བསྒྱུར་བ་མང་བོ་གཞི་འགྱུར་མཛད། མངོན་བརྗོད་འཆི་མེད་མཛོད་ལ་འགྱུར་མཆན་མཛད་ཅིང་། སྒྲ་རིག་པ་དང་སྙན་ངག་རིག་པའི་བཤད་རྒྱུན་སྤེལ། ཁོང་ནི་བོད་དུ་ཐ་སྙད་རིག་གནས་དར་བར་ཕྱག་རྗེས་བླ་ན་མེད་པ་བཞག་པའི་ལོ་ཙཱ་བ་དང་མཁས་པ་གྲགས་ཆེན་ཞིག་གོ།
  • ལེ་ཚན་སྔོན་མ།:འགོས་ལོ་ཙཱ་བ་གཞོན་ནུ་དཔལ།
  • ལེ་ཚན་རྗེས་མ།:དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ།