བོད་ཀྱི་བཟའ་བཏུང་རིག་གནས།

རྡོ་རྗེ་བྱམས་ཀྱིས།        2010-05-12

སྔོན་གྱི་དུས་སུ་བོད་རིགས་ཀྱི་བཟའ་བཏུང་གཙོ་བོ་ནི་རྩམ་པ་དང་།ཤ་མར།གྲོ་ཞིབ་སོགས་ཡིན་ཞིང་།རྩམ་པ་ལའང་དབྱེ་ན་གཙོ་བོ་ནས་རྩམ་དང་།སྲན་རྩམ།གྲོ་རྩམ་སོགས་ཀྱི་རིགས་དབྱེ་སྣ་ཚོགས་ཡོད།རྩམ་པ་ནི་ཐོག་མར་ཡོས་བརྔོས་རྗེས་ལག་སྐོར་རམ་རང་འཐག་ཏུ་ཕྱེ་མར་བཏགས་རྗེས་ད་གཟོད་ཇ་སོགས་རྫི་ཁུ་ཉུང་ཙམ་བླུགས་ཏེ་མཛུབ་མོས་གཡོས་ནས་ཟོས་ཆོག་ཅིང་ཧ་ཅང་སྟབས་བདེ་ཡིན་པས།ཟས་རིགས་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་རེད། རང་རེའི་བོད་ལ་རྩམ་པ་འཐག་པའི་སྲོལ་དེ་ནི་དུས་ནམ་ཞིག་ནས་དར་རམ་ཞེ་ན།ལྷ་ལྡན་གཙུག་ལག་ཁང་གི་ཤར་ངོས་སུ་ཡོད་པའི་འཇུན་པ་ཞེས་པའི་ཁང་བ་དེ་བཤད་རྒྱུན་དུ་སྔར་གཙུག་ལག་ཁང་བཞེངས་སྐབས་ཀྱི་ལས་མིའི་རྩམ་པ་འཐག་ཁང་ཡིན་པ་དང་།དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུའི་ནང་དུའང་དེའི་ནང་དུ་ལྷ་ཁང་ཆུང་ངུ་ཞིག་ཡོད་པ་དང་ལྷ་ཁང་དེའི་ནང་དུ་གཙུག་ལག་ཁང་བཞེངས་སྐབས་ཀྱི་ལས་མིའི་རྩམ་པ་འཐག་བྱེད་ཡིན་ཟེར་བའི་རང་འཐག་ཅིག་ཀྱང་ཡོད་པ་ལྟར་ན།རང་འཐག་དེ་ལ་མ་མཐར་ཡང་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པས་དེ་ལ་དཔག་ན་རང་རེའི་བོད་ལ་སྐབས་དེ་དུས་ནས་རྩམ་པ་འཐག་སྲོལ་ཡོད་པར་སྙམ།  གྲོ་ཞིབ་བཏགས་ནས་བག་ལེབ་བཟོ་བའི་ལོ་རྒྱུས་སྐོར《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས》ཞེས་པརg“སྡེར་མའི་དོད་དུ་ཕྱིང་བ་བཏིང་ནས་བྱེད།ཡང་ན་བག་ཕྱེ་ལས་སྐྱོར་ར་ཞིག་བཟོས་ཏེ་འོ་མ་སོགས་བཏུང་ཞིང་རྟིང་སོར་དེ་ཡང་ཟ”ཞེས་འཁོད་པ་བཅས་གོང་གསལ་གནད་དོན་གཉིས་ལ་དཔག་ན་རྩམ་པ་བྱུང་ནས་མ་མཐའ་ཡང་ལོ་ངོ་སྟོང་ཕྲག་འགའ་ཞིག་ཡོད་པར་ངེས།འབྲས་ནི་བོད་ཀྱི་འབྲས་ལྗོངས་སོགས(གནའ་དུས་སུ་འབྲས་ལྗོངས་ནི་རང་རེའི་བོད་ལྗོངས་ཀྱི་མངའ་ཁོངས་ཡིན)རོང་ས་ལྟ་བུ་ས་ཁུལ་ཉུང་ཤས་ནས་མ་གཏོགས་སྨིན་མི་ཐུབ་ཀྱང་།རྒྱ་གར་དང་བལ་ཡུལ་སོགས་ནས་ནང་འདྲེན་བྱས་ཏེ་བོད་རིགས་ཀྱི་འཚོ་བའི་ནང་དུ་སྤྱད་དེ་མ་མཐར་ཡང་ལོ་ངོ་སྟོང་ཕྲག་སོང་ཡོད་པ་ནི་ལོ་རྒྱུས་ཡིག་ཚང་མང་པོར་འཁོད་པ་བཞིན་ནོ།།དེ་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཞབས་འཛུགས་ཀྱི་དགའ་སྟོན་ཉིན་མོར་སྣ་ནམ་པ་རྣམས་གཡས་གྲལ་དང་རྒྱ་རྣམས་གཡོན་གྲལ་དུ་བསྡད་ནས་རྒྱལ་པོ་ཡབ་ཀྱིས་གསེར་སྐྱོགས་འབྲས་ཆང་གིས་བཀང་བ་སྲས་ཀྱི་ཕྱག་ཏུ་གཏད་ནས“སྣོད་གསེར་སྐྱོགས་ཆང་གིས་བཀང་བ་འདི།།བུ་ཁྱོད་རང་གི་ཞང་པོའི་ལག་ཏུ་ཐོད”ཅེས་སོགས་གསུངས་པའི་ལོ་རྒྱུས་ལ་གཞིགས་ཚེ་ལོ་ངོ་སྟོང་ཕྲག་ལྷག་གིས་ཡར་སྔོན་ནས་བོད་ལ་འབྲས་ཆང་ཡང་ཡོད་པ་ལས་བོད་མིས་སྐབས་དེ་དུས་ནས་འབྲས་བཟའ་བཏུང་དུ་བེད་སྤྱོད་བཞིན་ཡོད་པ་གསལ།  ཤ་ནི་གདོད་མའི་དུས་ནས་བཟུང་བོད་ཀྱི་འཚོ་བའི་ཁྲོད་ཀྱི་མེད་དུ་མི་རུང་བའི་ཟས་རིགས་ཤིག་ཡིན་ལ།“ཤ་ཟ་གདོང་དམར་བོད་ཀྱི་དམག་དཔུང”ཞེས་པ་ལས་ཀྱང་གོ་ནུས་པ་བཞིན།བོད་ཀྱི་མེས་པོ་དག་གིས་དང་པོ་ཁ་ཟས་སུ་ཤིང་འབྲས་བརྟེན་ཞིང་དེ་ནས་རིམ་བཞིན་རི་སྐྱེས་སྲོག་ཆགས་སྒོ་ཕྱུགས་སུ་བཀུག་སྟེ་དེ་དག་གི་ཤ་ཟོས་པ་དང་པགས་པ་རྒྱབ་ལ་གྱོན་ཞིང་འཚོབ་བསྐྱལ་ནས་བོད་ཀྱི་མེས་པོ་དག་གིས་རི་སྐྱེས་སྲོག་ཆགས་རྣམས་སྒོ་ཕྱུགས་སུ་བཀུག་ནས་ཕྱུགས་རིགས་འཚོ་སྐྱོང་བྱེད་པའི་འབྲོག་སྡེའི་ཚོ་བ་རྣམས་ཐོག་མར་བྱུང་བ་ཡིན་ལ།ཤ་ནི་འབྲོག་པར་མ་ཟད་ཞིང་ལས་དར་སོ་ཆེ་བའི་བོད་ཀྱི་རོང་བའི་ཡུལ་གྲུ་རྣམས་སུའང་ཟས་ཀྱི་གཙོ་གྲས་སུ་འཛིན།དགུན་གྱི་དུས་སུ་ནོར་ལུག་གི་ཤ་གསར་བ་ཟ་ཞིང་།དཔྱིད་དང་དབྱར་གྱི་དུས་སུ་ཤ་སྐམ་(ཤ་གསར་ཆེད་དུ་སྐམ་པ་ལ)གྱི་རིགས་གཙོ་བོར་བྱེད།སྤྱིར་བཏང་དུ་བོད་ཀྱིས་རྨིག་ཐོགས་ཅན་གྱི་ཤ་སྟེ་ནོར་དང་ལུག་གི་ཤ་ཟས་སུ་བསྟེན་པ་ལས།སྡེར་མོ་ཅན་དང་ཉ་སྦལ་སྲིན་གྱི་རིགས་ཟ་བ་མ་ཡིན་ནོ།འོན་ཀྱང་དུས་ཀྱི་འཕོ་འགྱུར་གྱི་དབང་གིས་ད་ལྟ་ཆུར་གནས་སྲོག་ཆགས་ཀྱི་རིགས་ཏེ།ཉ་ཤའི་རིགས་ཟ་བའང་ཡོད་དོ།།  