ལྷ་སའི་ཉེ་རབས་ཀྱི་རྒྱན་གོས།

    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།    2013-08-19

ལྷ་སའི་ཉེ་རབས་ཀྱི་རྒྱན་གོས།
ལྷ་ལྡན་གྱི་གཞོན་ནུ་མའི་གཟབ་མཆོར་རྒྱན་གོས།

     ལྷ་སའི་དཔོན་རིགས་རྣམས་རང་རང་སོ་སོའི་ལས་གནས་ལ་གཞིགས་པའི་ལས་གོས་རྣམ་གྲངས་མང་ཞིང་།རྒྱུ་ཆ་དང་།བཟོ་དབྱིབས།ཚོས་གཞི་སོགས་རྣམ་པར་བཀྲ་བ་མིག་འཁྲུལ་བ་ཞིག་ཡོད།ཆས་གོས་དེ་རྣམས་ཀྱི་ཁྲོད་དུ་དེ་སྔ་ནས་བོད་རིགས་རང་གི་ཆས་ལུགས་སུ་གྱུར་པ་རིན་རྒྱན་དང་རྒྱ་ལུ་ཆས་སོགས་ཡོད་པ་མ་ཟད།བར་སྐབས་མོང་གོལ་དཔོན་རིགས་ཀྱི་ཆས་སུ་གཏོགས་པ་ཁར་ཁ་སུ་དང་ཞྭ་མོ་ཝ་གི་སོགས་ཀྱང་ཡོད།དཔོན་རིགས་རྣམས་ནི་ནམ་དུས་སོ་སོ་དང་མཛད་སྒོ་འདྲི་མིན་སོ་སོར་གཏན་འབེབས་གཞིར་བཟུང་གི་ཆས་ལུགས་མི་འདྲ་བ་མནབ་ལ།དེ་སྔ་ཆིབས་བསྒྱུར་སྐབས་སེར་སྐྱ་དཔོན་རིགས་ཁག་རང་རང་སོ་སོར་ཐ་དད་པའི་གཟབ་བཞེས་མ་ཟད།རྟ་ཆས་ལའང་གསེར་ཚགས་ཀྱིས་མཛེས་པར་བྱས་ཤིང་གཡུ་བྱུར་སོགས་ཀྱིས་ལེགས་པར་བརྒྱན་པའི་གསེར་སྒ་དང་།གསེར་སྲབ།གསེར་རྨེད།དོམ་དོམ།དཔྲལ་ཁེབས།ཆིབས་ཏོག །ཟར་ཆེན།ཟར་ཆུང་།སྒ་ཤུབས་སོགས་ཀྱི་རྒྱན་སྤྲོས་མཛེས་པར་སྤུད་པ་སོགས་དཔོན་རིགས་རིམ་པ་ཁག་དང་ལས་ཚན་སོ་སོའི་རྒྱན་གོས་རེ་རེ་བཞིན་འགོད་པ་ལ་རྣམ་གྲངས་ཤིན་ཏུ་མང་། ཉེ་རབས་ལྷ་སའི་སྐྱེས་པ་རྣམས་ཀྱི་གཞི་རྩའི་གྱོན་ཆས་ཕུ་ཆེན་རང་ཡིན་པ་ལས་བུད་མེད་ལྟར་ཕུ་མེད་གྱོན་སྲོལ་མེད་ཀྱང་།དབྱར་དུས་སུ་ཕུ་ཐུང་གཡས་པ་འབུད་པ་དང་།ཧ་ཅང་ཚ་བའི་དུས་སུ་ཕུ་ཐུང་གཉིས་ཀ་ཕུད་དེ་སྐེད་