གཙང་པ་རྒྱལ་པོའི་དུས་རབས།(1)

ཐུན་བསྟན་ཕུན་ཚོགས།    ཁམས་པའི་ཉིན་རེའི་ཚགས་པར་ལས་དྲངས།    2010-10-14

གཉིས།   གཙང་པ་རྒྱལ་པོའི་སྲིད་གཞུང་གི་སྒྲིག་གཞི་དང༌།  རྩ་ཁྲིམས་སྐོར། 
དེ་ཡང་སྤྱི་ལོ་1618པའི་ས་རྟ་ལོར་ཧོར་སོག་གི་དམག་དཔུང་ཚན་ཆེན་ཞིག་བོད་དུ་ཡོང་ནས་ལྷ་སའི་གཙུག་ལག་ཁང་སོགས་བཟུང༌།  སྐྱིད་ཤོད་ལུང་པ་ལ་གནས་བཅས།   བྱང་ཕྱོགས་ནག་ཆུའི་ཕྱོགས་ཀྱི་སྡེ་ཕལ་ཆེར་བཅོམ་ནས་དམག་གིས་བཟུང༌།  བོད་ཁམས་ཧོར་སོག་གིས་བཟུང་བའི་ཉེན་ཁ་ཉིན་ལྟར་ཇེ་ཆེར་འགྲོ་བའི་སྐབས་དེར།   གཙང་པ་ཕུན་ཚོགས་རྣམ་རྒྱལ་གྱི་སྲས་ཀརྨ་བསྟན་སྐྱོང་དབང་པོས་གཙང་དམག་ཁྲི་ལྷག་ཙམ་ཁྲིད་ནས་དབུས་སུ་སླེབས།  སོག་དམག་ལ་ཕར་རྒོལ་བྱེད་པའི་སྐབས་སུ།   སོག་དམག་གིས་དགེ་ལྡན་པའི་ཆོས་ལུགས་དར་སྤེལ་གཏོང་བའི་ཆེད་དུ་ཡིན་པ་ལ་ཁ་གཡར་ནས་སེར་འབྲས་ཀྱི་གྲྭ་ཚང་རྣམས་ལ་ཁོ་ཚོར་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ་བྱས་མཐར།  སེར་འབྲས་ཀྱི་གྲྭ་དམག་ལངས་ཏེ་སོག་དམག་དང་མཉམ་དུ་གཙང་དམག་ལ་འཐབ་འཛིང་བྱས་ཀྱང་མཐར་གཙང་དམག་རྒྱལ་ཏེ་གཙང་པ་ཕུན་ཚོགས་རྣམ་རྒྱལ་གྱིས་དབུས་གཙང་ཡོངས་ལ་དབང་སྒྱུར་བྱེད་པའི་སྲིད་དབང་བཙུགས།  སྤྱི་ལོ་1620པའི་ལྕགས་སྤྲེལ་ལོར་གཙང་པ་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་འབྲུམ་ནད་ཀྱིས་གྲོངས།  དེའི་སྲས་ཀརྨ་བསྟན་སྐྱོང་དབང་པོ་གཙང་པ་རྒྱལ་པོའི་ཁྲིར་འཁོད།  བོད་ཁམས་ཡོངས་ལ་དབང་སྒྱུར་བྱེད་པའི་སྒྲིག་གཞི་དང་ཁྲིམས་སྲོལ་བཏོད། 
1. སྲིད་འཛིན་གྱི་སྒྲིག་གཞི་ལ།       བོད་ཀྱི་ཆབ་སྲིད་ལ་དབང་སྒྱུར་བྱེད་པའི་སྲིད་འཛིན་ཕོ་བྲང་གི་ལྟེ་བ་གཞིས་ཀ་བསམ་འགྲུབ་རྩེར་གཏན་འབེབས་གནང༌།  ཕོ་བྲང་ཆེན་པོ་འདི་ཉིད་ནས་ཐད་ཀར་བདག་སྐྱོང་གནང་བའི་རྫོང་ཆེན་བཅུ་བཞི་བཙུགས།  དེ་དག་རེ་རེའི་མངའ་འོག་ཏུའང་རྫོང་ཕྲན་མང་པོ་བཙུགས་ནས་དབུས་གཙང་རུ་བཞི།  མདོ་ཁམས་སྒང་དྲུག  ལྷོ་མོན་ཁ་བཞི་སོགས་བཀའ་ཁྲིམས་ཆེན་པོའི་མངའ་འོག་ལས་འདའ་བ་མེད་པར་མཛད།  སྔོན་ཕག་གྲུ་སྡེ་སྲིད་ཀྱི་དུས་མཇུག་ཙམ་ན་བཙུགས་པའི་ས་བཙན་རྫོང་བཙན་གྱི་རིགས་རྣམས་མ་འོངས་པ་ན་དུས་ཟིང་གི་རྒྱུར་འགྲོ་བར་དགོངས་ནས་རྨང་མེད་དུ་བཤིགས།  ལྷག་པར་དུ་མཐའ་མཚམས་སྲུང་སྐྱོབ་ཀྱི་ལས་ཀ་བྱེད་པའི་སྡེ་ཚན་ལ་མི་འགྱུར་པའི་རྫོང་བཞིར་གྲགས་པ།  