བོད་རིགས་ཀྱི་བཏུང་བྱ་གཙོ་བོ་ནི་ཇ་དང་།འོ་མ།ཆང་།ཞོ་བཅས་ཡིན་ཞིང་།དེ་ཡང་ཇ་ནམ་བྱུང་བའི་སྐོར་ལ་ལོ་རྒྱུས་འདི་འདྲ་ཞིག་ཡོད་དེ།བོད་ཀྱི་བཙན་པོ་འདུས་སྲོང་མང་པོ་རྗེར་བསྙུན་གཞི་ཕོག་ཅིང་ཚ་བ་རྒྱས་ཏེ་སྨན་པར་བསྟེན་ཀྱང་དྲག་སྐྱེད་མ་བྱུང་བའི་ཚེ།ཉིན་ཞིག་ཕོ་བྲང་གི་པུ་ཤུའི་ཟུར་དུ་སྔར་མཐོང་མ་མྱོང་བའི་བྱ་ཞིག་གིས་ཁ་ལ་ཤིང་དུམ་ལོ་མ་ཅན་ཞིག་བཟུང་ནས་སྐད་སྙན་སྒྲོག་པ་རྒྱལ་བློན་ཚོས་གཟིགས་ཀྱང་དེ་ལ་དོ་སྣང་མ་བྱས།དེའི་རྗེས་སུའང་ཉིན་འགའ་ཤས་རིང་ཞོགས་པ་ཉི་མ་ཤར་བའི་མཚམས་སུ་བྱ་དེ་འོངས་ཤིང་སྔར་བཞིན་བྱས་པས་རྒྱལ་བློན་ཚོའི་ཐུགས་ལ་དེ་ནི་ལྷ་ཡིས་རྒྱལ་པོར་གསོལ་སྨན་ཕུལ་པར་ཡིད་ཆེས་སྐྱེས་ཏེ་ཤིང་དུམ་དེ་ཆུའི་ནང་དུ་བསྐོལ་ནས་རྒྱལ་པོར་ཕུལ་པས།རྒྱལ་པོའི་སྐུའི་ཚ་བ་འཇགས་ཤིང་བསྙུན་གཞི་དྭངས་པའི་ལོ་རྒྱུས་རྒྱ་བོད་ཀྱི་རྒྱལ་རབས་དུ་མར་གསལ་བ་ལྟར།ཤིང་དུམ་ལོ་མ་ཅན་དེ་ནི་ཇ་ཤིང་ཡིན་པས་དེ་ནས་བཟུང་བོད་རིགས་ཀྱིས་ཇ་འཐུང་བའི་སྲོལ་བྱུང་བ་དང་།མེས་རྒྱལ་ནང་ཁུལ་ནས་ཇ་ནང་འདྲེན་བྱས་ཤིང་།ཇ་རིགས་མི་འདྲ་བ་དུ་མ་ཡོད་པར་བཤད།བོད་ཇ་ནི་འཛམ་གླིང་མི་རིགས་གཞན་གྱི་ཇ་དང་མི་འདྲ་ཞིང་།ཇ་སྐོལ་ཚུལ་དང་བསྲུབ་སྟངས་དམིགས་བསལ་ཡིན་པའི་དབང་གིས་རོ་བཅུད་ཁྱད་པར་ཅན་ཞིག་ལྡན།ཇ་ཐང་དང་སྲུབ་མ་གང་ཡིན་ཀྱང་དེར་ཚྭ་འདེབས་ཀྱིན་ཡོད་པས་དྲོ་བ་ཆེ་ཞིང་ལྷག་པར་དུ་ཇ་སྲུབ་མ་ནི་བར་དང་ཚྭ་བསྲེས་ཏེ་བསྲུབས་པ་ལ་བརྟེན་ནས་བྱུང་བས།འཐུངས་ན་འཇམ་ཞིང་བྲོ་བ་དང་བཅུད་ཆེ།ས་མཐོ་ལ་སྐམ་ཤས་ཆེ་བའི་ཁོར་ཡུག་ལ་ཤིན་ཏུ་འཚམ་པ་ཡིན་ཏེ་མིད་པ་མི་སྐམ་པ་དང་མཆུ་མི་གས་པ།ངལ་དུབ་སེལ་ནུས་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་རེད།  བཤད་མ་ཐག་པའི་བཟའ་བཏུང་གི་སྐོར་དེ་དག་གཙོ་བོ་ཙམ་ཡིན་པ་ལས་འབྲས་དང་ཤ རྩམ་པ།གྲོ་ཞིབ་བཅས་དང་མཉམ་དུ་ད་ལྟ་སྤྱི་ཚོགས་འཕེལ་འགྱུར་གྱི་དབང་གིས་བརྔོས་པ་དང་།སྲེག་པ།བཙོས་པ་སོགས་གཡོས་སྦྱོར་ཅི་རིགས་བྱེད་ཀྱིན་ཡོད་ལ།ཞོག་ཁོག ལ་ཕུག ཀེའུ ཙོང་སོགས་སྔོ་ཚལ་གྱི་རིགས་ཧ་ཅང་མང་པོ་བྱུང་ཡོད་དོ།
 
  • ལེ་ཚན་སྔོན་མ།:དཀར་མཛེས་ཆུ་གཤེར་རྩམ་པ།
  • ལེ་ཚན་རྗེས་མ།:བོད་ཀྱི་བཟའ་བཏུང་རིག་གནས་ཀྱི་འཕེལ་འགྱུར།