པར་དཀྲིས།དགུན་དུས་སུ་རྒྱབ་ཤ་འདྲ་མིན་གྱི་པགས་རྩག་གྱོན།ལོ་ན་གཞོན་པ་རྣམས་ཀྱིས་ཕྱུ་པའི་རྒྱབ་ཕྱོགས་སུ་རྐུབ་སུལ་བཞི་ནས་དྲུག་བར་སྒྲིག་པ་དང་།ལ་ལས་ལུས་ཀྱི་སྟ་ཟུར་ལ་ཟུར་ལྟེབ་སྒྲིག་པ་དང་།རྐང་པར་ཀོ་ལྷམ་དང་།ཟོམ་པ།འཇུར་རྟ་ཡུ་རིང་བཅས་རང་འདོད་ལྟར་གྱོན།མགོ་ལ་དབྱར་དུས་དུ་ཕྱིང་ཞྭ་དང་།དགུན་དུས་སུ་ཚེ་རིང་སྐྱིན་ཁེབས།འཇའ་བཏང་པགས་སློག་བཅས་གྱོན།སྤྱིར་ན་སྐྱེས་པ་མང་ཆེ་བས་ཆུང་དུས་སྐྲ་ལྕང་ལོ་ལ།རྣ་ཅོག་གཡས་པར་གཡུ་བྱུར་དང་གཡོན་མར་ཨ་ལོང་འདོགས་ཀྱང་།མི་དྲག་རྣམས་ཀྱི་བུ་ཚོས་ལྕང་ལོར་གའུ་རྒྱག་པ་དང་རྣ་ཅོག་གཡོན་མར་སོག་བྱིལ་འདོགས་སྲོལ་ཡོད། ལྷ་སའི་བུད་མེད་རྣམས་ཀྱི་གཟབ་མཆོར་སྐབས་ཀྱི་རྒྱན་ཆ་ནི་ལྷག་པར་མཛེས་ཤིང་།
འཇིག་རྟེན་གྱི་མི་རིགས་གཞན་པ་སུ་དང་ཡང་མི་འདྲ་བར་བོད་མི་རིགས་རང་གི་དམིགས་བསལ་ཁྱད་ཆོས་ཤུགས་ཆེན་ལྡན་པ་ཞིག་ཡིན།ཉེ་རབས་ཀྱི་ལྷ་སའི་བུད་མེད་ཀྱི་གྱོན་ཆས་ནི་བོད་མི་གཞན་དང་འདྲ་བར་ཕྱུ་པ་གོན།དེ་ཡང་གོས་ཆེན་དང་།ཐེར་མ།རས།སྣམ་བུ་སོགས་ཀྱིས་བཟོས་ཏེ།སྟོན་དཔྱིད་གཉིས་ལ་ཕུ་ཡོད་དང་།དབྱར་ཁ་ཕུ་མེད།དགུན་དུས་སུ་པགས་རྩག་བཅས་གྱོན།ལྷམ་ནི་ཟོམ་པ་དང་འཇུར་རྟ་རང་འདོད།ཆུང་དུས་ནས་སྐྲ་ལ་ལྕང་ལོ་འཇོག །བུ་མོས་ལྕང་ལོའི་ཐོག་ལྟག་འཛར་ཞེས་གཡུ་དང་བྱུ་རུ་སྤེལ་མར་བསྒྲོགས།མི་དྲག་ཆེ་གྲས་ཀྱི་བུ་མོ་རྣམས་ལྟག་འཛར་གྱི་སྟོད་དུ་གའུ་དང་།རྣ་བར་མུ་ཏིག་དང་ཕ་ལམ་སོགས་རང་གི་འཁོས་བབ་ལ་དཔག་པའི་རིན་པོ་ཆེའི་རྣ་རྒྱན་འདྲ་མིན་འདོགས།བུ་མོ་རྣམས་ལོ་ན་འཚར་ཏེ་མནའ་མར་མ་སོང་གོང་དུ་ཕ་མས་དུས་ཚེས་བཟང་པོ་ཞིག་ལ་སྤ་ཕྲུག་གཡོགས་ཏེ་རྟེན་འབྲེལ་བྱེད།དེ་ནས་བཟུང་གཞི་ནས་བུ་མོས་སྐྲ་ཉིས་ལྷས་བྱེད་པ་དང་།སྤང་གདན་འཆིང་།སྤྱིར་བཏང་ལྷ་སའི་བུད་མེད་རྣམས་དབྱར་དུས་སུ་ཞྭ་མོ་མི་གྱོན་ཡང་།ཅུང་ལོ་ན་ཆེ་བ་རྣམས་གླིང་སྐོར་སོགས་ཉི་འོག་ཏུ་འགྲོ་འོང་བྱེད་སྐབས་སྐལ་བཟང་བསིལ་གཡབ་ཅེས་སྨྱུག་མའི་རྩིས་རུས་ཅན་རྒྱུ་ཐེར་མ་དང་གོས་ཆེན་སོགས་གང་རུང་ལ་དཔྲལ་བའི་མདུན་ཕྱོགས་སུ་ཉི་སྒྲིབ་ཏུ་བརྐྱངས་པ་ཞིག་ནི་ཨོག་སྒྲོག་གིས་བཅིངས།དགུན་དུས་སུ་བུ་མོ་ཚོས་ཡང་ཞྭ་ཞེས་ཐེར་མ་སོགས་ཀྱིས་བཟོས་པའི་ཞྭ་མོ་རྒྱབ་མདུན་གཉིས་ལ་ཆུང་བ་རེ་པགས་པའམ་སྤུ་མ་གྲ་རིང་གིས་བརྒྱན་པ་ཞིག་གྱོན།ན་ཚོད་ཅུང་ཆེ་བ་རྣམས་ཀྱི་སྐེད་སྐབས་སུ་སྐེད་པ་ནས་འཕོང་ཚོས་བར་ཕེབས་པའི་པགས་པའམ་བར་ཚངས་ཅན་གྱི་སྐེད་དཀྲིས་དཀྲི།ལྷ་སའི་ཁོང་གཏོགས་ཀྱི་ཉེ་འདབས་ཞིང་ཁུལ་གྱི་བུད་མེད་མང་ཆེ་བའི་ལག་པ་གཡས་པར་དུང་འཁོར་དཀར་པོ་རེ་གྱོན་སྲོལ་ཡོད། ཉེ་རབས་སུ་ལོ་གསར་སོགས་དུས་ཆེན་ཁག་དང་།གཞན་གྱི་ཁྱིམ་དུ་མགྲོན་པོར་འགྲོ་བ།གླིང་ཁ་སོགས་སྤྲོ་སྐྱིད་བཅས་ཀྱི་སྐབས་སུ་བུད་མེད་རྣམས་ཀྱིས་རང་ཉིད་ལྷ་མོ་ལྟ་བུའི་ཡིད་འོང་གི་མཛེས་མ་ཞིག་ཏུ་བརྒྱན་པར་བྱ་རྒྱུར་སྤྲོ་སྣང་ཆེ་བས་རྒྱན་གོས་གཟབ་མཆོར་ལ་དང་འདོད་ཆེན་པོ་བྱེད།སྤྱིར་བཏང་ཡུལ་མི་རྣམས་དང་ཛ་ཐའི་མན་གྱི་ལྕམ་ཆུང་རྣམས་ས་གནས་སྲིད་གཞུང་གི་གཏན་འབེབས་ལྟར་མུ་ཏིག་སྤ་སྲུག་གྱོན་མི་ཆོག་པ་མ་གཏོགས།རང་ཉིད་ཀྱི་འཁོས་བབ་ལ་གཞིགས་ཏེ་ལག་ཏུ་འབྱོར་བའི་རིན་པོ་ཆེ་རིན་ཐང་བྲལ་བ་སྣ་ཚོགས་ཀྱི་རྒྱན་འདོགས།   