ཁམས་མི་ཉག་ཡུལ་གྱི་བུད་མེད་ཀྱི་རྒྱན་གོས།

        2014-12-02

ཁམས་མི་ཉག་ཡུལ་གྱི་བུད་མེད་ཀྱི་རྒྱན་གོས།

མི་ཉག་གི་ཁྱད་ཆོས་འབུར་དུ་ཐོན་པའི་བུད་མེད་ཀྱི་རྒྱན་གོས་ལ་མི་ཉག་རང་གི་སྐད་དུ་༼འབག་རྒོ༽ཟེར་ལ།སྟོད་འགག་དང་སྨད་ཤམ་གྱི་རྣམ་པ་ཟུང་འབྲེལ་གྱིས་བཟོ་དྲུབ་བྱས་པ་ཞིག་ཡིན་ལ།དེའི་རྒྱུ་གཙོ་བོ་ཕྲུག་དང་སྣུམ་བུ།ལུག་བལ་བཅས་ཀྱིས་གྲུབ་ཅིང་།ཕྲུག་དང་སྣུམ་བུ་ལ་ཁ་དོག་དཀར་སེར་དམར་ལྗང་སོགས་ཁ་དོག་སྣ་ལྔའི་ཚོན་གྱིས་སྡེབ་སྦྱོར་བྱས་ཏེ་འཐག་བཟོ་བྱས་པ་ཞིག་ཡིན་པས།མི་ཉག་བུད་མེད་ཀྱི་རྒྱན་གོས་ལའང་ཁ་དོག་དཀར་སེར་དམར་ལྗང་གི་ཚོན་བསྡེབས་ཏེ་བཟོ་དྲུབ་བྱེད་དགོས་པ་ཞིག་ཡིན་པས་ཁ་དོག་དེ་དག་གིས་གནམ་སྔོན་པོ་དང་སྤྲིན་དཀར་པོ།ས་སེར་པོ་སོགས་དང་འབྲེལ་བ་ཡོད་པ་མཚོན་གྱི་ཡོད་པ་རེད།བཟོ་དྲུབ་བྱེད་སྟངས་རྒྱན་གོས་གཞན་པ་བཟོ་དྲུབ་བྱེད་ལུགས་དང་གཏན་ནས་མི་འདྲ་ལ་དཀར་སེར་དམར་ལྗང་སོགས་ཁ་དོག་མང་པོ་བསྡེབས་ཏེ་ཁོག་སྨད་ཀྱི་གོས་ཧྲིལ་པོ་ཆག་པ་བྱས་ཏེ་དྲུབ་བཟོ་བྱེད་དགོས་པ་ཞིག་ཡིན་ལ།ཆག་པ་ལའང་ཆག་པ་དྲུག་ཅུ་ཅན་དང་ཆག་པ་བརྒྱད་ཅུ་ཅན།ཆག་པ་བརྒྱ་དང་བརྒྱད་ཅན་སོགས་སོ་སོར་བརྒལ་ཏེ་དེའི་ནང་གི་གོས་ཀྱི་རིན་ཐང་ལ་དབྱེ་བ་འབྱེད་རྒྱུ་ཡོད་པ་རེད།ཁོག་སྟོད་ལའང་རྒྱུ་ཆ་དེ་དག་གིས་གྲུབ་པའི་སྟོད་ཐུང་ཞིག་གྱོན་རྒྱུ་ཡོད་ལ་དེའི་ནང་ལ་ནང་འཇམ་དང་སྟོད་འགག སྨད་ཀྱི་པང་ཁེབས་སོགས་བོད་ཁུལ་གྱི་ས་གཞན་ལ་མེད་པའི་ཁྱད་ཆོས་འབུར་ཐོན་གྱི་རྒྱན་གོས་ཤིག་ཡིན།རྒྱན་གོས་འདི་ནི་གཙོ་བོ་གཉེན་སྟོན་དང་དུས་ཆེན།དུས་སྟོན་གྱི་སྐབས་སུ་གྱོན་རྒྱུའི་རིགས་ཤིག་ཡིན།
  • ལེ་ཚན་སྔོན་མ།:སྐྱེས་ཕོ་མོའི་རྒྱན་ཆ།
  • ལེ་ཚན་རྗེས་མ།:ཁམས་མི་ཉག་ཡུལ་གྱི་རྒྱན་གོས།