ཤར་མི་འགྱུར་བ་འོལ་དགའ་སྟག་རྩེ་རྫོང༌།   དྭགས་ཀོང་གི་ཁ་གནོན་དུ་བཙུགས།  ལྷོ་མི་འགྱུར་བ་དོ་བོ་རྫོང༌།   ཀློ་མོན་གྱི་ཁ་གནོན་དུ་བཙུགས།  ནུབ་མི་འགྱུར་པ་རྣམ་རྒྱལ་ལྷ་རྩེ་རྫོང༌།  བལ་པོ་དང་རྒྱ་གར་གྱི་ཁ་གནོན་དུ་བཙུགས།   བྱང་མི་འགྱུར་བ་གསང་སྔགས་བདེ་ཆེན་རྫོང༌།  ཧོར་སོག་གི་ཁ་གནོན་དུ་བཙུགས་པ་བཅས་མཐའ་ཁུལ་བརྟན་སྲུང་དང༌།  དུས་ཟིང་ཞོད་འཇགས་ཀྱི་ལས་ལ་ཐུགས་ཁུར་ཆེན་པོ་གནང༌། 
2.  དམག་དོན་གྱི་སྐོར་ལ།       སྤྱིར་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་འཛིན་སྒྲིག་གཞི་ཞིག་བཙུགས་པ་ནས་བཟུང་དེ་ལ་ཞབས་འདེབས་བྱེད་པའི་དམག་དཔུང་གི་སྒྲིག་འཛུགས་རེ་བྱས་ཡོད་ཀྱང༌།  བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ལ་ཆོས་་སྲིད་ཀྱི་མཛད་པ་གཙོ་བོར་བྱས་ནས་བཀོད་ཡོད་པའི་སྟབས་ཀྱིས།  དམག་དོན་གྱི་སྐོར་ལ་ཕྱོགས་མཚོན་ཙམ་རེ་ལས་འཁོད་མི་འདུགདཔེར་ན།   འགྲོ་མགོན་འཕགས་པའི་སྐབས་སུ་མདོ་སྨད་བརྒྱུད་དུ་ས་མཚམས་སྲུང་བའི་ཆེད་དུ་བོད་དམག་འབོར་ཆེན་འདུས་ཚུལ་མདོ་སྨད་ཆོས་འབྱུང་ན་གསལ་བ་ལྟར་དང༌།  ཕག་གྲུའི་གོང་མ་བྱང་ཆུབ་རྒྱལ་མཚན་གྱིས་གཏན་འབེབས་གནང་བའི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་དང༌།   གཙང་པ་རྒྱལ་པོའི་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་རྣམས་ཀྱི་ནང་དུ་དཔའ་བོ་སྟག་གི་ཞལ་ལྕེ་ཞེས་པ་དེ་དམག་དོན་སྐོར་གྱི་ཁྲིམས་ཡིག་ཞིག་ཡིན་པར་མ་ཟད།  གཙང་པ་རྒྱལ་པོའི་ཁྲིམས་ཡིག་ནང་དུ།  དམག་དཔུང་རྣམས་ལ་གཡས་རུ་གཡོན་རུ་དབུས་རུ་གསུམ་བྱས།  དེ་ལའང་རུ་དཔོན་བརྒྱ་དཔོན་བཅུ་དཔོན་བསྐོས།   ཞེས་སོགས་དང༌།  དམག་འདི་ལ་མེད་དུ་མི་རུང་བའི་མི་བཞི་དགོས་ཏེ།   ན་བ་གསོ་བའི་སྨན་པ།  ལེགས་ཉེས་སྟོན་པའི་མོ་མ།   དགྲ་གྲོགས་བརྩི་བའི་གཡུལ་རྒྱལ།   དགྲ་ལྷ་གསོལ་བའི་ཐུགས་དཀར་དང་བཞིའོ།   །  ཞེས་དང༌།  དོན་དེ་སེམས་ལ་བཟུང་ནས་རང་རང་གི་སྲོག་འཚོ་བའི་རྟ་ཕོ།  མགོ་ཕིབས་ཀྱི་གུར།   སྲོག་ཁེབས་ཀྱི་ཁྲབ།   འཆོར་སྐྱོར་གི་ལུས་ཆས་རྣམས་ལ་ཁྲལ་འཇལ་དུ་མ་སོང་བ་དང་དོད་ཆེ་བར་བྱེད།  ཅེས་སོགས་འབྱུང་བ་ལྟར་ཤེས་པར་བྱའོ།   ། 
  • ལེ་ཚན་སྔོན་མ།:གཙང་པ་རྒྱལ་པོའི་དུས་རབས།
  • ལེ་ཚན་རྗེས་མ།:གཙང་པ་རྒྱལ་པོའི་དུས་རབས།