ལྷ་སའི་བུད་མེད་ཀྱི་རྒྱན་གོས་ཀྱི་དཔེ་མཚོན་དུ་གྱུར་པ་ནི་མཛད་སྟོན་འཕྲུལ་ཆེ་ཁག་ཏུ་རྒྱན་བཟང་མ་ནི་རྒྱ་ཁྲ་རྒྱ་སེའམ་སེའུ་རྒྱ་སྨུག་སོགས་ཀྱི་ཕྱུ་པའི་འོག་ཏུ་གྲུའུ་ཙེ་སྣ་ལྔའི་འོག་འཇུག་གྱོན།ལུས་སྨད་ཀྱི་ཕྱུ་པའི་ཐོག་ཏུ་ཤམ་ཐབས་ནག་པོ་གཉེར་མ་བསྣོལ་སྒྲིག་གི་གོས་དང་།ཕྱུ་པའི་སྟེང་དུ་སྟེང་བརྩེགས་ཞེས་རྒྱ་སེའི་ཕུ་མེད་ཅིག་གྱོན།མུདན་དུ་འཛར་ལྡན་པའི་པང་གདན་བཅིངས།རྐང་ལྷམ་རྟ་སོ་མ་ཞེས་རྩེ་དྲུང་གི་རས་ཟོམ་ལྟ་བུ་ཞིག་གྱོན།མགོ་བོའི་སྐྲ་ནི་མགོ་དཀྱིལ་དུ་རྩེ་གཙུག་ཅེས་སྒོར་མོ་ཞིག་ལྷས།དཔྲལ་བའི་མདུན་གྱི་སྐྲ་རྣམས་སྐྲ་མཚམས་དཀྱིལ་ནས་ཕྱེ་ཞིང་།གཡས་གཡོན་སོ་སོ་ནས་འཐེན་ཏེ་རྣ་བ་གཉིས་ཀ་བཀབ་སྟེ་རྒྱབ་ཕྱོགས་སུ་ཉིས་སྐྲ་ལྷས།སྐྲ་རྩེ་རེ་རེར་སྐྲ་གཞུག་རེ་བཅིངས།ལྕགས་སྒྲོམ་སེམས་ཅན་གྱི་རྭ་ཅོ་འདྲ་བ་ཁུང་བུ་དུ་མ་ཅན་ཞིག་གི་ཐོག་ཏུ་སྲིང་སྐུད་ནག་པོས་སྐྲ་རྫུས༼ལན་ཙེ༽བསྒྲོག་འཚེམ་གྱིས་མགོ་བོར་གྱོན་ཏེ།རྭ་ཅོ་གཡས་གཡོན་གཉིས་ནས་སྐྲ་རྫུས་རྣམས་སྒལ་སྟེང་བར་སིལ་བུར་གློད།དེ་ནས་སྐྲ་ཉིས་ལྷས་ཀྱིས་སྐེད་སྐབས་ཀྱི་མཚམས་སུ་མུ་ཏིག་ཕྲེང་བརྒྱུས་བཅུ་གྲངས་ཤིག་གསེར་གྱི་དྲ་བཀག་གསུམ་གྱིས་སྦྲེལ་ཞིང་གཡུ་བྱུར་གྱི་རྒྱན་སྤྲོས་མཛེས་པར་བྱས་པ།ཁྲི་གོང་ལྷག་ཙམ་ཡོད་པའི་ནོར་བུ་དགའ་འཁྱིལ་གྱིས་སྐྲ་རྫུས་ཀྱི་ལན་བུ་སྦྲེལ།སྐྲ་རྫུན་ཀྱི་སྣེ་མོ་གཉིས་ལ་སྐྲ་གཞུག་རེ་བཅིངས་པ་དེ་ཧ་ལམ་ས་མཐིལ་ལ་མ་རེག་ཙམ་དུ་འཕྱང་འཕྲུལ་དུ་གློད།སྐྲ་རྫུས་ཀྱི་ཐོག་ཏུ་མུ་ཏིག་རྡོག་གྲངས་སྟོང་ཕྲག་དྲུག་བདུན་ཙམ་གྱིས་བཟོས་ཤིང་།བྱི་རུ་རྡོག་ཆེན་བཅུ་བཞི་དང་།བྱི་རུ་གཉིས་རེའི་དབར་དུ་བོད་གཡུ་སྤུས་ལེགས་རེ་མཚམས་འཇུག་བྱས་ནས་སྣེ་མོ་དང་མཚམས་རྣམས་ལ་མཛེས་རྒྱན་སྤྲས་པའི་མུ་ཏིག་སྤ་ཕྲུག་ཟུར་གསུམ་ཞིག་གྱོན།སྤ་ཕྲུག་དཀྱིལ་གྱི་སྟོང་ཆ་ཟུར་གསུམ་དེའི་ཐོག་ཏུ་རྩེ་གཡུ་ཐག་པ་ཞེས་གཙུག་གཡུའི་གཞི་གདན་དུ་གྱུར་པ་མུ་ཏིག་སྐུད་པར་བརྒྱུས་ཏེ་དམ་པོར་སྒྲོག་འཚེམ་བྱས་པ་ཆེ་ཆུང་ལག་མཐིལ་ཙམ་དབུས་སུ་གཙུག་གཡུ་དགར་བ་ཞིག་གིས་བཀབ།རྩེ་གཡུ་ཐག་པའི་ཐོག་ཏུ་མུ་ཏིག་རྡོག་པོ་ཆིག་ཁྲི་ལྔ་སྟོང་ཙམ་གྱིས་བཟོས་པའི་མུ་ཏིག་ཐུག་ཁོག་ཅེས་ཁོག་མ་ཁ་སྦུབ་དང་འདྲ་བ་ཞིག་གྱོན།རྣ་བ་གཉིས་ལ་ཨ་དབྲིལ་འབྲུམ་འཛར་ཞེས་གསེར་གྱི་རྣ་རྒྱན་སྒོར་མོ་ཆེ་ཆུང་ཉིས་སྦྲེལ་སྣེ་མོར་འབྲུམ་འཛར་ཁྲུ་གང་ཙམ་ཞིག་རྣ་བའི་མདུན་དུ་བཏགས་ཤིང་།འབྲུམ་འཛར་རྣམས་བྲང་ཁ་གཡས་གཡོན་གཉིས་སུ་དཔྱངས།ཨ་དབྲིལ་འབྲུམ་འཛར་བརྟན་པོར་རྣ་བ་གཉིས་ཀྱི་མདུན་དུ་གནས་ཕྱིར།འབྲུམ་འཛར་ཡར་འཐེན་ཞེས་མུ་ཏིག་ལྕགས་དབྲིལ་དང་གསེར་གྱི་དྲ་བཀག་གཡུ་གྱི་ཕྲ་རྒྱན་བཅས་ལས་གྲུབ་པ་ཞིག་མཚོག་མའི་ཐོག་ཏུ་བཏང་ནས་སྣེ་གཉིས་སུ་གཡས་གཡོན་གྱི་ཨ་དབྲིལ་འབྲུམ་འཛར་རེ་བསྒྲོགས། སྐེ་ལ་དཀར་ཤལ་དམར་ཤལ་ཞེས་གཡུ་དང་།བྱི་རུ།གཟི་བཅས་སྤེལ་མར་བརྒྱུས་པའི་ལུང་ཐག་གིས་གསེར་སྦྱངས་བརྡུང་གི་གའུ་ཟུར་བརྒྱད་མ་གཡུ་དང་།རྡོ་རྗེ་ཕ་ལམ།རིན་ཆེན་ཕྲ་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲ་ཚོམ་བཏབ་པ་ཞིག་བྲང་ཁའི་དཀྱིལ་ཕྱོགས་སུ་བཏགས།དེ་ནས་གའུ་གསུམ་སྒྲོམ་ཞེས་གོང་གསལ་གའུ་ལས་ཅུང་ཆུང་བའི་གསེར་གྱི་གའུ་གསུམ་མུ་ཏིག་དང་གཟི་བྱུ་རུ་སྤེལ་མར་བརྒྱུས་པའི་ལུང་ཐག་ཏུ་བསྒྲོགས་ཏེ།གའུ་གཉིས་བྲང་ཁའི་གཡས་གཡོན་དང་།དཀྱིལ་གྱི་གའུ་དག་ཧ་ལམ་གྲོད་པའི་སྟེང་དུ་བཏགས་ཤིང་།གའུའི་ཡར་འཐེར་ཞེས་མུ་ཏིག་ཕྲེང་བརྒྱུས་ཉི་ཤུ་ཙམ།རིང་ཐུང་ཁྲུ་གཅིག་ལེབ་བསྒྲིགས་ཀྱིས་དཀྱིལ་དུ་ཡར་འཐེན་མོག་སྒོར་ཞེས་གསེར་གྱི་གའུ་གསེར་ཚགས་ཅན་གཡུ་དང་རིན་ཆེན་ཕྲ་ཡིས་བརྒྱན་པ་དང་།མགོ་མཇུག་གཉིས་ལ་གསེར་གྱི་དྲ་བཀག་རེ་དགར་བ་ཞིག་གིས་གའུ་གསུམ་སྒྲོམ་གྱི་དབུས་ཀྱི་གའུ་ཆེ་བ་དག་དཔུང་པ་གཡོན་དུ་བཏགས་ཏེ།གཡོན་ཕྱོགས་ཀྱི་བྲང་ཁ་ནི་ཡར་འཐེན་གྱིས་མཛེས་པར་བྱས།བྲང་ཁ་གཡས་པར་འཕྲུལ་འཕྲུལ་ཞེས།མུ་ཏིག་དང་།གཟི།མརྒད།ཛུལ་སོགས་སི་ཤན་གྱི་ཐིག་སྐུད་ལ་བརྒྱུས་ཏེ།དབྱིབས་གཟུགས་མཛེས་པར་བསྒྲིགས།འཕྲུལ་འཕྲུལ་ནི་བཟོ་གྲྭའམ་ཡང་ན་ཆེད་ལས་བཟོ་པས་བཅོས་པ་མ་ཡིན་པར།རྒྱན་ཆའི་བདག་པོ་རང་གི་སོར་མོའི་འདུ་བྱེད་ལས་གྲུབ་པ་ཡིན་པས།བདག་པོའི་རྣམ་རིག་དང་ལག་རྩལ་མཚོན་པའི་སྒྱུ་རྩལ་གྱི་དངོས་པོ་ཞིག་ཀྱང་ཡིན།དེར་བརྟེན་ལྷ་སའི་བུད་མེད་རྣམས་ཀྱི་འཕྲུལ་འཕྲུལ་ནི་གཞི་རྩ་གཅིག་མཚུངས་ཡིན་ཡང་།བྱེ་བྲག་ཏུ་བཀོད་པ་འདྲ་མིན་ཐ་དད་དུ་གྱུར་པའི་རྒྱན་ཆ་ཧ་ཅང་མཛེས་པ་ཞིག་སྟེ།སྟེང་བརྩེགས་ལ་སྐེད་རགས་མེད་པས།སྟེང་བརྩེགས་ལུས་ཐོག་ཏུ་དམ་པོར་འཁྲིལ་ཕྱིར་སྐེད་སྐབས་སུ་གསེར་གྱི་སྡིག་རྭ་ཞེས་སྣེ་གཉིས་ལ་གསེར་གྱི་ལྕགས་ཀྱུ་ལྡན་པ་ཞིག་བརྒྱབ།སྡིག་རྭའི་དཀྱིལ་དུ་མེ་ཏོག་ཞལ་ཁ་ཕྱེ་བའི་འདབ་མ་ལྟ་བུའི་དབྱིབས་ལ་གཡུ་བྱུར་གྱི་ཕྲ་ཚོམ་བཏབ་པ་ཞིག་དང་།དེའི་སྣེ་མོ་གཅིག་ནས་མུ་ཏིག་གི་ཕྲེང་བ་གཅིག་དང་སྣེ་མོ་ཁ་ཅིག་ནས་བྱི་རུའི་ཕྲེང་བ་གཅིག་པང་གདན་ཐོག་ཏུ་འཕྱང་འཕྲུལ་དུ་བཏང་ཞིང་།ཕྲེང་བ་གཉིས་ཀྱི་སྣེ་མོ་ཅིག་ཤོས་དག་སྡིག་རྭའི་དཀྱིལ་གྱི་པད་འདབ་ལ་བསྒྲོགས་པས་ཕྲེང་བ་གཉིས་པང་གདན་ཐོག་ཏུ་སྒོར་མོར་དཔྱངས།འབའ་ཁུག་ཁབ་ཤུབས་ཞེས་རྒྱུ་དངུལ་ལ་གསེར་ཚགས་དང་གཡུ་ཡི་ཕྲ་རྒྱན་བཏབ་པ།བཟོ་དབྱིབས་འབའ་ཁུག་དང་ཁབ་ཤུབས་ཀྱི་གཟུགས་ལྟར་མཚོན་བྱེད་ཙམ་དུ་བཅོས་ཤིང་།སྣེ་མོར་འཕྲུལ་འཕྲུལ་གྱིས་བརྒྱན་པ་གཉིས་ལུས་པོའི་གཡས་གཡོན་གྱི་ཟུར་ལྟེབ་དང་ཉེ་བར་སྐེད་རགས་སུ་བསྒྲོགས།ལུས་སྟོད་ཀྱི་སྒལ་པར་གོས་ཆེན་འཇའ་བསྒྲིགས་ཀྱི་གོས་གཟན་པང་གདན་ལྟ་བུ་ཞིག་འཕྲེད་དུ་གྱོན་ནས་སྣེ་མོ་གཉིས་བྲང་ཁར་ཐིག་གུས་བསྒྲོགས།དེ་ལ་འདིང་བ་རིན་ཆེན་སྣ་ལྔ༼གཟན་སྣ་ལྔ༽ཞེས་འབོད། ཉེ་རབས་ཀྱི་སྤྱིར་བཏང་བུད་མེད་དང་ལྷག་དོན་དུ་གཞོན་ནུ་མ་མང་ཆེ་བ་ལ།དེ་ལྟ་བུའི་རྙོག་འཛིང་ཅན་གྱི་རྒྱན་གོས་ནི།རང་གི་དཔལ་འབྱོར་གནས་བབས་དང་།དུས་རབས་འཕེལ་ཕྱོགས་སོགས་དང་འཚམས་པར་མ་གྱུར་པས།ལོ་གསར་དང་གཉེན་སྒྲིག་བཅས་ཀྱི་མཛད་སྒོར་འགའ་རེས་སྤ་ཕྲུག་སོགས་གྱོན་ཏེ་གཟབ་མཆོར་བྱེད་པ་ལས།དུས་སྟོན་དང་སྤྲོ་སྐྱིད་བཅས་ཀྱི་སྐབས་སུ་སྤ་ཕྲུག་མི་གྱོན་པར་ཞྭ་མོ་ཡང་ཞྭ་ཞིག་གྱོན།བྲང་ཁར་གའུ་རྫུས་ཞེས་རྡོ་རྗེ་ཕ་ལམ་དང་ཛུལ་སོགས་རིན་ཐང་ཆེ་བའི་རིན་པོ་ཆེ་ཡིས་ཕྲ་རྒྱན་བཏབ་ཅིང་།བཟོ་དབྱིབས་མེ་ཏོག་དང་ཕྱེ་མ་ལེབ་སོགས་ཤིན་ཏུ་མཛེས་པ་ཅི་རིགས་གའུའི་ཚབ་ཏུ་འདོགས་པར་བྱེད་ལ།གའུ་རྫུས་ཀྱི་འདོགས་ཐག་ལའང་རིན་ཐང་ཆེ་བའི་གཟི་དང་མུ་ཏིག་བཅས་ཀྱིས་མཛེས་པར་བརྒྱན།བྲང་ཁ་གཡོན་མར་འཕྲུལ་འཕྲུལ་ཡིད་དུ་འོང་བ་ཞིག་བཏགས།ཕྱིས་སུ་གསེར་གྱི་རྣ་རྒྱན་དང་ཚིགས་ཁེབས།དེ་བཞིན་གའུ་དང་གའུ་རྫས་ལ་རྡོ་རྗེ་ཕ་ལམ་སོགས་རིན་ཐང་ཆེ་བའི་རིན་པོ་ཆེ་ཡིས་ཕྲ་ཚོམ་རྒྱག་རྒྱུར་དང་ཞེན་ཆེ་བ་སོགས།རྒྱན་ཆ་སྟབས་བདེར་སོང་།  ལྷ་སིའ་བུད་མེད་རྣམས་ཀྱི་སྤ་ཕྲུག་ནི་དེ་སྔ་སྒོར་སྒོར་ཡིན་ཡང་།ཕྱིས་ཟུར་གསུམ་དུ་གྱུར།སྤ་ཕྲུག་གི་ཟུར་གསུམ་པོ་དེ་དག་ཀྱང་རིམ་བཞིན་ཇེ་རྣོར་སོང་སྟེ།མཐར་ཉེ་རབས་ཀྱི་སྤ་ཕྲུག་རྭ་ཅོ་འདྲ་བ་དེར་གྱུར།ཡང་གསེར་གྱི་གའུ་ལ་མཚོན་ན།དེ་སྔའི་གའུ་ནི་ཧ་ཅང་ཆེན་པོ་རང་མེད་ལ་གཟུགས་དབྱིབས་གྲུ་བཞིའམ་སྒོར་སྒོར་ཡིན།རྗེས་སུ་རིག་བཅོས་ཀྱིས་ཟུར་བརྒྱད་དང་ཟུར་དྲུག་སོགས་འདྲ་མིན་བཟོས་པ་མ་ཟད།ཕྱིས་སུ་གའུ་རྫུས་ཞེས་གའུའི་མཚོན་བྱེད་ཙམ་དུ་དབྱིབས་ངེས་མེད་རང་འདོད་ལྟར་གསར་གཏོད་བྱས་པ་བཅས་ཏེ།མདོར་ན་ལྷ་སའི་བུད་མེད་ཀྱི་རྒྱན་ཆ་ནི་བཟོ་དབྱིབས་གཅིག་ལས་གཅིག་མཛེས་པའི་ཕྱོགས་སུ་འཕེལ་རྒྱས་སོང་ཞིང་།རིན་ཐང་ཡང་ཇེ་མཐོར་སོང་སྟེ་ཕྱིས་སུ་འབྱོར་ལྡན་པ་རྣམས་ཀྱི་རྒྱན་ཆ་ཆ་ཚང་གཅིག་ལ་ད་ལྟའི་ཐང་གཞི་བརྩིས་ན་མི་དམངས་ཤོག་སྒོར་ཁྲི་བརྒྱ་ཟིན་པའང་མི་ཉུང་བ་ཞིག་ཡོད་དོ།།


  • ལེ་ཚན་སྔོན་མ།:རོང་བྲག་རྫོང་བྲག་སྟེང་ཡུལ་ཚོའི་རྒྱན་གོས།
  • ལེ་ཚན་རྗེས་མ།:བོད་སྤྱིའི་ཆས་གོས།